གཉིས་པ། ཤེར་ཕྱིན་གྱི་སྐོར།
༧༧༽ ཤེར་ཕྱིན་ ༼ཐ༽ པ་ལ། རྒྱ་གར་སྐད་དུ། པྲ་ཛྙཱ་པཱ་ར་མི་ཏཱ་པིཎྜཱ་རྠ་པྲ་དཱི་པ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་སྒྲོན་མ། གཞུང་དངོས་ཀྱི་མཛད་བྱང་ལས[1]།
བྷངྒ་ལར་སྐྱེས་དགེ་སློང་ནི། །མར་མེ་མཛད་དཔལ་ཡེ་ཤེས་ཀྱིས། །
གཞུང་དང་བླ་མའི་གསུང་གིས་ནི། །ཕར་ཕྱིན་བསྡུས་དོན་སྒྲོན་མར་བྱས། །
ཞེས་གསུངས་པ་ལྟར། དཔལ་ཤཱནྟི་པའི་སློབ་མ་སློབ་དཔོན་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་མཁས་པ་ཆེན་པོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
པེ་ཅིན་དང་སྣར་ཐང་བསྟན་འགྱུར་གཉིས་[2]སུ། སླད་ཀྱི་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་རིག་པ་འབྱུང་བའི་གནས་སུ། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་ཉི་ཁྲི་བཤད་པའི་དུས་སུ་འདིར་བཤད་པ་ནས་བཏོན། ཕྱིས་ལོ་པཎ་གཉིས་ཀྱིས་བི་བར་ཏ་ཡིས་གསུངས་པ་དག་པའི་དཔེར་ཚུད་པའོ། །འདི་དཔེ་ཕྱི་མོ་དང་བི་བར་ཏ་དང་རྒྱ་དཔེ་གསུམ་མཆིམས་ཕུ་ན། བཻ་རོ་ཙ་ནས་བསྒྱུར་བའི་འབུམ་ཤ་སྒྲོ་ཅན་གྱིས་ནང་ན་ཡོད་དོ་སྐད། བཀྲ་ཤིས། ཞེས་འབྱུང་ལ། དེ་ཡང་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་ལེགས་བཤད་གསེར་ཕྲེང་ལས[3]། དོན་བསྡུས་སྒྲོན་མེ་ཡང་ནུས་པ་ཆུང་ཞིང་། བོད་ཚིག་དུ་མ་སྣང་བས་ཇོ་བོའི་སློབ་མ་གཅིག་གིས་སམ་གཞན་བོད་གཅིག་གིས་བྱས་པར་སེམས་སོ། །ཞེས་རྒྱ་འགྲེལ་ཉེར་གཅིག་ལས་འདི་ཉིད་དོགས་གཞི་ཅན་དུ་གསུངས་པས་དཔྱད་དགོས་པར་སྣང་ངོ་།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་ཤེར་ཕྱིན། པོད་རྟགས། ༼ཐ༽ ཚན་གྲངས་ ༢ ལྡེབ་ ༢༣༠བ༡ ནས་ ༢༤༠ན༧ བར་ཡིག་ཕྲེང་ ༡༤༠ ཚིག་རྐང་ ༧-༩༠༨ ཚེག་ཁྱིམ་ ༦༨༨༨། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བརྒྱད་སྟོང་རྣམ་བཤད། པོད་རྟགས། ༼ཐ༽ ཚན་གྲངས་ ༢ ལྡེབ་ ༢༥༣ན༥ ནས་ ༢༦༢ན༨ བར་ཡིག་ཕྲེང་ ༡༤༨ ཚིག་རྐང་ ༧-༩༠༧ ཚེག་ཁྱིམ་ ༦༩༦༤། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཐ༽ ཚན་གྲངས་ ༢ ལྡེབ་ ༢༦༡བ༢ ནས་ ༢༧༢ན༣ བར་ཡིག་ཕྲེང་ ༡༣༥ ཚིག་རྐང་ ༧-༩༠༨ ཚེག་ཁྱིམ་ ༦༩༦༤། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་ཤེར་ཕྱིན། པོད་རྟགས། ༼ཐ༽ ཚན་གྲངས་ ༢ ལྡེབ་ ༢༣༦ན༡ ནས་ ༢༤༥ན༧ བར་ཡིག་ཕྲེང་ ༡༤༠ ཚིག་རྐང་ ༧-༩༠༨ ཚེག་ཁྱིམ་ ༦༨༨༨། ཅ༽ བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཐ༽ དེབ་ཨང་ ༥༣ ཤོག་གྲངས་ ༡༣༡༨ ནས་ ༡༣༤༠ བར་བཞུགས་པ་བཅས་སོ།།
༧༨༽ ཤེར་ཕྱིན་ ༼མ༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། ཤེས་རབ་སྙིང་པོའི་རྣམ་པར་བཤད་པ་བཞུགས། པེ་ཅིན་དང་སྣར་ཐང་བསྟན་འགྱུར་གཉིས་སུ། ཇོ་བོ་རྗེས་མཛད་པའོ། །ཞེས་དང་། གཞུང་དངོས་ཀྱི་མཛད་བྱང་ལས[4]།
དགེ་སློང་ལེགས་པའི་ཤེས་རབ་ཀྱིས། །མར་མེ་མཛད་དཔལ་ཡེ་ཤེས་ལ། །
གསོལ་བཏབ་ལེགས་པར་བཤད་པ་ཡིན། །དེ་དོན་བདག་གིས་གཞུང་དུ་བྲིས། །
དེང་སང་བོད་ཀྱི་རྒྱལ་ཁམས་འདིར། །སྔར་གྱི་ལུགས་ངན་ལ་ཞེན་པས། །
ད་དུང་དམ་པའི་གདམས་ངག་ལ། །ལེགས་བཤད་ཡིན་པར་མི་ཤེས་ཀྱང་། །
འོན་ཀྱང་ཤེས་རབ་ལྡན་པ་ལ། །ཕན་སྙམ་སྙིང་རྗེའི་བསམ་པས་བྲིས། །
རྒྱལ་ཡུལ་ལེགས་པར་རྟོགས་བྱེད་ཅིང་། །སྡང་བས་སྨྲ་བར་མ་གྱུར་ཅིག །
རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་གསལ་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་ཤེར་ཕྱིན། པོད་རྟགས། ༼མ༽ ཚན་གྲངས་ ༡༢ ལྡེབ་ ༣༡༣ན༤ ནས་ ༣༡༧ན༢ བར་ཡིག་ཕྲེང་ ༥༥ ཚེག་ཁྱིམ་ ༣༦༤༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཚོགས་བཅད་དགུ། པོད་རྟགས། ༼མ༽ ཚན་གྲངས་ ༡༣ ལྡེབ་ ༣༣༣ན༦ ནས་ ༣༣༨བ༤ བར་ཡིག་ཕྲེང་ ༧༩ ཚེག་ཁྱིམ་ ༣༦༥༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼མ༽ ཚན་གྲངས་ ༡༣ ལྡེབ་ ༣༤༢བ༦ ནས་ ༣༤༨ན༧ བར་ཡིག་ཕྲེང་ ༧༩ ཚེག་ཁྱིམ་ ༣༦༥༥ ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་ཤེར་ཕྱིན། པོད་རྟགས། ༼མ༽ ཚན་གྲངས་ ༡༢ ལྡེབ་ ༣༡༣ན༡ ནས་ ༣༡༧ན༧ བར་ཡིག་ཕྲེང་ ༦༣ ཚེག་ཁྱིམ་ ༣༦༦༠། ཅ༽ བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼མ༽ དེབ་ཨང་ ༥༦ ཤོག་གྲངས་ ༡༦༣༤ ནས་ ༡༦༤༥ བར་བཞུགས་པ་བཅས་སོ།། །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཐ༽ དེབ་ཨང་ ༥༣ པ། ༡༩༩༥ ལོ། ཤོག་གྲངས་ ༡༣༤༠
[2] བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཐ༽ དེབ་ཨང་ ༥༣ པ། ༡༩༩༥ ལོ། ཤོག་གྲངས་ ༡༣༤༣
[3] ལེགས་བཤད་གསེར་ཕྲེང་། ༼ཙ༽ སྟོད་ཆ། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༡༡
[4] བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼མ༽ དེབ་ཨང་ ༥༦ པ། ༡༩༩༥ ལོ། ཤོག་གྲངས་ ༡༦༤༥
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༠༡ ནས་ ༡༠༣ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།