ས་བདག་འཁྲུག་བཅོས་དབུས་ཕྱོགས།

༄༅། །ས་བདག་འཁྲུག་བཅོས་དབུས་ཕྱོགས་བཞུགས་སོ།།[1]

 

༄༅། །བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འཕགས་པ་གནམ་ས་སྣང་བརྒྱད་ཀྱི་ཆོ་ག་ཞེས་བྱ་བ། འདི་ཡི་དགོས་ཆེད་དུ་རྒྱུ་མཚན་ཅུང་ཟད་བརྗོད་པར་བྱ། ཡུལ་གསར་འཛིན་ནམ། འཕྲིན་ལས་ཆེན་པོ་བསྒྲུབ་བམ། ས་ལས་ཁྱད་པར་ཆེན་པོ་བྱེད་པ་དང་། ཤིང་གཤག་དང་གཅོད་དམ། ལོ་ཏོག་མ་སྐྱེས་སམ། ནད་ཡམས་བྱུང་ངམ། གཤིན་པོའི་དུར་བསྒྲུབ་བམ། ལྟས་ངན་ཆོ་འཕྲུལ་བྱུང་ངམ།

བག་མའི་སྣ་མ་འཕྲོད་དམ། བྱིས་པ་བཙས་བསྲུང་ངམ། ལོའི་རྩུབ་དང་ཟུར་གྱི་རྩུབ་བམ། ཁྱད་པར་ས་རྐོ་དང་རྡོ་སློག་གམ། ས་བདག་ཀླུ་གཉན་འཁྲུག་གམ། དེ་དག་གི་གང་ཡིན་ཀྱང་ཆོ་ག་འདི་བྱའོ།།

བཅོས་ཐབས་ནི་དང་པོར་གནས་དབེན་པར་ལེགས་པར་བྱི་དོར་བྱས་ལ། དཀྱིལ་འཁོར་རམ་གདན་གང་ཡང་རུང་བའི་སྟེང་དུ་མུ་ཁྱུད་གསུམ་བཏབ་ལ། ལྟེ་བའི་མུ་ཁྱུད་ལ་སྨེ་དགུའི་ལིང་ཚེ་བྱ། དེའི་ཕྱིའི་མུ་ཁྱུད་ལ་པདྨ་འདབ་བརྒྱད་བྱ། དེའི་དུས་སུ་རི་རབ་ཀྱི་སྟེང་དུ་སྲིད་པའི་རྒན་རྒོན་གྱི་སྐུ་རྟེན་བཀྲམ། རུས་སྦལ་ཡང་མང་པོ་ལྷོ་རུ་བསྟན་ནས་བཞག །དེའི་མདུན་དུ་པད་སྡོང་། སྨན་སྡོང་། ལྷ་བཤོས། སྨན་གྱི་ཞལ་བུ། བདུད་རྩི་ཞལ་བུ། ཆང་བུ། མཐེབ་ཀྱུ། ཤིང་སྣ། སྨྱུག་མདའ་དར་སྣས་བརྒྱན་ནས་བཞག །སྤར་ཁ་བརྒྱད་པའི་རེའུ་མིག་ལ། ཤར་དུ་ཟླ་གམ་དང་འབྲུ་སྣ། ལྷོར་གྲུ་གསུམ་དང་རིན་ཆེན་སྣ། ནུབ་ཏུ་ཟླུམ་བུ་དང་སྨན་སྣ། བྱང་དུ་གྲུ་བཞི་དང་ཤེལ་ཚིག །རྒྱབ་ཏུ་སྤར་ཁ་བརྒྱད་པའི་ཕྱག་རྒྱ་བཀོད། དེ་རྣམས་ཀྱི་མདུན་དུ་བྲང་རྒྱས། སྨན་གྱི་ཞལ་བུ། བདུད་རྩི་ཞལ་བུ། པད་སྡོང་། ཆང་བུ། མཐེབ་ཀྱུ་རེ་རེ་བཞག །དེའི་ཕྱིའི་མུ་ཁྱུད་ལ་ལོ་སྐོར་བཅུ་གཉིས་ཀྱི་གཟུགས་དང་། སྲོག་ཆགས་སྣ་ཚོགས་ཀྱིས་བསྐོར་བ་ལ་བཞག །ཕྱོགས་བཞིར་དཀར་གསུམ་མངར་གསུམ་གྱིས་བརྒྱན་པའི་གཏོར་མ་རེ་རེ་བཞག །མཐའ་སྐོར་དུ་ཤིང་རྩི་སྣ་ཚོགས་དང་། དར་སྣ་དང་བལ་ཚོན་གྱིས་ཐེབས་སེ་བསྐོར་ལ་བཞག །དེ་ནས་སྙན་པའི་དབྱངས་ཀྱིས་འདི་སྐད་འདོན་པར་བྱ།

ཧཱུཾ། ན་མོ་སངས་རྒྱས་རྐང་གཉིས་གཙོ་སྟེ་བདེན་པའི་མཆོག །ཆོས་ཉིད་ཆགས་སྡང་བྲལ་ཏེ་བདེན་པའི་མཆོག །དགེ་འདུན་མི་ཕྱེད་ཚོགས་པ་བདེན་པའི་མཆོག །བདེན་པའི་མཆོག་ནི་དཀོན་མཆོག་གསུམ་ཡིན་པས། །དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། །དེ་རིང་དཔལ་དང་ལྡན་གྱུར་ཅིག །ཉི་མ་ཐམས་ཅད་དགེ་བ་ཡིན། །རྒྱུ་སྐར་ཐམས་ཅད་བཟང་པོ་ཡིན། །སངས་རྒྱས་ཐམས་ཅད་རྫུ་འཕྲུལ་ཆེ། །དགྲ་བཅོམ་ཐམས་ཅད་ཟག་པ་ཟད། །བདེན་པའི་དེ་དང་དེ་དག་གིས། །བདག་དང་རྒྱུན་སྦྱོར་ཡོན་བདག་གིས། །བཅོས་པའི་ཆོ་ག་ལེགས་གྲུབ་ཤོག །

ཀྱཻ། རི་རབ་གླིང་བཞིའི་དཀྱིལ་འཁོར་ནས། །གནས་པའི་ས་བདག་འཁོར་བཅས་དང་། །གདུག་པའི་ཀླུ་རྒྱལ་འཁོར་བཅས་དང་། །གདུག་པའི་གཉན་རིགས་འཁོར་བཅས་དང་། །རྒྱུ་བའི་གཟའ་དང་རྒྱུ་སྐར་དང་། །སྲིད་པའི་ལོ་སྐོར་བཅུ་གཉིས་དང་། །སྤར་ཁ་བརྒྱད་ཀྱི་མངའ་བདག་དང་། །དུས་ཁམས་ནག་གི་བདག་པོ་དང་། །ཟླ་བ་བློན་པོ་གྲངས་འཛིན་དང་། །དུས་ཚོད་མཚོན་ཆའི་དམག་མི་དང་། །འབྱུང་བ་ལྔ་ཡི་བདག་པོ་དང་། །ཕྱོགས་ན་འདུག་ན་བསྐོས་པ་དང་། །ཕྱོགས་ན་རྒྱུ་དང་དུས་ཚོད་རྒྱུ། །ཕྱོགས་ན་བསྐོས་དང་དུས་ཚོད་བསྐོས། །བདག་ཏུ་བཟུང་དང་དུས་ཚོད་བཟུང་། །ཕྱི་ནས་བཟུང་དང་ནང་ནས་བཟུང་། །སྣང་ཞིང་སྲིད་པའི་ས་བསྐོས་པས། །དྲེགས་ཅིང་མཐུ་ཆེན་རྩལ་དྲག་པས། །ཁ་དོག་ལྡན་ཞིང་འོད་དང་ལྡན། །གཟི་བརྗིད་ལྡན་ཞིང་ནུས་པ་ལྡན། །ཡིད་མྱུར་བརྟན་ཅིང་གཟུགས་ཕྱུག་དྲག །དྲན་པ་གསལ་ཞིང་ཚོར་བ་རྣོ། །གསེར་རི་ལྕགས་རི་ཤེལ་གྱི་རི། །གངས་ཀྱི་རི་བོ་ཐམས་ཅད་དང་། །གཡས་བྲལ་གནས་དང་སྤང་ལྗོངས་དང་། །མཚོ་དང་ཆུ་མིག་གད་རལ་དང་། །བྲག་ཕུག་གངས་ཕུག་ས་ཕུག་དང་། །བྱད་ཁང་ཁང་ཆེན་ཚོང་དུས་དང་། །ལམ་སྲང་བཞི་མདོ་གྲོང་ཁྱེར་དང་། །འབྲོག་ལྷས་ཤིང་གཅིག་དུར་ཁྲོད་དང་། །དབེན་གནས་འབྲུབ་ཁུང་ཞིག་རལ་དང་། །དཀྱིལ་འཁོར་ལྷ་ཁང་མཆོད་རྟེན་ལ། །གནས་པའི་ས་བདག་ཀླུ་གཉན་དང་། །གཟའ་དང་རྒྱུ་སྐར་ཐམས་ཅད་དང་། །འབྱུང་བ་ལྔ་ཡི་བདག་པོ་དང་། །ཡུལ་ལྷ་སྨན་བཙུན་ཐམས་ཅད་དང་། །སྲིད་པའི་རྩིས་མཁན་མང་བདག་དང་། །རྒྱལ་བློན་ཡོན་འཁོར་བཅས་པ་རྣམས། །བཙུན་མོ་སྲས་དང་ཕོ་ཉའི་ཚོགས། །དམག་མི་དཔུང་དང་སྟོབས་རྣམས་དང་། །ལོ་དང་ཟླ་བ་ཉིན་མཚན་དུས། །ཕྱོགས་འདུག་ཕྱོགས་ལ་དབང་བ་དང་། །རྒྱུ་ཞིང་འགྲོ་བར་དབང་བ་ཡིན། །མངའ་བདག་དྲེགས་པ་ཁྱེད་རྣམས་ཀྱིས། །སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ། །ཁས་བླངས་དམ་བཅས་ཇི་བཞིན་དུ། །བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །དགའ་ཞིང་དང་བའི་སེམས་ཀྱིས་ནི། །མཆོད་པའི་གནས་འདིར་སྤྱན་འདྲེན་ན། །མ་ཐོགས་མྱུར་དུ་གཤེགས་སུ་གསོལ། །དགའ་ཞིང་གུས་པའི་སེམས་ཀྱིས་བྱོན། །བརྩེ་ཞིང་གདུང་བའི་སེམས་ཀྱིས་བྱོན། །གདུང་ཞིང་དང་བའི་སེམས་ཀྱིས་བྱོན། །བྱམས་དང་སྙིང་བརྩེའི་སེམས་ཀྱིས་བྱོན། །མཆོད་སྦྱིན་བླངས་པའི་སེམས་ཀྱིས་བྱོན། །ཕྱག་རྒྱའི་གདན་ལ་བཞུགས་སུ་གསོལ། །ཛཿཧཱུཾཿབཾ་ཧོཿ ས་མ་ཡ་སྟཾཿ གཟའ་དང་རྒྱུ་སྐར་ཐམས་ཅད་དང་། །ས་བདག་ཀླུ་གཉན་ཐམས་ཅད་། །འབྱུང་བ་ལྔ་ཡི་བདག་པོ་དང་། །ཡུལ་ལྷ་སྨན་བཙུན་ཐམས་ཅད་དང་། །ལོ་ཟླ་ཞག་དང་རྩིས་སྟོང་འཛིན། །དྲང་སྲོང་འཁོར་བཅས་ཁྱེད་རྣམས་ལ། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་འདི། །སྔོན་ཆད་མི་ཤེས་མ་རིག་པས། །ཤིང་གཉན་བཅད་དང་རྩ་གཉན་བྲེག །ཆུ་གཉན་བཅུས་སམ་མཚོ་གཉན་བརྒལ། །བྲག་གཉན་བཤིག་གམ་རྡོ་གཉན་ཕུད། །རི་གཉན་བཤུས་སམ་ལམ་གཉན་བསྒྱུར། །ས་གཉན་བརྐོས་སམ་ནགས་གཉན་དྲས། །དུང་རི་དཀར་ཧོ་ཀུས་བཏབ་དང་། །རི་དྭགས་སྣ་ཚོགས་ཆོ་དགུ་བརྡོན། །གཉན་གྱི་བྱ་རྒྱལ་ཁུ་བྱུག་ལ། །ཞེ་སྡང་དབང་གི་རྡོ་འཕངས་སོ། །གཉན་གྱི་རྡོ་ནི་མཁར་གོང་ལ། །མནའ་ཡི་རྡོ་བ་བྱས་པའམ། །ཐོད་རྒལ་དམུ་འཐོམ་ཅི་བགྱིས་ཀྱང་། །ཁྱེད་ལ་ཕྱག་འཚལ་ཞུ་བ་འབུལ། །ངན་སྦྱོར་གདུག་རྩུབ་ཞི་བར་མཛོད། །ཐུགས་དང་འགལ་བ་བཟོད་པར་གསོལ། །ཅེས་བརྗོད་ལ་ཡོན་བདག་གིས་ཡོ་བྱད་རྣམས་བཤམས་པ་ནི། རིན་ཆེན་སྣ། སྨན་སྣ། ཤེལ་ཚིག་དང་། དཀར་གསུམ་མངར་གསུམ་རྣམས་ཀྱིས་བཤམས་བྱས་ལ། མདོས་རྫས་དང་གཏོར་མ་རྣམས་ཀྱིས་བྱིན་གྱིས་བརླབས་པ་ནི། ཨོཾ་སྭབྷ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། གནམ་ས་སྣང་ལ་གནས་པའི་ལྷ་ཀླུ་གཞི་བདག་གཟའ་དང་རྒྱུ་སྐར་སྤར་ཁ་སྨེ་བ་ལོ་སྐོར་བཅུ་གཉིས་ལ་སོགས་པས་བདག་སྲིད་པའི་མགྲོན་འཁོར་དང་བཅས་པ་རྣམས་ཀྱི་མཉེས་ཤིང་ཚིམ་པར་བྱེད་པའི་མདོས་རྫས་གནམ་ས་བར་སྣང་གི་ཁྱོན་ཐམས་ཅད་བསམ་གྱིས་མི་ཁྱབ་པས་གང་བར་གྱུར། །ཨོཾ་སརྦ་བིད་པཱུར་x ལན་གསུམ་བརྗོད། སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་ནས་བདེན་བརྗོད། ཧཱུཾ། ནམ་མཁའ་བར་སྣང་ས་གཞི་དང་། །རི་རབ་ཆེན་པོའི་སྟེང་ཤོད་དང་། །འཛམ་བུ་གླིང་གི་དབུས་མཐའ་ནས། །གསེར་གྱི་རི་བདུན་རོལ་མཚོ་གཉིས། །ཕྱི་ཡི་རྒྱ་མཚོ་ཆེན་པོ་དང་། །སྲིད་པའི་སྐམ་དང་གཤེར་གནས་དང་། །གཟའ་དང་རྒྱུ་སྐར་ཐམས་ཅད་དང་། །ས་བདག་ཀླུ་གཉན་ཐམས་ཅད་དང་། །རྒྱལ་བློན་སྲས་དང་བཙུན་མོ་དང་། །ཕོ་ཉ་འཁོར་གཡོག་བཅས་པ་དང་། །དམག་མི་དཔུང་དང་ཐབས་ཅིག་ལ། །སྦྱིན་བདག་རྣམས་ཀྱིས་གོང་རྫས་གཏོར་དུ་བཙུག་ལ་ཀུན་ཕྱག་འཚལ་ནས། བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །བཅོས་ཡོན་དམ་པ་འབུལ་བ་ནི། །ལྷ་བཤོས་དམ་པའི་ཞལ་དཀར་དང་། །བདུད་རྩི་སྨན་གྱི་ཞལ་བུ་དང་། །པད་སྡོང་དམ་པའི་ཞལ་ཟས་དང་། །ཆང་བུ་མཐེབ་ཀྱུ་བཅས་པ་དང་། །རིན་ཆེན་སྣ་ཚོགས་འབྲུ་སྣ་ཚོགས། །སྨན་སྣ་ཚོགས་དང་ཤེལ་ཚིག་དང་། །སྙུག་མདའ་དར་སྣས་བརྒྱན་པ་དང་། །ཤིང་རྩི་བལ་སྣས་བརྒྱན་པ་དང་། །འདོད་པའི་གཟུགས་འགྲོས་སྣ་ཚོགས་དང་། །ཤོག་ཤོག་དོང་ཙེ་སྟོང་ཕྲེང་དང་། །ལན་ཆགས་གླུད་ཀྱི་ངར་མི་དང་། །ཤེལ་ཚིག་ཁྲི་དཀར་སྟོང་ནག་འདིས། །ས་བདག་དབང་ཆེན་འཁོར་བཅས་ལ། །དཀར་པོ་གཡང་མོ་ལུག་བརྒྱར་འབུལ། །ནག་པོ་འདོད་འཇོ་འབྲི་བརྒྱར་འབུལ། །ཁམ་པ་བགྱིང་བདག་གཡག་བརྒྱར་འབུལ། །ཁྲ་བོ་ཀྱུ་རུ་རྟ་བརྒྱར་འབུལ། །ཞུ་མོར་ར་མ་འབུམ་སྟོང་འབུལ། །འཁོར་དང་བཅས་པ་ཁྱེད་རྣམས་ལ། །མཐུན་པར་བཅོས་ཤིང་ཞུ་བ་འབུལ། །དང་པོ་འདུས་དང་ཚོགས་པ་དང་། །གཟུང་བ་དང་ནི་བཅས་པ་དང་། །ཁྲོམ་དུ་བྱུང་དང་མགྲོན་ལམ་དང་། །གཉེན་དང་བག་མའི་སྣ་བསུས་དང་། །འཕྲིན་ལས་དྲག་པོའི་དམག་འདྲེན་དང་། །བུ་བཙས་བསྲུང་ཞིང་སོ་བ་དང་། །གདན་ཆུང་ཟམ་སྣ་ཐུག་པ་དང་། །ལོ་བཀག་བདུན་ཟུར་བྱུང་བ་དང་། །མོ་རྩིས་དཀྲུགས་པའི་བསྟན་པ་དང་། །ཤི་ཀླུང་ངན་དང་དུར་ཉེས་དང་། །ཤི་ཉེས་མཚུན་རུས་སྦ་ཉེས་དང་། །སོ་ནམ་ཤིང་བཅད་རྡོ་སློག་དང་། །བང་མཛོད་ར་བ་བརྩིགས་ཉེས་དང་། །ཁྱི་ཕུབ་སྒོ་གཏོད་སྐར་ཁུང་གསལ། །ཁྲོན་པ་རྐོ་དང་ཐབ་འཛུགས་དང་། །བཏུན་དང་རང་ཐག་འཛུགས་པ་དང་། །ས་རྡོ་རྨོ་མཐོང་དྲག་ཤུལ་གྱིས། །རོ་ལམ་དྲངས་སར་འགྲམས་པ་དང་། །དགུ་མིག་དུར་མིག་ངན་པ་དང་། །མཚམས་ཀྱི་གཤེད་བཞི་འགྲམས་པ་དང་། །མིག་དང་སྙིང་འགྲམ་ཁོག་འགྲམས་དང་། །དུས་ཚོད་འགྲམས་ལ་སོགས་པ་དང་། །གཟའ་དང་རྒྱུ་སྐར་ཐམས་ཅད་དང་། །ས་བདག་ཀླུ་གཉན་ཐམས་ཅད་དང་། །ཕྱོགས་ཀྱི་སྤར་ཁ་བརྒྱད་པོ་དང་། །སྲིད་པའི་ལོ་སྐོར་བཅུ་གཉིས་དང་། །འབྱུང་བ་ལྔ་ཡི་མངའ་བདག་དང་། །ལོ་ཟླ་ཞག་དུས་མངའ་བདག་དང་། །ཕྱོགས་མཚམས་དུས་ཚོད་འཛིན་པ་དང་། །དུས་ཚོད་ངན་ལ་ལས་བསྒྲུབས་པ། །ཐུགས་དང་འགལ་བ་ཅི་མཆིས་པ། །ད་ནི་རྩི་དང་སྨན་གྱིས་བཅོས། །ཐམས་ཅད་མཉེས་ཤིང་ཞི་བར་མཛོད། །མཐུན་པའི་སྡོང་གྲོགས་མཛད་དུ་གསོལ། །ཡོན་བདག་རྣམས་ཀྱི་རྒྱབ་རྟེན་མཛོད། །བདེ་ལེགས་འབྱུང་བའི་འཕྲིན་ལས་མཛོད། །རུ་ང་ཕྲག་དོག་མ་མཛད་ཅིག །གདོན་གྱི་རྒྱབ་རྟེན་མ་བྱེད་ཅིག །ངན་སྦྱོར་གདུག་རྩུབ་ཞི་བར་མཛོད། །ཀུན་ཀྱང་བྱང་ཆུབ་སེམས་ལྡན་མཛོད། །ཞི་བ་ཤཱིནྟཾ་ཀུ་རུ་ཡེ་སྭཱཧཱ།།

ཀྱཻ། སྐྱོང་བྱེད་ཆེན་པོ་བཟོ་བོའི་རྒྱལ། །བི་ཤྭ་ཀརྨ་སྲིད་པའི་ཐིག །ལག་ཡུག་སྟོབས་ཆེན་གར་གྱི་རྒྱལ། །སྲིད་པའི་རྣོ་མཚོན་ངར་ཡང་ཚར། །འཚོ་བྱེད་གཞོན་ནུ་སྨན་གྱི་རྒྱལ། །འགྲོ་བའི་ནད་སེལ་སྲོག་འཚོ་ཞིང་། །དྲང་སྲོང་ཆེན་པོ་ཁྱེད་རྣམས་ལ། །x

ཀྱཻ། དྲི་ཟའི་རྒྱལ་པོ་ཡུལ་འཁོར་སྲུང་། །གྲུལ་བུམ་རྒྱལ་པོ་འཕགས་སྐྱེས་པོ། །ཀླུ་ཡི་རྒྱལ་པོ་སྤྱན་མི་བཟང་། །གནོད་སྦྱིན་རྒྱལ་པོ་རྣམ་ཐོས་སྲས། །སྟེང་གི་ཉི་མ་ཟླ་བ་དང་། །ཤར་ཕྱོགས་དྲི་ཟ་འཁོར་བཅས་དང་། །ཤར་ལྷོ་མཚམས་ཀྱི་མེ་ལྷ་དང་། །ལྷོ་ཕྱོགས་གཤིན་རྗེ་འཁོར་བཅས་དང་། །ལྷོ་ནུབ་མཚམས་ཀྱི་སྲིན་པོ་དང་། །ནུབ་ཕྱོགས་ཆུ་ལྷ་འཁོར་བཅས་དང་། །ནུབ་བྱང་མཚམས་ཀྱི་རླུང་ལྷ་དང་། །བྱང་ཕྱོགས་གནོད་སྦྱིན་འཁོར་བཅས་དང་། །བྱང་ཤར་མཚམས་ཀྱི་དབང་ལྡན་དང་། །འོག་གི་ས་བདག་ས་སྲིན་དང་། །ལྷ་ཆེན་ནནྟི་ཀརྟི་དང་། །ཚངས་པ་དང་ནི་བརྒྱ་བྱིན་དང་། །ལྷ་ཆེན་བྷིཥྞ་ར་ཙ་དང་། །མཧཱ་དེ་ཝ་ཁྱབ་འཇུག་དང་། །བྷྲིང་གི་རི་ཏི་ཀར་ཏི་ཀ །སུམ་ཅུ་རྩ་གསུམ་ལྷ་རྣམས་དང་། །འཐབ་བྲལ་དང་ནི་དགའ་ལྡན་དང་། །འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་དང་། །གཟུགས་ཁམས་བཅུ་བདུན་ལྷ་རྣམས་དང་། །གཟུགས་མེད་སྐྱེ་མཆེད་མུ་བཞི་ལྷ། །ལྷ་ཆེན་འཁོར་བཅས་དེ་དག་ལ། །x

ཀྱཻ། གཞན་ཡང་ཀླུ་ཡི་རྒྱལ་པོ་ནི། །རྒྱལ་རིགས་རྗེ་རིགས་བྲམ་ཟེའི་རིགས། །དམངས་རིགས་གདུག་པ་ཅན་གྱི་རིགས། །ཤཪ་ཕྱོགས་ཀླུ་རྒྱལ་མཐའ་ཡས་ནི། །སྐུ་མདོག་དཀར་ལ་སྐྱོན་མ་གོས། །ཕྱག་མཚན་རིན་ཆེན་འབར་བ་བསྣམས། །ལྷོ་ཕྱོགས་ཀླུ་རྒྱལ་འཇོག་པོ་ནི། །སྐུ་མདོག་སེར་པོ་འོད་དང་ལྡན། །ཕྱག་ན་མེ་ཏོག་པདྨ་བསྣམས། །ནུབ་ཕྱོགས་ཀླུ་རྒྱལ་སྟོབས་རྒྱུ་ནི། །སྐུ་མདོག་དམར་པོ་འོད་དང་ལྡན། །ཕྱག་མཚན་ཕྱག་ན་སྤྲིན་དཔུང་བསྣམས། །བྱང་ཕྱོགས་ཀླུ་རྒྱལ་རིགས་ལྡན་ནི། །སྐུ་མདོག་ལྗང་གུ་འོད་དང་ལྡན། །ཕྱག་ན་རིན་ཆེན་སྡོང་བུ་བསྣམས། །ཤཪ་ལྷོ་ཀླུ་ཆེན་ནོར་རྒྱས་ནི། །སྐུ་མདོག་དཀར་སྔོ་འོད་དང་ལྡན། །ཕྱག་མཚན་ཕྱག་ན་པདྨ་བསྣམས། །ལྷོ་ནུབ་ཀླུ་ཆེན་དུང་སྐྱོང་ནི། །སྐུ་མདོག་དམར་ལྗང་འོད་དང་ལྡན། །ཕྱག་ན་པདྨ་དཔུང་དུང་བསྣམས། །ནུབ་བྱང་ཀླུ་ཆེན་པདྨ་ནི། །སྐུ་མདོག་ལྗང་སེར་འོད་དང་ལྡན། །ཕྱག་མཚན་ཕྱག་ན་པདྨ་བསྣམས། །བྱང་ཤར་ཀླུ་ཆེན་ཝ་རུ་ན། །སྐུ་མདོག་དམར་སེར་འོད་དང་ལྡན། །ཕྱག་མཚན་ཕྱག་ན་བཞགས་པ་བསྣམས། །གཞན་ཡང་ཀླུ་ཡི་རྒྱལ་པོ་དང་། །མདོངས་བུ་དང་ནི་གཙུག་ཕུད་ཅན། །གདེངས་ཀ་ཅན་ལ་སོགས་པ་ཡི། །ཁ་བརྒྱ་མིག་སྟོང་ཀླུ་རྣམས་དང་། །རྐང་ལག་མང་པོའི་ཀླུ་རྣམས་དང་། །རིགས་བཞི་ཀླུ་ཡི་རྒྱལ་པོ་དང་། །ཁམས་གསུམ་སྲིད་པ་གསུམ་གྱི་ཀླུ། །གཞན་ཡང་ཀླུ་ཆེན་དགའ་བོ་དང་། །ཉེར་དགའ་བོ་ལ་སོགས་པ་དང་། །ཀླུ་ཆེན་འཁོར་བཅས་ཁྱེད་རྣམས་ལ། །x

ཀྱཻ། གཞན་ཡང་གཉན་རྣམས་བཅོས་པ་ནི། །གནམ་གྱི་ཐོག་ནི་གྲུ་བཞི་ནི། །གནམ་གཉན་གཡུ་འབྲུག་སྔོན་པོ་ལ། །གསེར་གྱི་ཟེ་བ་སེར་པོ་ཅན། །ས་གཉན་གསེར་སྦལ་སྔོན་པོ་ལ། །གཡུ་ཡི་ཚོམ་བུ་སྔོན་པོ་ཅན། །གངས་གཉན་སེངྒེ་དཀར་མོ་ལ། །གཡུ་ཡི་རལ་པ་སྔོན་པོ་ཅན། །མཚོ་གཉན་དུང་གི་ལྕོང་མོ་ལ། །མཆོང་གི་འདབ་མ་སྨུག་པོ་ཅན། །བྲག་གཉན་གསེར་སྦལ་སེར་པོ་ལ། །དུང་གི་འདབ་མ་དཀར་པོ་ཅན། །དུང་གི་ཐོར་ཚུགས་རལ་དཀར་ཅན། །གསེར་གཉན་དྲ་མ་ལ་སོགས་དང་། །ཤིང་གཉན་དེ་ནི་བྱ་བཟང་ལ། །གཟི་བརྗིད་ཆེན་པོའི་འོད་ཟེར་ཅན། །གཉན་ཆེན་དེ་ནི་སྡེ་བཞི་དང་། །གཞན་ཡང་ཆུ་གཉན་ཤིང་གཉན་དང་། །རྡོ་གཉན་དང་ནི་བྲག་གཉན་དང་། །རི་གཉན་དང་ནི་གངས་གཉན་དང་། །ས་གཉན་དང་ནི་ན་གཞན་དང་། །ལམ་གཉན་དང་ནི་ལུང་གཉན་དང་། །ཕུ་གཉན་དང་ནི་མདའ་གཉན་དང་། །ཉིན་གཉན་དང་ནི་སྲིབ་གཉན་དང་། །ལམ་གྱི་གཉན་ལ་སོགས་པ་ལ། །x

ཀྱཻ། གཞན་ཡང་ནོར་སྲུང་བཅོས་པ་ནི། །གནོད་སྦྱིན་མཎི་བྷ་དྲ་དང་། །པཱུརྞ་དེ་ནི་བྷ་དྲ་དང་། །པི་ཙི་ཀུནྡྲ་ལི་དང་ནི། །པཉྩི་ཀ་དང་ཀུ་བེ་ར། །གནོད་སྦྱིན་ལི་མི་ལི་དང་། །གནོད་སྦྱིན་མུ་ཀ་ར་ཙ་དང་། །དཔལ་ལྡན་ཨཱརྱ་ཛམ་བྷ་ལ། །ལྷ་མོ་དེ་ནི་ནོར་རྒྱུན་མ། །འབྲོག་ནས་མཆོད་པ་འདི་བཞེས་ལ། །x

ཀྱཻ། གཟའ་ཆེན་འཁོར་བཅས་བཅོས་པ་ནི། །དྲང་སྲོང་ཆེན་པོ་ཉི་མ་ནི། །སྐུ་མདོག་སེར་པོ་འོད་ཟེར་འབར། །ཕྱག་མཚན་ཕྱག་ན་པདྨ་བསྣམས། །དྲང་སྲོང་ཆེན་པོ་ཟླ་བ་ནི། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཕྱག་མཚན་མེ་ཏོག་ཀུ་མུ་ད། །དྲང་སྲོང་ཆེན་པོ་མིག་དམར་ནི། །སྐུ་མདོག་དམར་ལ་འོད་ཟེར་འབར། །ཕྱག་མཚན་ཕྱག་ན་སྒྲོན་མེ་བསྣམས། །དྲང་སྲོང་ཆེན་པོ་ལྷག་པ་ནི། །སྐུ་མདོག་མཐིང་ནག་འོད་ཟེར་འབར། །ཕྱག་མཚན་ཕྱག་ན་པོ་ཏི་བསྣམས། །དྲང་སྲོང་ཆེན་པོ་ཕུར་བུ་ནི། །སྐུ་མདོག་སྐྱ་བོ་འོད་ཟེར་འབར། །ཕྱག་མཚན་ཕྱག་ན་པུ་ཏི་བསྣམས། །དྲང་སྲོང་ཆེན་པོ་པ་སངས་ནི། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཕྱག་ན་པདྨ་དཀར་པོ་བསྣམས། །དྲང་སྲོང་ཆེན་པོ་སྤེན་པ་ནི། །སྐུ་མདོག་དམར་ལ་འོད་ཟེར་འབར། །ཕྱག་མཚན་ཕྱག་ན་བེ་ཅོན་བསྣམས། །དྲང་སྲོང་ཆེན་པོ་སྒྲ་གཅན་འཛིན། །སྐུ་མདོག་དུད་ཁ་འོད་ཟེར་འབར། །ཕྱག་མཚན་ཕྱག་ན་བདུད་རྩི་བསྣམས། །དྲང་སྲོང་ཆེན་པོ་ཁྱབ་འཇུག་ནི། །སྐུ་མདོག་དུད་ཁ་འོད་ཟེར་འབར། །ཕྱག་མཚན་རྭ་ཡི་མདའ་གཞུ་བསྣམས། །དྲང་སྲོང་ཆེན་པོ་ཁྱེད་རྣམས་ལ། །x

ཀྱཻ། རྒྱུ་སྐར་ཐམས་ཅད་བཅོས་པ་ནི། །ཤར་ཕྱོགས་ཤིང་གི་སྐད་མ་བདུན། །རྒྱུ་སྐར་རྒྱལ་པོ་སྨིན་དྲུག་ནི། །སྐུ་མདོག་སེར་ལ་འོད་ཟེར་འབར། །གདན་མཆོག་གསུམ་པའི་གདན་ལ་བཞུགས། །ཕྱག་མཚན་ཕྱག་ན་མདུང་ཐུང་བསྣམས། །རྒྱུ་སྐར་རྒྱལ་པོ་སྣར་མ་ནི། །སྐུ་མདོག་སྔོ་ལ་འོད་ཟེར་འབར། །ཁྱུང་མཆོག་དག་གི་གདན་ལ་བཞུགས། །ཕྱག་ན་ནོར་བུ་འབར་བ་བསྣམས། །རྒྱུ་སྐར་རྒྱལ་པོ་མགོ་བོ་ནི། །སྐུ་མདོག་སེར་ལ་འོད་ཟེར་འབར། །གདན་མཆོག་ཤ་བའི་གདན་ལ་བཞུགས། །ཕྱག་མཚན་ཕྱག་ན་པདྨ་བསྣམས། །རྒྱུ་སྐར་རྒྱལ་པོ་ལག་པ་ནི། །སྐུ་མདོག་སེར་ལ་འོད་ཟེར་འབར། །གདན་མཆོག་སྦྲུལ་གྱི་གདན་ལ་བཞུགས། །ཕྱག་མཚན་ཏྲི་ཤུལ་རྩེ་གསུམ་བསྣམས། །རྒྱུ་སྐར་རྒྱལ་པོ་ནབས་སོ་ནི། །སྐུ་མདོག་སེར་ལ་འོད་ཟེར་འབར། །གདན་མཆོག་པདྨའི་གདན་ལ་བཞུགས། །ཕྱག་མཚན་ཕྱག་ན་ཨུཏྤལ་བསྣམས། །རྒྱུ་སྐར་རྒྱལ་པོ་རྒྱལ་སྨད་ནི། །སྐུ་མདོག་དཀར་ལ་འོད་ཟེར་འབར། །གདན་མཆོག་ཏ་ལའི་གདན་ལ་བཞུགས། །ཕྱག་ན་བགྲང་ཕྲེང་བུམ་པ་བསྣམས། །རྒྱུ་སྐར་རྒྱལ་པོ་སྐག་སྐར་ནི། །སྐུ་མདོག་ལྗང་ལ་འོད་ཟེར་འབར། །གདན་མཆོག་བྱ་རོག་གདན་ལ་བཞུགས། །ཕྱག་ན་སྙན་ཆག་དུབ་བུ་བསྣམས། །

ལྷོ་ཕྱོགས་མེ་ཡི་སྐར་མ་བདུན། །རྒྱུ་སྐར་རྒྱལ་པོ་རྟ་ཅན་ནི། །སྐུ་མདོག་ལྗང་ཁུ་འོད་ཟེར་འབར། །གདན་མཆོག་མ་ཧེའི་གདན་ལ་བཞུགས། །ཕྱག་ན་པདྨ་རྡོ་རྗེ་བསྣམས། །རྒྱུ་སྐར་རྒྱལ་པོ་གྲེ་མཆུ་ནི། །སྐུ་མདོག་ལྗང་ནག་འོད་ཟེར་འབར། །གདན་མོག་སེངྒེའི་གདན་ལ་བཞུགས། །ཕྱག་ན་རིན་ཆེན་མེ་ཏོག་བསྣམས། །རྒྱུ་སྐར་རྒྱལ་པོ་བྱ་ཁྲ་སྦོ། །སྐུ་མདོག་སེར་ལ་འོད་ཟེར་འབར། །གདན་མཆོག་སེངྒེའི་གདན་ལ་བཞུགས། །ཕྱག་ན་རིན་ཆེན་མེ་ཏོག་བསྣམས། །རྒྱུ་སྐར་རྒྱལ་པོ་མེ་བཞི་ནི། །སྐུ་མདོག་སེར་ལ་འོད་ཟེར་འབར། །གདན་མཆོག་སེངྒེའི་གདན་ལ་བཞུགས། །ཕྱག་མཚན་ཕྱག་ན་པདྨ་བསྣམས། །རྒྱུ་སྐར་རྒྱལ་པོ་ནག་པ་ནི། །སྐུ་མདོག་ལྗང་ལ་འོད་ཟེར་འབར། །གདན་མཆོག་རྨ་བྱའི་གདན་ལ་བཞུགས། །ཕྱག་ན་པདྨ་ལྡེམ་བུ་བསྣམས། །རྒྱུ་སྐར་རྒྱལ་པོ་ས་རི་ནི། །སྐུ་མདོག་དམར་ལ་འོད་ཟེར་འབར། །གདན་མཆོག་རྨ་བྱའི་གདན་ལ་བཞུགས། །ཕྱག་གཉིས་མཁའ་ལ་འཕྱག་མོ་ཉུག །རྒྱུ་སྐར་རྒྱལ་པོ་ས་ག་ནི། །སྐུ་མདོག་སེར་ལ་འོད་ཟེར་འབར། །གདན་མཆོག་རྟ་ཡི་གདན་ལ་བཞུགས། །ཕྱག་མཚན་བགྲང་ཕྲེང་གླེགས་བམ་བསྣམས། །

ནུབ་ཕྱོགས་ལྕགས་ཀྱི་སྐར་མ་བདུན། །རྒྱུ་སྐར་རྒྱལ་པོ་ལྷ་མཚམས་ནི། །སྐུ་མདོག་སེར་ལ་འོད་ཟེར་འབར། །གདན་མཆོད་བྱ་ཡི་གདན་ལ་བཞུགས། །ཕྱག་མཚན་ཕྱག་ན་བུམ་པ་བསྣམས། །རྒྱུ་སྐར་རྒྱལ་པོ་ལྡེ་གུ་ནི། །སྐུ་མཆོག་ལྗང་ལ་འོད་ཟེར་འབར། །གདན་མཆོག་རུས་སྦལ་གདན་ལ་བཞུགས། །ཕྱག་ན་རིན་ཆེན་འབར་བ་བསྣམས། །རྒྱུ་སྐར་རྒྱལ་པོ་སོག་པ་ནི། །སྐུ་མདོག་སེར་ལ་འོད་ཟེར་འབར། །གདན་མཆོག་ཁྱུང་གི་གདན་ལ་བཞུགས། །ཕྱག་མཚན་ཕྱག་ན་པདྨ་བསྣམས། །རྒྱུ་སྐར་རྒྱལ་པོ་ཆུ་སྟོད་ནི། །སྐུ་མདོག་དམར་ལ་འོད་ཟེར་འབར། །གདན་མཆོག་ཕུབ་ཀྱི་གདན་ལ་བཞུགས། །ཕྱག་མཚན་པདྨ་སྡོང་བུ་བསྣམས། །རྒྱུ་སྐར་རྒྱལ་པོ་ཆུ་སྨད་ནི། །སྐུ་མདོག་ལྗང་ལ་འོད་ཟེར་འབར། །གདན་མཆོག་མི་ཡི་གདན་ལ་བཞུགས། །ཕྱག་ན་རིན་ཆེན་ཡན་ལག་བསྣམས། །རྒྱུ་སྐར་རྒྱལ་པོ་བྱི་ཞུན་ནི། །སྐུ་མདོག་སྔོ་ལ་འོད་ཟེར་འབར། །གདན་མཆོག་སྲེ་མོང་གདན་ལ་བཞུགས། །ཕྱག་མཚན་ཕྱག་ན་གྲི་གུག་བསྣམས། །རྒྱུ་སྐར་རྒྱལ་པོ་གྲོ་ཞུན་ནི། །སྐུ་མདོག་དམར་ལ་འོད་ཟེར་འབར། །གདན་མཆོག་བྱ་ཡི་གདན་ལ་བཞུགས། །ཕྱག་ན་པདྨ་ནོར་བུ་བསྣམས། །

བྱང་ཕྱོགས་ཆུ་ནི་སྐར་མ་བདུན། །རྒྱུ་སྐར་རྒྱལ་པོ་མོན་གྲུ་ནི། །སྐུ་མདོག་ལྗང་ལ་འོད་ཟེར་འབར། །གདན་མཆོག་ཁྱུང་གི་གདན་ལ་བཞུགས། །ཕྱག་མཚན་ཕྱག་ན་སྟ་རེ་བསྣམས། །རྒྱུ་སྐར་རྒྱལ་པོ་མོན་གྲེ་ནི། །སྐུ་མདོག་དམར་ལ་འོད་ཟེར་འབར། །གདན་མཆོག་མཛེས་པའི་ནང་ཚངས་ཅན། །ཕྱག་མཚན་ཕྱག་ན་ལྕགས་སྒྲོག་བསྣམས། །རྒྱུ་སྐར་རྒྱལ་པོ་ཁྲུམས་སྟོད་ནི། །སྐུ་མདོག་ལྗང་ལ་འོད་ཟེར་འབར། །གདན་མཆོག་གླང་གི་གདན་ལ་བཞུགས། །ཕྱག་ན་རྡོ་རྗེ་རྩེ་གསུམ་བསྣམས། །རྒྱུ་སྐར་རྒྱལ་པོ་ཁྲུམས་སྨད་ནི། །སྐུ་མདོག་སེར་ལ་འོད་ཟེར་འབར། །གདན་མཆོག་རིན་ཆེན་གདན་ལ་བཞུགས། །ཕྱག་ན་རིན་ཆེན་དབྱུག་པ་བསྣམས། །རྒྱུ་སྐར་རྒྱལ་པོ་ནམ་གྲུ་ནི། །སྐུ་མདོག་དམར་ལ་འོད་ཟེར་འབར། །གདན་མཆོག་རྟ་ཡི་གདན་ལ་བཞུགས། །ཕྱག་ན་པདྨ་དཀར་པོ་བསྣམས། །རྒྱུ་སྐར་རྒྱལ་པོ་ཐ་སྐར་ནི། །སྐུ་མདོག་ལྗང་ལ་འོད་ཟེར་འབར། །གདན་མཆོག་ཁྱུང་གི་གདན་ལ་བཞུགས། །ཕྱག་ན་མེ་ཏོག་དཀར་པོ་བསྣམས། །རྒྱུ་སྐར་རྒྱལ་པོ་བྲ་ཉེ་ནི། །སྐུ་མདོག་ལྗང་ལ་འོད་ཟེར་འབར། །གདན་མཆོག་ཡི་མི་གདན་ལ་བཞུགས། །ཕྱག་ན་མེ་ཏོག་དཀར་པོ་བསྣམས། །རྒྱུ་སྐར་རྒྱལ་པོ་ཁྱེད་རྣམས་ལ། །x

ཀྱཻ། སྤར་ཁ་བརྒྱད་པོ་བཅོས་པ་ནི། སྤར་ཁ་ཆེན་པོ་ཁེན་གནམ་དང་། །སྤར་ཁ་ཆེན་པོ་ཁོན་ས་དང་། །སྤར་ཁ་ཆེན་པོ་ཟོན་རྐུང་དང་། །སྤར་ཁ་ཆེན་པོ་གིན་རི་དང་། །སྤར་ཀ་ཆེན་པོ་ཟིན་ཤིང་དང་། །སྤར་ཁ་ཆེན་པོ་ལི་མེ་དང་། །སྤར་ཁ་ཆེན་པོ་དྭ་ལྕགས་དང་། །སྤར་ཁ་ཆེན་པོ་ཁམ་ཆུ་དང་། །སྤར་ཁ་ཆེན་པོ་ཁྱེད་རྣམས་ལ། །x

ཀྱཻ། ལོ་བསྐོར་བཅུ་གཉིས་བཅོས་པ་ནི། །ལོ་ཡི་རྒྱལ་པོ་བྱི་བའི་ལོ། །ས་བདག་བྱི་བའི་མགོ་བོ་ཅན། །མཇུག་མ་སྦྲུལ་ལ་སྡེར་མོ་ཁྱུང། །ལོ་ཡི་རྒྱལ་པོ་གླང་གི་ལོ། །ས་བདག་གླང་གི་མགོ་བོ་ཅན། །མཇུག་མ་སྦྲུལ་ལ་སྡེར་མོ་ཁྱུང། །ལི་ཡི་རྒྱལ་པོ་སྟག་གི་ལོ། །ས་བདག་སྟག་གི་མགོ་བོ་ཅན། །མཇུག་མ་སྦྲུལ་ལ་སྡེར་མོ་ཁྱུང། །ལི་ཡི་རྒྱལ་པོ་ཡོས་བུ་ལོ། །ས་བདག་ཡོས་བུ་མགོ་བོ་ཅན། །མཇུག་པ་སྦྲུལ་ལ་སྡེར་མོ་ཁྱུང། །ལོ་ཡི་རྒྱལ་པོ་འབྲུག་གི་ལོ། །ས་བདག་འབྲུག་གི་མགོ་བོ་ཅན། །མཇུག་མ་སྦྲུལ་ལ་སྡེར་མོ་ཁྱུང་། །ལོ་ཡི་རྒྱལ་པོ་སྦྲུལ་གྱི་ལོ། །ས་བདག་སྦྲུལ་གྱི་མགོ་བོ་ཅན། །མཇུག་མ་སྦྲུལ་ལ་སྡེར་མོ་ཁྱུང། །ལོ་ཡི་རྒྱལ་པོ་རྟ་ཡི་ལོ། །ས་བདག་རྟ་ཡི་མགོ་བོ་ཅན། །མཇུག་མ་སྦྲུལ་ལ་སྡེར་མོ་ཁྱུང་། །ལོ་ཡི་རྒྱལ་པོ་ལུག་གི་ལོ། །ས་བདག་ལུག་གི་མགོ་བོ་ཅན། །མཇུག་མ་སྦྲུལ་ལ་སྡེར་མོ་ཁྱུང་། །ལོ་ཡི་རྒྱལ་པོ་སྤྲེའུ་ལོ། །ས་བདག་སྤྲེའུ་མགོ་བོ་ཅན། །མཇུག་མ་སྦྲུལ་ལ་སྡེར་མོ་ཁྱུང་། །ལོ་ཡི་རྒྱལ་པོ་བྱ་ཡི་ལོ། །ས་བདག་བྱ་ཡི་མགོ་བོ་ཅན། །མཇུག་མ་སྦྲུལ་ལ་སྡེར་མོ་ཁྱུང། །ལོ་ཡི་རྒྱལ་པོ་ཁྱི་ཡི་ལོ། །ས་བདག་ཁྱི་ཡི་མགོ་བོ་ཅན། །མཇུག་ལ་སྦྲུལ་ལ་སྡེར་མོ་ཁྱུང། །ལོ་ཡི་རྒྱལ་པོ་ཕག་གི་ལོ། །ས་བདག་ཕག་གི་མགོ་བོ་ཅན། །མཇུག་མ་སྦྲུལ་ལ་སྡེར་མོ་ཁྱུང། །ལོ་བསྐོར་བཅུ་གཉིས་ལྷ་རྣམས་ལ། །x

ཀྱཻ། ས་བདག་ཐམས་ཅད་བཅོས་པ་ནི། །ས་བདག་དང་ནི་ཆུ་བདག་དང་། །མེ་བདག་དང་ནི་རླུང་བདག་དང་། །བྲག་ཤིང་ནགས་ཚལ་རྡོ་ཡི་བདག །ས་བདག་རྒྱལ་པོ་མཐུ་བོ་ཆེ། །སྲིད་པ་ས་བདག་ཐམས་ཅད་དང་། །ས་བདག་ཕག་གི་མགོ་བོ་ཅན། །ས་འཛིན་ལག་པ་ཆེན་པོ་དང་། །ས་ཡི་ལྷ་མོ་བསྟན་མ་དང་། །ཤར་ཕྱོགས་ས་བདག་ཐེ་སེ་དང་། །ལྷོ་ཡི་ས་བདག་ཙན་ཀུན་དང་། །ནུབ་ཀྱི་ས་བདག་ཧོང་ཕན་དང་། །བྱང་གི་ས་བདག་བེའུ་འབྱིན་དང་། །ཤར་གྱི་ས་བདག་སྟག་སྐྱ་དང་། །ལྷོ་ཡི་ས་བདག་འབྲུག་རྗེ་སྔོན། །ནུབ་ཀྱི་ས་བདག་བྱ་དམར་དང་། །བྱང་ཕྱོགས་ས་བདག་རུས་སྦལ་དང་། །ཤར་ལྷོ་ས་བདག་པི་ལིང་འཕར་བ་དང་། །ལྷོ་ནུབ་ས་བདག་གྲུབ་སྙན་ལག་པ་ཅན། །ནུབ་བྱང་ས་བདག་དྲང་བའི་མི་བོ་ཆེ། །བྱང་ཤར་ས་བདག་གིར་འཛིན་ནག་པོ་དང་། །ཤཪ་ཕྱོགས་ས་བདག་འཁོར་ལོ་ནག་པོ་དང་། །ལྷོ་ཕྱོགས་ས་བདག་བ་དན་སེར་པོ་དང་། །ནུབ་ཕྱོགས་ས་བདག་གཟིགས་ཀྱི་མཇུག་མ་ཅན། །བྱང་ཕྱོགས་ས་བདག་བྱ་ཡི་ཟེ་བ་ཅན། །གདགས་ཀྱི་རི་ལ་གནས་པའི་ཏྲཾ་ཡུལ་དང་། །སྲིབ་ཀྱི་རི་ལ་གནས་པའི་ལྕམ་སྨན་དང་། །ཕུ་ཡི་བྲག་ཕུག་ལ་གནས་པའི་ཟེ་རི་དང་། །ཆུ་ལ་གནས་པའི་སྡེར་མ་དང་། །ལ་བཅས་གནས་པའི་གམ་སངས་དང་། །ཕུ་ལ་མདོ་ཞིང་ས་བདག་དང་། །ཚང་མང་དྲ་བའི་ས་བདག་དང་། །ཁྱིམ་གྱི་ས་བདག་གཞོན་ནུ་དང་། །མཁར་གྱི་རུས་སྦལ་ཐོག་ཆེན་དང་། །ཕྱུགས་ལྷས་ས་བདག་བེའུ་རྣ་དང་། །དུར་ཆད་ས་བདག་ཁྲི་སྟན་དང་། །སྐྱེད་པོའི་ཐབ་ལྷ་རོག་པོ་དང་། །ཁྱིམ་གྱི་ལྷ་ནི་གེའུ་ཐུན་དང་། །སྒོ་ལྷ་དེ་ནི་སྟག་གཡག་གཉིས། །དམག་དཔོན་ས་བདག་གོས་སྔོན་དང་། །གཞན་ཡང་གྲུལ་བུམ་ལྷ་ལྔ་དང་། །གནམ་གྱི་གནམ་གཉན་ཁྲ་བོ་དང་། །ཞག་གི་ས་བདག་སྐར་ཆེན་དང། །སྣ་ལྔ་སར་གནས་ས་བདག་དང་། །དུས་ཁམས་སེར་ནག་དག་པོ་སྟེ། །བྱང་གི་ཕྱོགས་ཀྱི་གཅིག་དཀར་དང་། །ནུབ་བྱང་མཚམས་ཀྱི་གཉིས་ནག་དང་། །ནུབ་ཀྱི་ཕྱོགས་ཀྱི་གསུམ་མཐིང་དང་། །ལྷོ་ནུབ་མཚམས་ཀྱི་བཞི་ལྗང་དང་། །དབུས་ཀྱི་ས་བདག་ལྭ་སེར་དང་། །ལྷོ་ཡི་ཕྱོགས་ཀྱི་དྲུག་དཀར་དང་། །ཤཪ་ལྷོ་མཚམས་ཀྱི་བདུན་དམར་དང་། །ཤཪ་གྱི་ཕྱོགས་ཀྱི་བརྒྱད་དཀར་དང་། །བྱང་ཤར་མཚམས་ཀྱི་དགུ་དམར་ཏེ། །ལིང་ཙེ་བརྒྱད་ཅུ་རྩ་གཅིག་གིས། །ས་བདག་སྡེ་ཚོགས་ཁྱེད་རྣམས་དང་། །གཞན་ཡང་ལ་གནས་པ་དང་། །གཡའ་དང་བྲག་དང་སྤང་ལྗོངས་དང་། །མཚོ་དང་ཆུ་མིག་གངས་རལ་དང་། །ནགས་ཚལ་དང་ནི་འབབ་ཆུ་དང་། །ཆུ་བོ་རྒྱ་མཚོར་གནས་པ་ཡི། །ས་བདག་རྒྱལ་པོ་ཁྱེད་རྣམས་ལ། །x

ཀྱཻ། གཞན་ཡང་འབྱུང་བ་ལྔ་པོ་བཅོས། །འབྱུང་བ་ཆེན་པོ་ས་ཡི་བུ། །མི་དཀར་རྟ་དཀར་བ་དན་ཅན། །གནམ་གྱི་དཀྱིལ་ནས་སྲོག་དབུགས་བདག །འབྱུང་བ་མཁའ་དང་རྗེའུ་བུ། །མི་དམར་རྟ་དམར་ཉི་ཞགས་ཐོགས། །འབྱུང་བ་མེ་དང་དྲོད་ཀྱི་བུ། །མི་སྔོན་རྟ་སྔོན་ལྕགས་མདའ་ཐོགས། །འབྱུང་བ་ཆུ་དང་བརླན་གྱི་བུ། །མི་ནག་རྟ་ནག་སྦྲུལ་ཞགས་ཐོགས། །འབྱུང་བ་རླུང་དང་བསིལ་གྱི་བུ། །མི་སེར་རྟ་སེར་བསེ་རུ་ཐོགས། །འབྱུང་ལྔའི་བདག་པོ་ཁྱེད་རྣམས་ལ། །x

ཀྱཻ། སྤྲིན་གྱི་ལྷ་རྣམས་བཅོས་པ་ནི། །སྤྲིན་གྱི་ལྷ་མོ་ལོག་ཚར་ཅན། །དྲག་པོ་དང་ཅན་དང་ང་རོ་ཅན། །གྲགས་པ་ཅན་དང་གཟིའི་སྒྲ་ཅན། །རི་སུལ་ཅན་དང་ཆར་པ་ཅན། །དེ་ལ་སོགས་ཏེ་ཀླུ་ཡི་ཚོགས། །རྫུ་འཕྲུལ་སྟོབས་དང་ལྡན་པ་དང་། །ལོ་ཐོག་རྩི་ཐོག་རྒྱས་བྱེད་པའི། །སྤྲིན་ལྷ་འཁོར་བཅས་ཁྱེད་རྣམས་ལ། །x

ཀྱཻ། སྲིད་པའི་གཟའ་དང་རྒྱུ་སྐར་དང་། །ས་བདག་ཀླུ་གཉན་ཐམས་ཅད་དང་། །སྲིད་པའི་ལོ་འཁོར་བཅུ་གཉིས་དང་། །སྤར་ཁ་དུས་ཁམས་སེར་ནག་བདག །འབྱུང་བ་ལྔ་ཡི་མངའ་བདག་དང་། །ལོ་ཟླ་ཞག་དུས་ཚོད་འཛིན་རྣམས། །ཕྱོགས་མཚམས་གནམ་དུས་ཚོད་འཛིན་རྣམས། །གཞན་ཡང་ཡུལ་ཕྱོགས་ཕུ་མདའ་འདིར། །གསེར་རི་ལྕགས་རི་ཤེལ་གྱི་རི། །གངས་ཀྱི་རི་བོ་ཐམས་ཅད་དང་། །གཡའ་བྲག་ནགས་དང་སྤང་ལྗོངས་དང་། །མཚོ་དང་ཆུ་མིག་གད་རལ་དང་། །བྲག་ཕུག་ས་ཕུག་གངས་ཕུག་དང་། །བྱད་ཁ་ཐང་ཡངས་ཚོང་དུས་དང་། །ལམ་སྲང་བཞི་མདོ་གྲོང་ཁྱེར་བདག །དཀྱིལ་འཁོར་མཆོད་རྟེན་ལྷ་ཁང་བདག །ཕ་རི་གཡས་ན་གནས་པ་དང་། །ཚུར་རི་གཡོན་ན་གནས་པ་དང་། །ཕུ་གངས་རི་ལ་གནས་པ་དང་། །མངའ་སྤང་ལྗོངས་ལ་གནས་པ་དང་། །བར་སྣང་མཁའ་ལ་གནས་པ་དང་། །འོག་ཕྱོགས་ས་ལ་གནས་པ་དང་། །འབབ་པ་ཆུ་ལ་གནས་པ་དང་། །འགྲོ་བ་ལམ་ལ་གནས་པ་དང་། །སྲ་བ་བྲག་ལ་གནས་པ་དང་། །སྤང་པོ་ནགས་ལ་གནས་པ་དང་། །ནེའུ་གསིང་ས་ལ་གནས་པ་དང་། །གྲོང་མཁར་ཁྱིམ་ལ་གནས་པ་དང་། །སྒོ་ཕུག་དག་ལ་གནས་པ་དང་། །མེ་དང་དྲོད་ལ་གནས་པ་དང་། །རླུང་དང་བསིལ་ལ་གནས་པ་དང་། །ཆུ་དང་བརླན་ལ་གནས་པ་དང་། །རྒྱུད་ལྔའི་བསྡུས་པའི་ལྷ་འདྲེ་ཁྱེད། །རྒྱལ་བློན་གཡོག་འཁོར་བཅས་པ་དང་། །བཙུན་མོ་སྲས་དང་ཕོ་ཉའི་ཚོགས། །དམག་གི་དཔུང་དང་ཐབས་ཅིག་ལ། །x

ཀྱཻ། བྲག་ཆེན་ཟུར་ནས་མ་བསྙིལ་ཅིག །རླུང་ཆེན་འཚུབ་མ་མ་འཕྱོ་ཅིག །ཆུ་ཆེན་རྦ་རླབས་མ་འཁྲུག་ཅིག །གནམ་ལྕགས་ཐོགས་ཆེན་མ་གཏོང་ཅིག །སྐར་མདའ་ས་ལ་མ་ལྷུང་ཅིག །ཁ་མཆུ་ཁ་ལྕེར་མ་འབེབ་ཅིག །སེར་བ་དྲག་པོ་མ་བཏང་ཅིག །ཁྱུང་དམར་གཤོག་པ་མ་བཏབ་ཅིག །གཡུ་འབྲུག་རྐན་སྒྲ་མ་རྡེབ་ཅིག །གནམ་གྱི་ངུ་ཟུག་མ་བྱེད་ཅིག །སྤྲེལ་སེར་གར་སྟབས་མ་བྱེད་ཅིག །ཉ་དཀར་རྔ་མ་མ་གཡོབ་ཅིག །བྱི་བ་ཁྱིམ་དུ་མ་འཁུན་ཅིག །དུར་ཕག་ཁྲ་མོ་ས་མ་རྐོ། །ས་གཡོས་ཆེན་པོ་མ་བཏང་ཅིག །རྒྱ་མཚོ་ཆེན་པོ་མ་ལྷུང་ཅིག །ཤིང་ཆེན་རྐེད་ནས་མ་ཆག་ཅིག །བྱི་བས་ཁྱི་སྐད་མ་ཟུག་ཅིག །དུར་ཕག་དཀར་པོ་སྣ་མ་འབུད། །སྦྲུལ་ནག་ལྕེ་ཡི་མ་རྐྱང་ཅིག །གྲི་སྟག་མགོ་དགུ་མ་འགྱིངས་ཅིག །ཡས་འགོང་མངའ་ཐན་མ་གཏོང་ཅིག །བྱ་ཁྱུང་གཤོག་པ་མ་གཡོ་ཅིག །གཡག་ཁམ་རུ་ནི་མ་རྡར་ཅིག །བདུད་གླང་སྟག་རིས་མ་སྟོན་ཅིག །ཤ་བ་རྒྱ་བོས་རྒྱུ་མ་སྤྲུག །རྡོ་ལུག་དྲོ་མོ་མ་འཁུན་ཅིག །ཤེལ་མི་དཀར་པོས་མ་འབོད་ཅིག །གནམ་ཁྱི་ཕོ་ཉར་མ་བཏང་ཅིག །གོད་ཁ་གོད་འདྲེ་མ་བཏང་ཅིག །ཆོ་འཕྲུལ་མགོ་བརྙན་མ་བཏང་ཅིག །རྨི་ལམ་མཚན་ལྟས་མ་འཁྲུག་ཅིག །སད་སེར་མུ་གེ་མ་བཏང་ཅིག །གློ་བུར་ཡེ་འཕྲོགས་མ་བཏང་ཅིག །རིམས་ཡམས་འཁྲུགས་པ་མ་བཏང་ཅིག །ཡོན་བདག་རྣམས་དང་མཐུན་པར་བཅོས། །ཕྱོགས་མཚམས་དུས་ཚོད་འཛིན་པ་ཡི། །འཁོར་དང་བཅས་པ་ཁྱེད་རྣམས་ལ། །མཐུན་པར་བཅོས་ཤིང་ཞུ་བ་འབུལ། །གདུག་རྩུབ་ཐམས་ཅད་ཞི་བར་མཛོད། །མཐུན་པའི་སྡོང་གྲོགས་མཛད་དུ་གསོལ། །བདེ་ལེགས་འབྱུང་བའི་འཕྲིན་ལས་མཛོད། །

ཀྱཻ། ལོ་ཟླ་ཞག་དུས་ཕྱོགས་མཚམས་ཀྱིས། །ཕྱོགས་ནས་ཕྱོགས་སུ་རྒྱུ་བ་དང་། །དུས་ཚོད་བཟང་ངན་སྟངས་འཛིན་དང་། །གཟའ་དང་རྒྱུ་སྐར་དྲག་པོ་དང་། །ས་བདག་ཀླུ་གཉན་ཐམས་ཅད་དང་། །འབྱུང་བ་ལྔ་ཡི་མངའ་བདག་དང་། །སྤྱན་དྲངས་འདིར་བྱོན་ཁྱེད་རྣམས་ལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །མི་ཤེས་མ་རིག་དབང་གིས་ནི། །དྲག་ཤུལ་དམུས་ཐོས་ལས་བྱས་ནས། །ཁྱེད་ཀྱི་ཐུགས་དང་འགལ་བགྱིས་པ། །ཆོ་ག་རྩི་དང་སྨན་གྱིས་བཅོས། །བདེན་པ་ཆེན་པོའི་ཆོས་ཀྱང་བཤད། །རྒྱས་པ་ཡི་ནི་གཏོར་མ་འབུལ། །ངག་སྙན་དེ་ནི་ཚིག་གིས་བསྟོད། །ལེགས་པར་སྐུ་གསུང་ཐུགས་མཉེས་ནས། །གཟའ་དང་རྒྱུ་སྐར་མྱུར་དུ་གཤེགས། །གཉན་དང་ས་བདག་གནས་སུ་བསྐྱལ། །འབྱུང་བ་རང་རང་གནས་སུ་བསྟིམ། །ཡུལ་ལས་དེ་ནི་ཕར་ལ་གྱེས། །ཀླུ་རྣམས་རང་རང་གནས་སུ་གཤེགས། །ཡོན་བདག་རྣམས་ལ་མགོན་སྐྱབས་མཛོད། །བདེ་ལེགས་འབྱུང་བའི་འཕྲིན་ལས་མཛོད།།

ཀྱཻ། ཡོན་བདག་རྣམས་ལ་བཀྲ་ཤིས་དང་། །བསོད་ནམས་དབང་ཐང་རྒྱས་པ་དང་། །འདོད་པ་ཕུན་སུམ་ཚོགས་པ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་དང་། །བདག་ཅག་ལས་ཀྱི་མཁན་པོ་ལ། །བདེ་ལེགས་འབྱུང་བའི་དངོས་གྲུབ་སྩོལ། །ས་བདག་དབང་ཆེན་བཅོས་བྱིན་བརླབས། །བདག་ཅག་སྔགས་ཀྱི་མཁན་པོ་དང་། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །རིགས་འཛིན་ཚེ་ཡི་དངོས་གྲུབ་སྩོལ། །བདུད་འདུལ་མཐུ་ཡི་དངོས་གྲུབ་སྩོལ། །དབང་ཕྱུག་ནོར་གྱི་དངོས་གྲུབ་སྩོལ། །མི་གྲངས་སྤེལ་བའི་དངོས་གྲུབ་སྩོལ། །ཕྱུགས་རྩིས་སྤེལ་བའི་དངོས་གྲུབ་སྩོལ། །ལྷ་རྫས་ཟས་ཀྱི་དངོས་གྲུབ་སྩོལ། །ལྷབ་ལྷུབ་གོས་ཀྱི་དངོས་གྲུབ་སྩོལ། །མི་ནོར་འཕེལ་བའི་དངོས་གྲུབ་སྩོལ། །ཡི་མི་ནད་རྐྱེན་མེད་པར་མཛོད། །དགྲ་སྣ་གྱོད་སྣ་ཐམས་ཅད་བཟློག །ཡམས་དང་རིམས་ནད་ཐམས་ཅད་བསྒྱུར། །ལོ་དང་ཟླ་བ་ཞག་དུས་ཚོད། །ཚེས་རྩུབ་ངན་པ་ཐམས་ཅད་བསྒྱུར། །རྨི་ལམ་ངན་པ་ཐམས་ཅད་བསྒྱུར། །ལྟས་ངན་བརྒྱད་ཅུ་རྩ་གཅིག་བསྒྱུར། །གོད་འདྲེ་གོད་སྲིན་ཐམས་ཅད་བསྒྱུར། །ཅེས་ཤམ་བུར་གཏོག །ཅེས་གཟས་རྒྱུ་སྐར་གནོད་ན་རི་མགོ་ལ་བསྐྱལ། ས་བདག་ཀླུ་གཉན་གནོད་ན་རི་མགོའམ། མཁར་ཁར་ཐོག་གམ། ཆུ་མིག་གམ། གང་རྙེད་དེར་བསྐྱལ་ལ་གཡང་བླན་བྱའོ། །ལེགས་པར་གྲུབ་པ་འདི་འདྲ་བའི་བསྲུང་བ་གཞན་མེད་དོ། །འབྲུ་སྣ་དང་ཤེལ་ཚིག་དང་། བདུད་རྩིའི་ལྷག་མ་རྣམས་ཀྱང་རྗེས་སུ་བསྐྱལ་ནས་སྦྱིན་ནོ། །ནད་པ་རྙིང་པའི་དོན་དུ་བྱེད་ན། །དེ་ལྟར་མ་ཡིན་ནོ། །འདི་ནི་བཅོས་ཀའི་རྒྱལ་པོ་སྟེ། །སྟོང་གསུམ་འཁྲུགས་པའི་ཡོ་བཅོས་ཀྱང་ཡིན། །ས་བདག་འཁྲུགས་པའི་ཡོ་བཅོས་ཀྱང་ཡིན། ལྷ་འདྲེ་དང་གཟའ་སྐར་དང་། ཀླུ་དང་ས་བདག་འཁྲུགས་པའི་ཡོ་བཅོས་ཀྱང་ཡིན། གནམ་གྱི་དགུང་མིག་གདན་བཅོས་ལ་སོགས་པ་ཐམས་ཅད་འདིར་འདུས་པ་ཡིན། ལས་རྣམས་ཀུན་ལ་འདི་བྱ། འཕགས་པ་གནམ་ས་སྣང་བརྒྱད་ཀྱི་ཆོ་ག །སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།།  །།

འདིའི་བསྒོམ་བཟླས་ནི། སེངྒེ་བརྒྱད་ཀྱི་ཁྲི་ལ། པདྨ་ཉི་མ་ཟླ་བའི་གདན་ལ། ཤཱཀྱ་ཐུབ་པ་བསྒོམ། དེ་ལ་བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད། ཉན་ཐོས་ཆེན་པོ་མཆོག་བརྒྱད། རང་རྒྱལ་དགྲ་བཅོམ་དཔག་ཏུ་མེད་པ་རྣམས་འཇའི་གུར་ནང་དུ་མདུན་དུ་བྷཻ། དཀྱིལ་འཁོར་དབུས་སུ་ལྷ་མོ་བསྟན་མ་ལ། འཇིག་རྟེན་དབང་བའི་ལྷ་སྲིན་སྡེ་བརྒྱད་མ་ལུས་ཤིང་ལུས་པ་མེད་པས་བསྐོར་བ་བྷཻ། སངས་རྒྱས་སྲས་དང་བཅས་པ་ལ་འདུད། ཡོན་བདག་འཁོར་དང་བཅས་པ་རྣམས་སྡུག་བསྔལ་བསལ་ཞིང་བདེ་བ་སྦྱིན། བྱང་ཆུབ་སྡོང་གྲོགས་བྱེད་པར་གསལ། འཕགས་པ་གནམ་ས་སྣང་བརྒྱད་ཀྱི་མདོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཕལ་པོ་ཆེ་ལ་ཕྱག་འཚལ་ལོ། །ལོ་མི་རུང་བ་དང་། ཟླ་བ་མི་རུང་བ་དང་། གཟའ་མི་རུང་བ་དང་། དུས་ཚོད་མི་རུང་བ་རྣམས་ཀྱིས་འདུལ་སྐལ་ནི་འདི་ཡིན་ཏེ། ཨཥྚ་ན་མ་མཧཱ་དྷ་ན་མ། བྷྱིན་ཏི་དུན་སྭཱཧཱ། མ་དྷ་ལི་སྭཱཧཱ། ཨཱཥྠཱ་བྷྱི་ཤ་ཧ་ན་ཧ་ན་ཀ་ཊ་སྭཱཧཱ། སྔ་དྲོ་མི་རུང་བ་དང་། ཕྱི་དྲོ་མི་རུང་བའི་འདུལ་སྐལ་ཡིན་ནོ། །ཨོཾ་ཨ་ཀ་ནི་ནི་ཀ་ནི། ཨ་བྱི་ལ་མན་དྷ་ལ་མན་ཊ་ཡེ་སྭཱཧཱ། འཕགས་པ་གནམ་ས་སྣང་བརྒྱད་ཀྱི་སྙིང་པོ་འདི་རྒྱུན་དུ་བཟླས་ན། ཡོན་ཏན་མ་ལུས་འབྱུང་བར་འགྱུར་རོ། །མདོ་སྡེའི་ཕན་ཡོན་ཐམས་ཅད་འགྱུར་རོ། །ཞུས་སོ། །སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་གྱུར་ཅིག །བཀྲ་ཤིས་འབར་གྱུར་ཅིག །སྟོང་གསུམ་འཁྲུགས་པའི་ཡོ་བཅོས་རྫོགས་སོ། །དགེའོ།།  །།[2]

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་སོགས། ༼༡༽ ཤོག་གྲངས་ ༢༨༥ ནས་ ༣༠༨ བར་བཞུགས་པའི་དབུ་ཅན་བྲིས་མ་ལས་བཏུས་པའོ།།

[2] གནམ་ས་སྣང་བརྒྱད་ཅེས་བྱ་བའི་ཐེག་པ་ཆེན་པོའི་མདོ་སོགས། ༼༡༽ ཤོག་གྲངས་ ༡ ནས་ ༤༦ བར་བཞུགས་པའི་གནམ་ས་སྣང་བརྒྱད་ཀྱི་ཆོ་ག་སྟོང་གསུམ་འཁྲུགས་པའི་ཡོ་བཅོས་ཞེས་བྱ་བ་བཞུགས་སོ། །ཞེས་པ་དབུ་ཅན་བྲིས་མ་དཔེ་ཐུང་ཤོག་བུ་བཅུ་གཉིས་ཅན་དང་། གཞན་ཡང་སྣང་བརྒྱད་ཀྱི་ཆོ་ག་གསལ་བར། ༼༡༽ ཤོག་གྲངས་ ༡ ནས་ ༤༠ བཞུགས་པའི་སྣང་བརྒྱད་ཀྱི་ཆོ་ག་གསལ་བར་བཞུགས་སོ། །ཞེས་པ་ཁམས་བྲིས་དཔེ་ཐུང་ཤོག་བུ་ཉི་ཤུ་ཅན་གཉིས་སུ་ཚིག་རིས་ཅུང་ཟད་རེ་མི་འདྲ་བ་ཙམ་ལས་གཞུང་གཅིག་ཏུ་འདུག་པས། ཉིས་ཟློས་སྤངས་ཕྱིར་འདིས་འཐུས་པར་བྱས་པའོ།།

Leave a Reply

Your email address will not be published. Required fields are marked *