ཕ༽ ཚིག་དོན་གཉིས་ཀར་མཁས་པ་ཡིན་ཚུལ།
དེ་ཡང་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་ལེགས་བཤད་གསེར་ཕྲེང་ལས[1]། རབ་གསལ་ཆེས་མྱུར་སྤོབས་པས་བསྒྲུབས་པའི་རིགས་པའི་གློག་ཕྲེང་དྲག་ཏུ་འཁྱུག །མི་ཤེས་ཚ་གདུང་ཀུན་ནས་བསིལ་བྱེད་ལེགས་བཤད་ཆུ་ཡི་ལྗིད་ཀྱིས་ནོན། །སྟོང་ཉིད་ང་རོ་རབ་ཏུ་བརྗིད་པའི་འབྲུག་སྒྲའི་དཔལ་གྱིས་ཉེར་མཛེས་པ། །སེང་བཟང་ཞེས་གྲགས་ཆུ་འཛིན་གང་དེ་ཐུབ་བསྟན་ནམ་མཁའི་རྒྱན་དུ་གྱུར། །
ཞེས་བསྟོད་པ་ཆེས་ཆེར་མཛད་ཡུལ་གྱི་སློབ་དཔོན་སེངྒེ་བཟང་པོ་ནི་ཚིག་དོན་གཉིས་ལ་མཁས་པའི་ཤེས་རབ་དང་ལྡན་པ་སྟེ། གཡག་སྟོན་སངས་རྒྱས་དཔལ་ (1350-1414) གྱིས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་དང་དེའི་འགྲེལ་པ་དོན་གསལ་བ་དང་བཅས་པ་ལེགས་པར་བཤད་པ་རིན་ཆེན་བསམ་འཕེལ་དབང་གི་རྒྱལ་པོ་ལས[2]། གཉིས་པ་ལ་དོན་ལ་མཁས་པའི་ཤེས་རབ་ནི། སློབ་དཔོན་སེང་གེ་བཟང་པོ་ཆོས་ཅན། ཡུམ་དོན་ལ་མཁས་པའི་ཤེས་རབ་ཡོད་དེ། ཉིད་ཀྱིས་གོང་དུ་བཤད་པ་དེ་ལྟ་བུའི་མཁས་པ་བཞིའི་ལེགས་བཤད་ཀྱིས་བློ་གྲོས་གསལ་བར་བྱས་པ་དང་། བྱམས་པས་རྗེས་སུ་བཟུང་བ་ལ་བརྟེན་ནས་བསྟན་བཅོས་ཡུམ་དང་རྒྱན་གྱི་ཚིག་དོན་མཐའ་དག་ཡུམ་དང་རྒྱན་གྱི་དགོངས་པ་ཇི་ལྟ་བ་དེ་ལྟར་རྙེད་པའི་ཕྱིར་ཞེས་པ་ནི་སློབ་དཔོན་རང་གི་བློའི་ཆེ་བ་བརྗོད་པ་ཙམ་ཡིན་ནོ། །འོ་ན་གོང་མ་བཞི་དང་ཟློས་སྐྱོན་ཡོད་དོ་ཞེ་ན། སློབ་དཔོན་གྱིས་རྙེད་པའི་འགྲེལ་ཆུང་དོན་གསལ་དེ་ཆོས་ཅན། འགྲེལ་པ་གོང་མ་བཞི་ལས་ཡ་མཚན་ཆེ་སྟེ། དབྱིག་གཉེན་དང་བཙུན་པ་གྲོལ་སྡེས་མ་རྙེད་པའི་བསྟན་བཅོས་ཀྱི་དོན་རྙེད་ནས་བརྩམས་པའི་ཕྱིར་དང་། དེ་ཉིད་རྣམ་ངེས་དང་ཉི་ཁྲི་སྣང་བ་ལ་ལྟོས་ཏེ་ཚིག་ཉུང་ཞིང་ཡུམ་དོན་དབུ་མར་འགྲེལ་བྱེད་ཡིན་པའི་ཕྱིར། དེའི་ཕྱིར་ཟློས་སྐྱོན་མེད་དོ།།
གཉིས་པ་ཚིག་ལ་མཁས་པའི་ཤེས་རབ་ནི། སློབ་དཔོན་སེང་གེ་བཟང་པོ་ཆོས་ཅན། ཡུམ་གྱི་ཚིག་ལ་མཁས་པའི་ཤེས་རབ་ཡོད་དེ། ཡུམ་གྱི་ཚིག་དོན་ཕྱིན་ཅི་མ་ལོག་པར་དབྱེ་བའི་ཕྱིར། ཡུམ་གྱི་དོན་ཆོས་ཅན། ཤིན་ཏུ་རྙེད་པར་དཀའ་བ་ཡིན་ཏེ། ཤེས་རབ་ཅན་དབྱིག་གཉེན་དང་། དད་པ་ཅན་བཙུན་པ་གྲོལ་སྡེས་ཀྱང་མ་རྙེད་པའི་དོན་ཡིན་པ་དེ་ལྟ་བས་སོ། །སློབ་དཔོན་སེང་གེ་བཟང་པོ་ཆོས་ཅན། ཡུམ་དོན་དབྱེ་བར་རིགས་ཏེ། སངས་རྒྱས་ཀྱི་ཐུགས་རྗེའི་དབང་གིས་དུས་རིང་མོ་ཞིག་ནས་ཟབ་མོའི་ལམ་གཞུང་ལམ་ཤེར་ཕྱིན་རྙེད་པའི་མཁས་པ་ཡིན་པའི་ཕྱིར། གཉིས་པ་ནི། ཆོས་ཅན། ཡུམ་གྱི་ཚིག་དོན་མ་ལུས་ཁྱོད་ཀྱི་ཐོས་པ་ལ་སོགས་པ་རྣམ་པ་ཀུན་གྱི་མངོན་སུམ་གྱི་སྤྱོད་ཡུལ་མིན་ཏེ། ཁྱོད་སོ་སྐྱེ་ཡིན་པའི་ཕྱིར། འོ་ན་ཡུམ་དོན་སྟོན་པའི་བསྟན་བཅོས་རྩོམ་པ་མི་འཐད་དོ་ཞེ་ན། ཡང་གི་ཁོངས་ནས་སོ།།
ཡུམ་དོན་མ་ལུས་པ་མངོན་སུམ་གྱི་ཡུལ་མ་ཡིན་ན་ཡང་ཆོས་ཅན། ཡུམ་དོན་སྟོན་པའི་བསྟན་བཅོས་རྩོམ་པར་རིགས་ཏེ། རང་གཞན་ལ་མངོན་མཐོ་དང་ངེས་ལེགས་ཀྱི་ཕན་གདགས་པར་འདོད་པའི་སྒོ་ནས་ཡུམ་དོན་འབྱེད་པ་ལ་སྤྲོ་བ་སྐྱེས་ཏེ་ཡུམ་དོན་འབྱེད་པའི་བསྟན་བཅོས་བརྩམས་པའི་ཕྱིར། ཡུམ་དོན་དབྱེ་བས་རང་གཞན་ལ་ཕན་ནམ་ཞེ་ན། ཆོས་ཅན། ཡུམ་དོན་དབྱེ་བས་རང་གཞན་ལ་ཕན་ཏེ། ཁྱོད་ཀྱི་ཡུམ་དོན་འབྱེད་པའི་བསྟན་བཅོས་དེ་མེ་ཏོག་ལ་སོགས་པས་སངས་རྒྱས་མཆོད་པ་ལ་སོགས་པའི་བསོད་ནམས་གསོག་པ་དང་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་མཚུངས་པའི་ཕྱིར། ཞེས་རིགས་པའི་ལམ་ནས་སློབ་དཔོན་སེངྒེ་བཟང་པོ་ཚིག་དོན་གཉིས་ཀར་མཁས་པ་ཡིན་ཚུལ་གསལ་བར་གསུངས་པ་ལྟར་རོ།།
དེ་བཞིན་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ (1820-1892) མཛད་པའི་མཁྱེན་བརྩེའི་ཆོས་འབྱུང་ལས[3]། སློབ་དཔོན་སེངྒེ་བཟང་པོ་དེ་རྩོམ་པའི་རྒྱུ་ཕུན་སུམ་ཚོགས་པ་སྟེ། མན་ངག་རྒྱུན་མ་ཆད་པ་དང་། བསྟན་བཅོས་ཀྱི་དོན་ལ་མཁས་པ་དང་། ཡི་དམ་གྱི་ལྷ་ལ་མངོན་སུམ་དུ་གནང་བ་ཐོབ་པ་སྟེ། དེ་ཡང་མཁན་པོ་རྣམ་སྣང་མཛད་ལ་རྗེ་བཙུན་གྱི་སྒྲུབ་ཐབས་ཞུས་ནས་བསྒྲུབས་པས། ཤར་ཕྱོགས་ཁ་སརྤཱ་ཎིར་སྤྲིན་གསེབ་ནས་རྗེ་བཙུན་གྱིས་ཞལ་གཟིགས་པར་ཁྱེད་ཀྱི་བསྟན་བཅོས་དེ་ལ་འགྲེལ་པ་དུ་མ་ཞིག་སྣང་བ་གང་གི་རྗེས་སུ་འབྲང་ཞུས་པས། ཐམས་ཅད་ལེགས་པར་རྟོགས་ལ་དོན་འདྲིལ་བའི་འགྲེལ་པ་རྩོམས་ཤིག །ཅེས་གསུང་གི་གནང་བ་ཐོབ་པའི་ཕྱིར། ཞེས་གསུངས་པ་ལྟར། སློབ་དཔོན་སེངྒེ་བཟང་པོ་བསྟན་བཅོས་རྩོམ་པའི་རྒྱུ་ཕུན་སུམ་ཚོགས་པ་གསུམ་ལྡན་པར་གསུངས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] རྗེ་བདག་ཉིད་ཆེན་པོའི་གསུང་འབུམ། ༼ཙ་ཚ༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་གྲངས་ ༡
[2] མངོན་རྟོགས་རྒྱན་དང་འགྲེལ་པ་དོན་གསལ་རྩ་འགྲེལ་གྱི་དགོངས་དོན། མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་ ༧
[3] མཁྱེན་བརྩེའི་ཆོས་འབྱུང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༨ ལོ། ཤོག་གྲངས་ ༡༤༨
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༧༡ ནས་ ༡༧༣ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།