༨༽ ལོ་ཙཱ་བ་ཐར་ལོ་ཉི་མ་རྒྱལ་མཚན།
གཙུག་ཏོར་གདུགས་དཀར་འདོན་ཐབས་སམ་སངས་རྒྱས་རྣལ་འབྱོར་དུ་བྱེད་པའི་མན་ངག་ལས[1]།
དབུས་འགྱུར་ཚལ་དུ་བྷོ་ཊའི་བཙུན་གཅིག་པུར། །
གྲགས་པའི་རྔ་གསང་མཐོ་བའི་འཇིག་རྟེན་མིག །
ཐར་པ་ལོ་ཙཱ་ཉི་མ་རྒྱལ་མཚན་གྱི། །
གདམས་པ་ཟབ་མོ་བུ་སྟོན་ཡབ་སྲས་ལས། །
ཞེས་སོགས་གསུངས་པ་ལྟར། བོད་ཀྱི་ལོ་ཙཱ་བ་གནས་བརྟན་ཐར་ལོ་ཉི་མ་རྒྱལ་མཚན་དཔལ་བཟང་པོ་མཆོག་ནི། ཕྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་དཀྱིལ་ཙམ་དུ་སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་སྟེ། དགུང་ལོ་ཆུང་ངུའི་དུས་ནས་བསྟན་པའི་ཆོས་སྒོར་ཞུགས་ཏེ་རབ་བྱུང་དང་། དགེ་ཚུལ། དགེ་སློང་བཅས་ཀྱི་སྡོམ་པ་རིམ་གྱིས་བཞེས་ཤིང་། འདུལ་བའི་ཆོས་གཞུང་སོགས་ལ་ཐོས་བསམ་མཛད། དེ་ནས་བལ་ཡུལ་དང་རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ལ་ཕུལ་དུ་ཕྱིན་པ་སྦྱངས་ནས་བསྟན་བཅོས་མང་པོ་ཞིག་ཐར་པ་གླིང་དུ་བཞུགས་ཤིང་བོད་ཡིག་ཏུ་བསྒྱུར་བར་མཛད།
སྒྱུར་རྩོམ་གཙོ་གྲས་ནི་བཀའ་འགྱུར་ལས། ཆོས་ཀྱི་འཁོར་ལོ་བསྐོར་བའི་མདོ་སོགས་དང་། བསྟན་འགྱུར་ལས། སངས་རྒྱས་ཀྱི་བསྟོད་པ་དང་། དཔལ་ཁྲོ་བོ་བཅུའི་རིག་པའི་ཆོ་ག །ལྷག་པར་དཔལ་ལྡན་ཞི་བ་ལྷས་མཛད་པའི་མོ་རྩིས་སོགས་ཆོས་ཚན་ལྔ་བཅུ་ང་གཉིས་བཞུགས་པ་བཅས་སོ།།[2] །།

༼བསམ་ཡས་གཙུག་ལག་ཁང་གི་ལྡེབས་རིས་སུ་བཞུགས་པའི་ཐར་པ་ལོ་ཙཱ་བའི་སྣང་བརྙན།༽
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] སངས་རྒྱས་མཚན་འབུམ། གདུགས་དཀར། ཤིང་པར་དཔེ་ཐུང་། ཤོག་གྲངས་ ༢༤བ༢༣
[2] བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ་གསལ་བའི་མེ་ལོང་། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་གྲངས་ ༢༧༥། ༡༨༥། ༣༠༤། ༢༡༩། ༢༨༦། ༢༩༣། ༢༠༩། ༢༨༤། ༢༣༩ བཅས་ལས་བཏུས་ཏེ་ལེགས་བསྒྲིགས་ཞུས་པའོ།།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༠༦ ནས་ ༡༠༧ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།