ག༽ སྒྲ་སྒྱུར་གྱི་གཞུང་ལུགས་དང་། བཀས་བཅད་ཀྱི་རིམ་པ།

ག༽ སྒྲ་སྒྱུར་གྱི་གཞུང་ལུགས་དང་། བཀས་བཅད་ཀྱི་རིམ་པ།

 

དེ་ཡང་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སྲིད་དབང་བཟུང་རིང་ཐང་དེབ་གསར་རྙིང་ལྟར་ན། ཕྱི་ལོ་ ༧༩༨ ནས་ ༨༡༥ བར་ལ་རྟ་ལོ་སྔ་རྗེས་གཉིས་བྱུང་བའི་རྟ་ལོ་སྔ་མ་ནི། ཆུ་རྟ་ཕྱི་ལོ་ ༨༠༢ ལོ་དང་། རྟ་ལོ་རྗེས་མ་ནི་ཤིང་རྟ་ཕྱི་ལོ་ ༨༡༤ ལོ་ཡིན་པས། རྟ་ལོ་རྗེས་མ་དེར་ཕོ་བྲང་འོན་ཅང་རྡོ་ན་རྒྱལ་བློན་ལོ་པཎ་མང་པོ་གདན་འཛོམས་པའི་གྲྭར། རྒྱ་གར་གྱི་པཎྜི་ཏ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི། ཤཱི་ལེནྡྲ་བོ་དྷི། དཱ་ན་ཤཱི་ལ། བོ་དྷི་མི་ཏྲ་བཅས་ལྔ་དང་།

བོད་ཀྱི་ལོ་ཙཱ་བ་ཛྙཱ་ན་སེ་ན་སྟེ་ཞང་ཡེ་ཤེས་སྡེ་དང་། བྲང་ཏི་ཛ་ཡ་རཀྵི་ཏ། དབས་འཇམ་དཔལ་གོ་ཆ། རཏྣ་ཨིནྡྲ་ཤཱི་ལ། མཁན་པོ་རིན་ཆེན་སྲུང་། ཆོས་ཀྱི་ངང་ཚུལ། ལོ་ཙཱ་བ་མཁས་པ་ཡེ་ཤེས་དབང་པོ། རྒྱལ་བའི་སྲུང་། ཚུལ་ཁྲིམས་རིན་ཆེན་དབང་པོ་སོགས་ཀྱིས་ཐེག་པ་ཆེ་ཆུང་ལས་བྱུང་བའི་ཆོས་སྐད་སོགས་རྒྱ་གར་གྱི་སྐད་ལས་བོད་སྐད་དུ་བསྒྱུར་ཅིང་། མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས་ཏེ། ནམ་དུ་ཡང་གཞུང་ལུགས་དེ་ལས་མི་བསྒྱུར་ཅིང་། ཀུན་གྱིས་བསླབ་ཏུ་རུང་བར་གྱིས་ཤིག་ཅེས་བཙན་པོས་བཀས་བཅད་པའི་ཡིག་ཆ་ཞིག་ཡིན་ཅིང་། དེ་ནི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཡན་ཆད་ནས། སྲོང་བཙན་སྒམ་པོའི་མན་ཆད་ཀྱི་བར་ལ། ལོ་ཙཱ་བ་ཐོན་མི་སམ་བྷོ་ཊ་ནས་ལོ་ཆེན་བཻ་རོ་ཙ་ནའི་བར་གྱི་ལོ་ཙཱ་བས་བསྒྱུར་བའི་ལུང་སྡེ་བཞི་དང་། ཕལ་པོ་ཆེ། དཀོན་མཆོག་སྤྲིན་སོགས་དང་། ཤེར་ཕྱིན་མདོ་ཁ་ཅིག་སོགས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པའི་བཀས་བཅད་དང་པོའི་འཕྲོར། ནང་བསྟན་དར་འཕེལ་ཁྱབ་བརྡལ་དུ་བཏང་བའི་དགོས་མཁོ་ལྟར་ཡང་བསྐྱར་བྱས་པའི་བཀས་བཅད་ཀྱི་རིམ་པ་ཞིག་སྟེ། སྒྱུར་ཐབས་ཀྱི་ཉམས་མྱོང་དང་། བསླབ་བྱ་གཞིར་བཞག་ནས་བཀས་བཅད་བར་པ་མཛད་ཐོག །སྒྲ་སྒྱུར་གྱི་རྩ་དོན་ཆེན་པོ་གསུམ་དང་། སྒྱུར་བའི་ཐབས་དམ་པ་བཞི། དོ་སྣང་བྱེད་དགོས་པའི་དོན་ཚན་བཞི་[1]བཅས་གཏན་འབེབས་དང་། དེའི་ཚིག་མཛོད་ཐོག་མ་སྒྲ་སྦྱོར་བམ་པོ་གཉིས་པ་མཛད་པ་བཅས་སྒྲ་སྒྱུར་རིག་པའི་ཚད་ལྡན་གྱི་གཞུང་ལུགས་ཐོག་མར་བྱུང་།

ཡོངས་གྲགས་ལོ་རྒྱུས་ཐོག་སྒྲ་སྦྱོར་བམ་པོ་གཉིས་པ་ནི། མངའ་བདག་ཁྲི་རལ་གྱི་དུས་སུ་བྱུང་བར་གྲགས་ཀྱང་། སྒྲ་སྦྱོར་བམ་པོ་གཉིས་པ་རང་ཉིད་ལས[2]། རྟའི་ལོ་ལ་བཙན་པོ་ཁྲི་ལྡེ་སྲོང་བཙན་ཕོ་བྲང་སྐྱིའི་འོན་ཅང་དོ་ན་[3]བཞུགས། ཞེས་རྒྱལ་པོའི་མཚན་གསལ་པོར་བཀོད་པར་མ་ཟད། སྔོན་ལྷ་སྲས་ཡབ་ཀྱི་སྤྱན་སྔར་ཞེས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་རིང་ལ་སློབ་དཔོན་ཞི་བ་འཚོ་ལ་སོགས་པས་དམ་པའི་ཆོས་རྒྱ་ཆེར་བསྒྱུར་བའི་ཚུལ་ཡང་བཀོད་ཡོད་པས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དང་ཡབ་སྲས་ཀྱི་འབྲེལ་བ་སུ་ལ་གྲུབ་ཡོད་པ་ཤིན་ཏུ་གསལ་ཞིང་། གཞན་དུ་བཙན་པོའི་མིང་བྲིས་ནོར་དུ་སོང་ཞེས་པ་དང་། མངའ་བདག་ཁྲི་རལ་དང་རྒྱལ་པོ་འདི་གཉིས་མི་གཅིག་པར་གསུངས་པ་སོགས་ཐམས་ཅད་ཀྱང་པཎྜི་ཏ་ཐུགས་ཉམས་མ་བཞག་པའི་སྐྱོན་དུ་མཐོང་ལ། གཞུང་འདིའི་བསྟན་དོན་གཙོ་བོ་ལ་དྷརྨ་སྟེ་དམ་པའི་ཆོས་བསྒྱུར་བའི་ཐབས་དང་། རྒྱ་གར་གྱི་སྐད་ལ་བོད་སྐད་དུ་མིང་བཏགས་པ་རྣམས་སྐད་གསར་བཅད་ཀྱིས་གཅིག་གྱུར་བྱས་པ་ལས། དོན་ཚན་དང་པོ་ཆོས་བསྒྱུར་བའི་ཐབས་ལ་ཡང་སྒྱུར་ཐབས་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ། དེའི་གདེང་འཇོག་གི་ཚད་གཞི་བཅས་གསུམ་ཡོད་དོ།།

ཀཿཐོག་རིག་འཛིན་ཚེ་དབང་ནོར་བུས་ (1698-1755) མཛད་པའི་བོད་ཀྱི་རྒྱལ་རབས་གསེར་གྱི་ཕྲེང་བར་གྲགས་པ་ལས་མངའ་རིས་སྟོད་མར་ཡུལ་བདག་པོའི་དེབ་ཐེར་ལས[4]། བར་པ་རལ་པ་ཅན་ལ་རྒྱལ་སྲིད་གཏད་དོ། །དེས་འུ་ཤང་རྡོའི་གྲོང་ཁྱེར་བཏབ་ནས་གཙུག་ལག་ཁང་རྒྱ་ཕིབས་གཡུ་སྔོན་ཅན་བཞེངས། སྔོན་ཡབ་མེས་ཀྱི་རིང་ལ་རྒྱ་དང་། ལི་དང་། ཟ་ཧོར་དང་། ཁ་ཆེ་ལ་སོགས་པ་སྣ་ཚོགས་ནས་ཆོས་མང་པོ་བསྒྱུར་བས་བརྡ་མི་འདྲ་བ་མང་པོ་འདུག་པས། ཆོས་སློབ་དཀའ་བ་ཡིན་གསུངས་ནས། རྒྱ་གར་གྱི་པཎྜི་ཏ་ཛི་ན་མི་ཏྲ། ཤི་ལེནྡྲ་བྷོ་ཏི། དཱ་ན་ཤི་ལ་སོགས་པ་གདན་དྲངས། བོད་ཀྱི་ལོ་ཙཱ་བ་སྐ་ཅོག་གཉིས་དང་། བན་དེ་ཡེ་ཤེས་སྡེ་རྣམས་ཀྱིས་ཐམས་ཅད་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། ཐ་ན་བྲེ་དང་སྲང་ལ་སོགས་པ་རྒྱ་གར་དང་མཐུན་པར་བཅོས། རབ་ཏུ་བྱུང་བ་རྣམས་རེ་རེ་ལ་འབངས་མི་ཁྱིམ་བདུན་བདུན་ཕུལ། རྒྱལ་པོ་དབུས་ལ་བཞུགས་པ་ལ་དབུའི་རལ་པ་གཡས་གཡོན་གྱི་སྣ་ལ་དར་ཡུག་བཏགས་ནས་རབ་ཏུ་བྱུང་བ་རྣམས་དེར་བཞུགས་བཅུག་པ་དང་། གཡས་གྲལ་གཡོན་གྲལ་གུང་གྲལ་དང་གསུམ། ཡོན་ཏན་ཅན་ལ་དེའི་དུས་ཕུད་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ།།

དེ་ནས་སད་ན་ལེགས་མཇིང་ཡོན་ཏེ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་དུས་སུའང་སྔར་བཞིན་སྒྲ་སྒྱུར་གྱི་བྱ་གཞག་ལ་མཐོང་ཆེན་མཛད་ནས་འུ་ཤང་རྡོའི་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་བཞེངས་ཤིང་། ལོ་ཙཱ་བ་དང་། པཎྜི་ཏ་རྣམས་དེར་བཞུགས་སུ་གསོལ་ནས་མཚན་ཉིད་དང་། རྡོ་རྗེ་ཐེག་པའི་བཀའ་བསྟན་བསྒྱུར་ཅིང་འཆད་ཉན་གྱི་བྱ་བ་རྒྱ་ཆེར་སྤེལ་དུ་བཅུག་ཅིང་། ལྷག་པར་དུ་རྒྱལ་པོ་འདིའི་སྐུ་རིང་ལ། སྔར་བསྒྱུར་བའི་བཀའ་བསྟན་རྣམས་ལ་དག་ཐེར་དང་། ཕྱིས་ཀྱི་སྒྲ་སྒྱུར་བྱ་བར་གཞུང་ལུགས་ཀྱི་རྒྱབ་རྟེན་དང་། གཅིག་གྱུར་གྱི་ཚད་གཞི་ཞིག་བཟོས་ཏེ་བོད་སྐད་དུ་བསྒྱུར་བའི་བསྟན་བཅོས་རྣམས་ཚད་ལྡན་དུ་གཏོང་ཆེད། དྲིན་ཅན་གྱི་ལོ་པཎ་རྣམ་གསུམ་དུ་གྲགས་པ་ཛི་ན་མི་ཏྲ་དང་། དཱ་ན་ཤི་ལ། ཞང་ཡེ་ཤེས་སྡེ་གསུམ་གྱིས་གཙོས་པའི་ལོ་པཎ་མང་པོས་སྔར་བསྒྱུར་བ་ཐམས་ཅད་དག་པར་བྱས་ནས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་སྟེ་གོ་བདེ་བར་བྱས་སོ།།

སྐད་གསར་བཅད་ཀྱི་སྐབས་ལོ་པཎ་རྣམས་ཀྱིས་སྔར་གྱི་སྒྲ་སྒྱུར་ཉམས་མྱོང་སྤྱི་སྡོམ་བྱས་པའི་རྨང་གཞིའི་ཐོག་སྒྲ་སྦྱོར་བམ་པོ་གཉིས་པ་ཞེས་པའི་བསྟན་བཅོས་མཛད་དེ། སྒྲ་སྒྱུར་གྱི་རྩ་དོན་ཆེན་པོ་གསུམ་དང་། སྒྱུར་བའི་ཐབས་དམ་པ་བཞི། དོ་སྣང་བྱེད་དགོས་བཞི་སོགས་ཞིབ་ཏུ་གཏན་ལ་ཕབ་པ་ཕུད། ཐ་སྙད་མང་པོ་རྒྱ་བོད་སྐད་གཉིས་ཤན་སྦྱར་ཏེ། སོ་སོའི་གོ་དོན་ཞིབ་ཏུ་འགྲེལ་ཡོད་པས། བསྟན་བཅོས་དེ་ཉིད་བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་ཐོག་གི་སྒྲ་སྒྱུར་གཞུང་ལུགས་དང་པོ་དང་། སྒྲ་སྒྱུར་ལ་མཁོ་བའི་ལག་ཆའི་བསྟན་བཅོས་དང་པོར་གྱུར་ཏེ། ཕྱིས་ཀྱི་བོད་ཡིག་སྒྲ་སྒྱུར་བྱ་བར་ཤན་ཤུགས་གཏིང་ཟབ་ལ་ཡུན་རིང་བ་ཞིག་ཐེབས་ཤིང་། བོད་ཀྱི་སྒྲ་སྒྱུར་བྱ་བ་གོང་འཕེལ་དུ་འགྲོ་བར་ཕན་ནུས་ཆེན་པོ་ཐོན་ཡོད།

ཡོངས་གྲགས་དུས་རབས་བརྒྱད་པའི་ནང་བཙན་པོ་ཁྲི་རལ་གྱི་སྐུ་དུས་སུ་འུ་ཤང་རྡོའི་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་དུ་ལོ་ཙཱ་བ་ཁྱི་ལྕེ་འབྲུག་སོགས་ཀྱིས་བཙན་པོའི་བཀའ་བཞིན་སྔ་འགྱུར་བཀའ་བསྟན་རྣམས་ལ་འགྱུར་བཅོས་ཞུ་དག་ཞིབ་ཕྲ་མཛད་པ་དང་། དེ་དང་ཆབས་ཅིག་མ་འོངས་པར་བསྒྱུར་རྒྱུའི་བཀའ་བསྟན་རྣམས་སྐྱོན་མེད་ཚད་ལྡན་ཡོང་ཆེད་སྒྲ་སྦྱོར་བམ་པོ་གཉིས་པ་དང་། བྱེ་བྲག་རྟོགས་བྱེད་ཆེ་ཆུང་བཅས་སྐད་ཡིག་གཞན་ནས་བཀའ་བསྟན་གསུང་རབ་བོད་ཀྱི་སྐད་ཡིག་ཏུ་སྒྱུར་སྐབས་ལོ་ཙཱ་བ་དག་གིས་ཁྲིམས་དང་སྒྲིག་གཞི་གང་དག་གཞི་རྩར་བཟུང་ནས་སྒྲ་སྒྱུར་གནང་དགོས་མིན་གྱི་རྣམ་གཞག་སྟོན་པའི་འཛམ་གླིང་ཐོག་ཆེས་སྔ་གྲས་སུ་གྱུར་པའི་སྒྲ་སྒྱུར་རིག་པའི་གཞུང་ལུགས་ཀྱི་རྣམ་གཞག་བརྩམས་ཤིང་། སྒྲ་སྒྱུར་གྱི་གལ་ཆེའི་རྩ་དོན་ཁག་གཏན་ལ་ཕབ་ནས་བཀས་བཅད་གནང་སྟེ་སྒྲ་སྒྱུར་གྱི་བྱེད་སྒོར་རིག་པའི་གཞུང་ལུགས་ཀྱི་ཕྱོགས་སྟོན་ཡོད་པ་དང་། ཚད་ལྡན་དུ་གྱུར་པའི་ཉི་གཞོན་གྱི་སྣང་བ་གསར་པ་འདྲེན་པར་མཛད།

སྒྲ་སྒྱུར་རིག་པའི་གཞུང་ལུགས་ལ་སྒྲ་སྦྱོར་བམ་པོ་གཉིས་པ༌[5]དང་། དག་ཡིག་མཁས་པའི་འབྱུང་གནས་གཉིས་ལས། སྒྲ་སྦྱོར་བམ་པོ་གཉིས་པ་ནི་ལེགས་སྦྱར་ནས་བོད་སྐད་དུ་སྒྱུར་སྐབས་བཙན་པོའི་སྐུ་དུས་སུ་ཁྲིམས་སུ་བཅས་པ་ཞིག་ཡིན་ལ། སྒྲ་སྦྱོར་བམ་པོ་གཉིས་པ་ནི་བྱེ་བྲག་རྟོགས་བྱེད་ཆེན་མོ་ཕུད་བོད་ཀྱི་ཚིག་མཛོད་སྔ་ཤོས་ཤིག་ཡིན་པར་མ་ཟད། ལོ་ཙཱ་བའི་ཉམས་ཡིག་དང་། སྒྲ་སྒྱུར་གྱི་དཀའ་ངལ་སེལ་བའི་ལྡེ་མིག་ལྟ་བུ་ཞིག་ཀྱང་ཡིན་ཅིང་། སྒྲ་སྦྱོར་བམ་པོ་གཉིས་པ་ལ་ལེའུ་གཉིས་ཡོད་པ་ལས། ལེའུ་དང་པོ་ནི། སྒྲ་སྒྱུར་གྱི་རྩ་དོན་གསུམ་དང་། སྒྱུར་ཐབས་བཞི། དོ་སྣང་བྱེད་དགོས་པ་བཞི་བཅས་ཀྱི་དོན་ཚན་རྣམས་རེ་རེ་བཞིན་ཞིབ་གསལ་གཏན་འབེབས་བཀས་བཅད་གནང་བ་ཞིག་ཡིན།

ལེའུ་གཉིས་པ་ནི། སྐབས་དེར་བཀས་བཅད་མཛད་ཟིན་པའི་མིང་ཚིག་གི་དཀར་ཆག་ཡིན། དེ་ཡང་མཁས་པའི་དབང་པོ་ལོ་ཆེན་དུ་མའི་བཀའ་དྲིན་གྱིས་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་བསྒྱུར་བའི་བཀའ་བསྟན་གསུང་རབ་རྣམས་སྔར་ན་མེད་པའི་ཐ་སྙད་མིང་ཚིག་སྒྱུར་ལུགས་གཅིག་གྱུར་བྱུང་བ་དང་། ཆོས་ཚིག་ཐ་སྙད་དེ་དག་སམ་བོད་སྐད་གཉིས་ཤན་སྦྱར་གྱིས་འགྲེལ་བཤད་གོ་དོན་མ་ལོག་པ་ཡང་དག་པ་མཛད་དེ། སམ་བོད་ཤན་སྦྱར་གྱི་ཐ་སྙད་ཚིག་མཛོད་གསར་དུ་བརྩམས། བོད་གངས་ཅན་གྱི་ལྗོངས་སུ་རིག་གནས་སྤྱི་དང་། ཁྱད་པར་སངས་རྒྱས་ཆོས་ལུགས་ཀྱི་རིགས་ལམ་དཔྱད་བསྡུར་དང་། སློབ་སྦྱོང་བྱེད་པའི་དུས་སྐབས་གསར་པ་ཞིག་ཤར་རོ།།

གཞན་ཡང་ལྕང་སྐྱ་རོལ་པའི་རྡོ་རྗེས་ (1717-1786) མཛད་པའི་དག་ཡིག་མཁས་པའི་འབྱུང་གནས་ནི། བོད་སྐད་ནས་སོག་སྐད་དང་མན་ཇུའི་སྐད་ལ་བཀའ་བསྟན་གསུང་རབ་སྒྱུར་སྐབས་ཁྲིམས་སུ་བཅས་པའི་གཞུང་ལུགས་ཤིག་ཡིན། དེ་ལྟར་མཛད་དགོས་པའི་རྒྱབ་ལྗོངས་ནི། སྐབས་དེར་མན་ཇུའི་སྐད་ཡིག་དང་། སོག་པོའི་སྐད་ཡིག་ཏུ་བཀའ་འགྱུར་བསྒྱུར་ཟིན་ཅིང་། བསྟན་འགྱུར་བསྒྱུར་རྒྱུའི་ལས་གཞི་དབུ་བཙུགས་གནང་བར་བརྟེན། བཀའ་བསྟན་བསྒྱུར་སླད་མཁས་པ་དུ་མ་ཞིག་ལྷན་དུ་ཚོགས་ནས་བྱེ་བྲག་རྟོགས་བྱེད་ཆེན་པོ་བཟོས་པ་ལྟར། དག་ཡིག་མཁས་པའི་འབྱུང་གནས་ཞེས་པའི་ཚིག་མཛོད་འདི་ཉིད་གཏན་ལ་ཕབ་པ་ཞིག་དང་། དེའི་ནང་ཕར་ཕྱིན་དང་། དབུ་མ། མངོན་པ། འདུལ་བ། གྲུབ་མཐའ། སྒྲ་རིག །གཏན་ཚིགས་རིག་པ། སྔགས། བཟོ་རིག་པ། གསོ་བ་རིག་པ། བརྡ་གསར་རྙིང་བཅས་སྡེ་ཚན་བཅུ་གཅིག་ཏུ་ཕྱེ་ནས་ཐ་སྙད་བཟོས་ཡོད། དེའི་དབང་གིས་བོད་སྐད་ནས་སྐད་ཡིག་གཞན་ལ་སྒྱུར་སྐབས་དཀའ་ཚེགས་ཆུང་ཞིང་། ཉེས་སྐྱོན་མི་འཇུག་པ། ཡང་དག་པ་བསྒྱུར་ཐུབ་པ་སོགས་ཀྱི་དགེ་མཚན་ལྡན་ཡོད།

རྒྱ་ནག་ལ་མཚོན་ན། འགྱུར་གྱི་ཚད་གཞིའི་ཐད་ནས་ཡོངས་སུ་གྲགས་ཤིང་། ཤུགས་རྐྱེན་ཆེ་ཤོས་ནི་རྒྱ་ནག་པའི་ལོ་ཆེན་ཡན་ཧྥུ་ཞེས་པས་གསུངས་པའི་ཡིད་གཏོད་ལྷུག་པོ་འཇེབས་པ་གསུམ་ཟེར་བ་དེ་ཉིད་ཡིན་ཅིང་། དེང་སྐབས་ལོ་ཙཱ་བ་མང་པོས་དེ་ལ་ཚད་འཛིན་གནང་བཞིན་ཡོད་འདུག །ཁོང་གིས་འགྱུར་དོན་གྱི་དཀའ་བ་གསུམ་ཞེས་པ་དེ་ཕྱི་ལོ་ ༡༨༩༦ ལོར་རང་ཉིད་ཀྱིས་བསྒྱུར་གནང་བའི་འཇིག་རྟེན་ཆགས་རབས་ཞེས་པའི་འགོ་བརྗོད་དུ་གསུངས་ཤིང་། ཚད་གཞི་དེ་གསུམ་བཏོན་ནས་ལོ་ངོ་ ༡༢༥ ཙམ་ལས་ཕྱིན་མེད། དེང་སང་དེར་ཡན་ཧྥུ་ཡི་ཚད་གཞི་གསུམ་ཟེར། བོད་གངས་ཅན་གྱི་ལྗོངས་སུ་འགྱུར་གྱི་བྱ་བ་དར་ཁྱབ་བྱུང་ནས་ལོ་ངོ་སྟོང་ཕྲག་ལྷག་ལོན་ཡོད་པ་དང་། ལོ་ཆེན་གསེར་གྱི་རི་བོ་ཚར་དུ་དངར་ཞིང་། བཀའ་བསྟན་གྱིས་མཚོན་འགྱུར་ཡིག་རྒྱ་མཚོ་ལྟར་མུ་མཐའ་བྲལ་བ་ཞིག་ཀྱང་བྱུང་ཡོད་པས། འདི་དག་གི་ཐད་ནས་ང་ཚོ་སྔོན་ཐོན་དང་སྤོབས་པ་བྱེད་འོས་ཤིག་ཏུ་གྱུར་ཡོད།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་ ༢༡༦ སྟེང་། དོ་སྣང་བྱེད་དགོས་པ་བརྒྱད་ཅེས་གསལ།

[2] སྒྲ་སྦྱོར་བམ་པོ་གཉིས་པ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༧༠

[3] འུ་ཤང་རྡོའི་དཔལ་དཔེ་མེད་བཀྲ་ཤིས་དགེ་འཕེལ་དགུ་ཐོག་ཅན། 1. ཁྲི་གཙུག་ལྡེ་བཙན་རལ་པ་ཅན་ (798-815) གྱིས་བཏབ། 2. འུ་ཤང་རྡོ་ཕོ་བྲང་ནི་ལོ་རྒྱུས་སུ་ཁྲི་འདུས་སྲོང་མང་པོ་རྗེ་ཚུན་ཆད་ནས་བཙན་པོ་རྣམས་ཀྱིས་ཚོགས་འདུ་ཚོགས་ས་ཡིན། བ་རི་སྟག་ཚང་གི་ཆོས་འབྱུང་དུ་ལྕགས་ཕག་ (ཕྱི་ལོ་ 891) ལོར་བཞེངས་པར་བཤད་པ་ནི་ཧ་ལམ་ལོ་སྐོར་དྲུག་ཅུ་གཅིག་ཕྱིས་ཐལ། (བསྟན་རྩིས་ཀ་ཕྲེང་ལག་དེབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་གྲངས་ ༤༧༩ ཐོག་གསལ་ལོ།)

[4] བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༡༨༡

[5] དུང་དཀར་རིན་པོ་ཆེའི་གསུང་འབུམ། ༼ཇ༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་ ༣༡༤ ལས། སྒྲ་སྦྱོར་བམ་གཉིས་བཙན་པོ་གང་གི་དུས་སུ་མཛད་མིན་ལ། བོད་ཡིག་གི་ལོ་རྒྱུས་ཡིག་ཆ་མང་ཆེ་བར་བཙན་པོ་ཁྲི་རལ་པ་ཅན་གྱི་དུས་སུ་མཛད་པའི་བཀས་བཅད་ཡིན་ཚུལ་གསལ་ཡང་། སྒྲ་སྦྱོར་བམ་གཉིས་རང་གི་མགོ་བརྗོད་ནང་། རྟའི་ལོ་ལ་བཙན་པོ་ཁྲི་ལྡེ་སྲོང་བཙན་ཕོ་བྲང་འོན་ཅང་རྡོ་ན་བཞུགས་ཞེས་གསལ་པོར་འཁོད་ཡོད་པས། ཁྲི་རལ་པ་ཅན་གྱི་ཡབ་ཁྲི་ལྡེ་སྲོང་བཙན་གྱི་དུས་སུ་བཀས་བཅད་མཛད་པ་ཡིན།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༧༧ ནས་ ༣༨༣ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *