ཤ༽ ཇོ་བོ་རྗེ་ལུང་རྟོགས་ཀྱི་ཡོན་ཏན་ལ་མངའ་བརྙེས་ཚུལ།

ཤ༽ ལུང་རྟོགས་ཀྱི་ཡོན་ཏན་ལ་མངའ་བརྙེས་ཚུལ།

 

དེ་ཡང་༸རྒྱལ་བ་དགེ་འདུན་རྒྱ་མཚོས་ (1476-1542) མཛད་པའི་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་རྣམ་པར་ཐར་པ་ལ་མདོ་ཙམ་དུ་བསྟོད་པ་ལས[1]།

སྣང་བ་མཐའ་ཡས་རྒྱལ་བ་ཀུན་གྱི་གཙོ། །

སྙིགས་དུས་ལྔ་བརྒྱའི་གཙུག་རྒྱན་ཐམས་ཅད་མཁྱེན། །

དཔལ་ལྡན་མར་མེ་མཛད་དཔལ་ཡེ་ཤེས་ཞེས། །

ཕྱོགས་བཅུར་སྙན་པར་གྲགས་ལ་ཕྱག་འཚལ་ལོ། །

ཞེས་བསྟོད་ཕྱག་མཛད་པ་ལྟར། ལུང་དང་རྟོགས་པའི་ཡོན་ཏན་ཇི་ལྟ་བུ་བརྙེས་ཚུལ་དང་། སོ་ཐར་བྱང་སེམས་གསང་སྔགས་ཀྱི་སྡོམ་པ་དང་ལྡན་ཚུལ། བསླབ་པ་གསུམ་དང་ལྡན་ཚུལ་བཅས་ནི། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[2]། ཡོན་ཏན་བརྙེས་ཚུལ་ལ་ལུང་རྟོགས་གཉིས་ལས། ལུང་གི་ཡོན་ཏན་བརྙེས་པའི་ཚུལ་ནི། ཕྱི་ནང་ཐུན་མོང་བའི་རིག་གནས་ཆེ་ཆུང་མཐའ་དག་དང་། རྒྱལ་བའི་བཀའ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་དགོངས་འགྲེལ་དང་བཅས་པ་ལ་སྦྱངས་པ་མཐར་ཕྱིན་པར་མཛད་པས། རང་དང་གཞན་གྱི་སྡེ་པའི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པས་ན་ལུང་གི་བསྟན་པའི་གནད་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པ་ཡིན་ནོ།།

རྟོགས་པའི་ཡོན་ཏན་བརྙེས་ཚུལ་ནི། རྟོགས་པའི་ཡོན་ཏན་ཐམས་ཅད་བསྡུ་ན་བསླབ་པ་གསུམ་དུ་འདུ་ལ། ཚུལ་ཁྲིམས་ཀྱི་བསླབ་པ་ལ་ཡང་། སོ་ཐར་གྱི་ཚུལ་ཁྲིམས་དང་། བྱང་སེམས་ཀྱི་ཚུལ་ཁྲིམས་དང་། གསང་སྔགས་ཀྱི་ཚུལ་ཁྲིམས་གསུམ་ལས། སོ་ཐར་གྱི་ཚུལ་ཁྲིམས་རྣམ་པར་དག་པར་མཛད་ཚུལ་ནི། དགེ་སློང་གི་སྡོམ་པ་མནོས་ནས་རྔ་རྩིད་ལ་ཆགས་པའི་གཡག་གིས་རྔ་མ་ཉག་མ་རེ་རེ་ཤིང་ལ་ཐོགས་པ་ན་རྔོན་པས་སྲོག་དང་འཕྲལ་བར་མཐོང་ན་ཡང་སྲོག་དང་བསྡོས་ཏེ་རྔ་མ་མི་གཅོད་པར་སྲུང་བ་ལྟར། ཁས་བླངས་པའི་བསླབ་པའི་གཞི་ཆེན་པོ་ལྟ་ཅི་སྨོས། བསླབ་པའི་གཞི་ཕྲ་མོ་རེ་རེ་ཡང་སྲོག་དང་བསྡོས་ནས་བསྲུངས་པས་གནས་བརྟན་འདུལ་བ་འཛིན་པ་ཆེན་པོར་གྱུར་ཏོ།།

བྱང་སེམས་ཀྱི་ཚུལ་ཁྲིམས་དང་ལྡན་ཚུལ་ནི། བྱམས་པ་དང་སྙིང་རྗེའི་རྩ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་སྦྱོང་བའི་གདམས་པ་མང་པོ་དང་། ཁྱད་པར་གསེར་གླིང་པ་བསྟེན་ནས་རྗེ་བཙུན་བྱམས་པ་དང་། འཇམ་པའི་དབྱངས་ནས་ཐོགས་མེད་དང་། ཞི་བ་ལྷ་ལ་བརྒྱུད་པའི་གདམས་པ་མཆོག་ལ་རིང་དུ་སྦྱངས་པས། བསྟོད་པ་ལས།

རང་དོན་ཡལ་བར་དོར་ནས་གཞན་གྱི་དོན། །

ལྷུར་མཛད་དེ་ནི་བདག་གི་བླ་མ་ལགས། །

ཞེས་འབྱུང་བ་ལྟར་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ཐུགས་རྒྱུད་ལ་འཁྲུངས་ཤིང་། སྨོན་པའི་སེམས་དེས་ཀུན་ཏུ་དྲངས་པའི་འཇུག་པའི་སེམས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་སློབ་པར་ཁས་བླངས་པའི་རྗེས་སུ་འགྲོ་བའི་བསླབ་པ་ལ་སློབ་པའི་སྤྱོད་པ་བཟང་པོས་རྒྱལ་སྲས་རྣམས་ཀྱི་བཅས་པའི་མཚམས་ལས་མི་འདའ་བར་མཛད་དོ།།

གསང་སྔགས་ཀྱི་ཚུལ་ཁྲིམས་དང་ལྡན་ཚུལ་ནི། རང་གི་ལུས་ལྷར་གཟིགས་པའི་བསྐྱེད་པའི་རིམ་པ་དང་། རྡོ་རྗེའི་ཐུགས་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་དང་ལྡན་པས་རྣལ་འབྱོར་པའི་གཙོ་བོ་ཞེས་སྤྱིར་བསྟོད་ཅིང་། ཁྱད་པར་དུ་བཅས་པའི་མཚམས་ལས་མི་འདའ་བར་དམ་ཚིག་ཚུལ་བཞིན་དུ་སྲུང་བ་ཡང་། བསྟོད་པ་ལས།

དྲན་དང་ཤེས་བཞིན་ལྡན་པ་ཡིས། །ཚུལ་ཁྲིམས་མ་ཡིན་ཡིད་མི་མཛད། །

བག་ཡོད་དྲན་དང་གཡོ་སྒྱུ་མེད། །ལྟུང་བའི་ཉེས་པས་ཁྱོད་མ་གོས། །

ཞེས་དང་། བོ་དོང་ཕྱོགས་ལས་རྣམ་རྒྱལ་ (1375-1450) གྱིས་མཛད་པའི་དཔལ་མར་མེ་མཛད་ཡེ་ཤེས་ལ་བསྟོད་པ་རིན་པོ་ཆེའི་ཕྲེང་བ་ལས[3]། ལུས་དང་སྲོག་ལ་ཅུང་ཟད་མ་གཟིགས་པར། །ཆོས་ཀྱི་སླད་དུ་རྒྱ་མཚོར་ལན་གསུམ་ཞུགས། །མཁས་ཤིང་གྲུབ་པའི་བླ་མ་དཔག་མེད་བསྟེན། །བརྩོན་ལྡན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །འཕགས་པའི་ཡུལ་དང་རྒྱ་གར་ཤར་ལྷོ་དང་། །ཁ་ཆེ་གསེར་གླིང་ཨུ་རྒྱན་ལ་སོགས་སུ། །རང་གཞན་དོན་ལ་རྗེས་སུ་གཤེགས་གྱུར་པ། །མི་ཞུམ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ།།

དོན་འདི་ལ་རྗེ་བདག་ཉིད་ཆེན་པོས་སྡོམ་པ་གསུམ་གྱི་ཡོན་ཏན་དང་ལྡན་ཚུལ་དེ་དག་གསུངས་ནས། དེ་ལྟར་སྡོམ་པ་གསུམ་གྱི་ཚུལ་ཁྲིམས་ཀྱི་བསླབ་པ་རྣམས་ཁས་ལེན་པ་ལ་དཔའ་བ་ཙམ་མིན་པར་ཇི་ལྟར་ཁས་བླངས་པའི་རྗེས་སུ་འབྲངས་ཏེ་བཅས་པའི་མཚམས་ལས་མི་འདའ་བར་སྲུང་ཞིང་། བརྒྱ་ལ་ཅུང་ཟད་འདས་ན་ཡང་མྱུར་བ་མྱུར་བར་རང་རང་གི་ཕྱིར་བཅོས་ཀྱི་ཆོ་གས་དག་པར་བྱེད་པའི་རྣམ་པར་ཐར་པ་འདི་ནི་གསུང་རབ་ཀྱི་གནད་ཤེས་པའི་མཁས་པ་རྣམས་དགའ་བ་སྐྱེད་པའི་རྣམ་པར་ཐར་པར་ཤེས་པར་བྱས་ལ་དམ་པ་རྣམས་ཀྱི་རྗེས་སུ་བསླབ་པར་བྱའོ། །ཞེས་གསུངས་སོ།།

ཏིང་ངེ་འཛིན་གྱི་བསླབ་པ་དང་ལྡན་ཚུལ་ནི། ཐུན་མོང་བ་ཞི་ལྷག་ཟུང་འབྲེལ་དང་ཐུན་མོང་མ་ཡིན་པ་བསྐྱེད་རིམ་མཐར་ཕྱིན་པར་མཛད་པའི་ཚུལ་ནི་རྣམ་ཐར་ཆེན་མོར་གསལ་བ་ལྟར་རོ། །ཤེས་རབ་ཀྱི་བསླབ་པ་དང་ལྡན་ཚུལ་ནི། ཐུན་མོང་བ་ཞི་ལྷག་ཟུང་འབྲེལ་དང་ཐུན་མོང་མིན་པ་རྫོགས་རིམ་གྱི་རྟོགས་པ་ཁྱད་པར་ཅན་བརྙེས་པ་རྣམ་ཐར་ཆེན་མོ་དང་རྡོ་རྗེའི་གླུར་གསལ་བ་ལྟར་རོ། །བསྟན་པ་ལ་བྱ་བ་མཛད་ཚུལ་ནི་རྒྱ་བོད་གཉིས་ཀར་རྒྱལ་བའི་བསྟན་པ་ལ་བྱ་བ་མཛད་ཚུལ་བསམ་གྱིས་མི་ཁྱབ་པ་སྔར་བརྗོད་ཟིན་པ་ལྟར་རོ། །ཞེས་གསུངས་ལ། རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་བྱང་ཆུབ་ལམ་རིམ་ཆེན་མོར་[4]ཡང་དེ་བཞིན་གསལ་ལོ།།

གཞན་ཡང་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཇི་ལྟར་མངའ་བ་ནི། འབྲོམ་སྟོན་གཞོན་ནུ་བློ་གྲོས་ (འཁྲུངས་དུས།1271-?) ཀྱིས་མཛད་པའི་བསྟན་པ་རིན་པོ་ཆེ་ལྷ་ཆོས་ཕུན་སུམ་ཚོགས་པའི་ལོ་རྒྱུས་ལོ་མཚར་རྨད་དུ་བྱུང་བ་ལས[5]། འདིའི་ལོ་རྒྱུས་ནི། ཇོ་བོས་འཇིག་རྟེན་དང་སྒོ་བསྟུན་ནས། ཤར་ཕྱོགས་བྷཾ་ག་ལར་སྐུའི་སྐྱེ་བ་བཞེས་ལུགས་དང་། དེའི་ཡབ་དང་ཡུམ་ལ་སོགས་པ་དང་། ཁབ་ཏུ་ཇི་ཙམ་བཞུགས་པ་དང་། ཨ་ཝ་དྷུ་ཏིའི་སྤྱོད་པ་མཛད་ནས། དེའི་རྗེས་སུ་ཡི་དམ་གྱི་ལྷས་བསྐུལ་ཏེ་རབ་ཏུ་ཇི་ལྟར་བྱོན་པའི་ཚུལ་དང་། བླ་མ་ཇི་ལྟར་བསྟེན་ནས་དེ་དག་གི་ཡོན་ཏན་ཇི་ལྟར་བླངས་པའི་ཚུལ་དང་། མཐར་ཤེས་བྱ་རིག་པའི་གནས་ལྔ་ལ་མཁས་པར་གྱུར་ནས། པཎྜི་ཏ་ལྔ་བཅུ་རྩ་ལྔའི་གཙུག་གི་ནོར་བུར་ཇི་ལྟར་གྱུར་པ་དང་། བཙུན་པའི་མཐར་ཐུག་པ་འདུལ་བ་འཛིན་པར་གྲགས། མཁས་པའི་མཐར་ཐུག་པ་མུ་སྟེགསཀྱི་སྟོན་པ་གདུགས་བཅུ་གསུམ་ཙམ་ཕུབ་པའི་ང་རྒྱལ་ཅན་ཇི་ལྟར་བཏུལ་བ་དང་། བཟང་བའི་མཐར་ཐུག་པ་དེ་འདྲ་བའི་མཁས་པར་ཡོད་ཀྱང་མཁས་ཞེས་ཐུགས་རྒྱལ་མི་མཛད། མཁས་པ་གཞན་ཐམས་ཅད་ཀྱིས་པཎྜི་ཏ་མཁས་པ་འདི་སུ་ཡིན་ཞེས་སྨྲས་ཀྱང་། པཎྜི་ཏ་ཙམ་མ་ཡིན་ཞེས་སྦས་པའི་བརྟུལ་ཞུགས་ཇི་ལྟར་མཛད་པ་དང་། གཞན་ཡང་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་ཐུགས་ཇི་ལྟར་མངའ་བ་དང་། རྟོགས་པ་མཐོ་བའི་མཐར་ཐུག་པ་ཕྱི་ནང་ཐམས་ཅད་བསྐྱེད་རྫོགས་གསང་སྔགས་ཐེག་པ་ཆེན་པོའི་རང་བཞིན་དུ་གནས་ཀྱང་སྔར་བཞིན་ཐུགས་མི་རྒྱལ་བ་དང་། དེ་ཐམས་ཅད་སྙིང་རྗེ་དང་དབུ་མ་ཆེན་པོ་དབྱེར་མེད་པར་འཇུག་པ་ལ་སོགས་པ། འཇིག་རྟེན་མཐུན་འཇུག་གི་ཆོས་ཀྱང་བསམ་གྱིས་མི་ཁྱབ་པར་གྲགས། ཞེས་སོགས་གསུངས་པ་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ༸རྒྱལ་བ་དགེ་འདུན་རྒྱ་མཚོའི་གསུང་འབུམ། ༼ཀ༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༡༢༣

[2] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༤༣ ནས་ ༡༦༩ བར།

[3] བོ་དོང་པཎ་ཆེན་གྱི་གསུང་འབུམ། ༼ཨོཾ༽ (ཕྱི། མ། ༧༢༤) བྲིས་མ་ཤོག་གྲངས་ ༡ན༡ ནས་ ༤བ༥ བར།

[4] རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ། པོད། ༼པ༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་གྲངས་ ༡༡

[5] བསྟན་པ་རིན་པོ་ཆེ་ལྷ་ཆོས་ཕུན་སུམ་ཚོགས་པའི་ལོ་རྒྱུས་ལོ་མཚར་རྨད་དུ་བྱུང་བ། བྲིས་མ། ཤོག་ ༤ན༡

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཆ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༦༩ ནས་ ༢༧༣ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *