ལོ་ཆེན་བཻ་རོ་ཙཱ་ན།
མཁས་གྲུབ་ཆེན་པོ་ལོ་ཆེན་བཻ་རོ་ཙཱ་ན་ནི། གདུང་པ་གོར། འཁྲུངས་ཡུལ་བཤད་ཚུལ་ལ་ཅུང་མི་འདྲ་སྟེ། ཐང་ཡིག་ལས་སྙེ་མོར་བཤད་པ་དང་། བཻ་རོ་ཉིད་ཀྱི་འདྲ་འབག་ལས་ཉང་ཆུ་གཙང་ཆུ་འདྲེས་པ་ཞེས་འབྱུང་བས། ད་ལྟ་ཕོ་བྲང་ཆེན་པོ་བསམ་གྲུབ་རྩེའི་ཆུའི་ཤར་ཁ། ཟང་དཀར་ཟེར་བའི་གྲོང་ཡོད་པ་དེ་ཉིད་དང་ཉེ་བའི་ཐད་དུ་འཁྲུངས་པར་གསལ་ཞིང་། གནས་དེ་ཉིད་ན། ལོ་ཆེན་བྱིས་པའི་དུས་ཀྱི་ཞབས་རྗེས་ཀྱང་རྡོ་ལ་གསལ་བར་ཡོད་དོ་ཟེར།
ཡབ་པ་གོར་རྡོ་རྗེ་རྒྱལ་པོ་དང་། ཁུ་བོ་པ་གོར་ཧེ་འདོད་ཡིན་པར་གསུངས། ཐང་ཡིག་ནས་ཡབ་ཡིན་པར་གསུངས། ཡུམ་བྲན་ཀ་བཟའ་སྒྲོན་སྐྱིད་ཀྱི་སྲས་སུ་འཁྲུངས།
སྐུ་གཞོན་ནུའི་དུས་འཁྲུངས་ཡུལ་བྲག་པོ་ཆེའི་རིའི་ཕན་ཚུན་དུ་འཕུར་ནས་རྫུ་འཕྲུལ་གྱི་གཤེགས་བཞུགས་མཛད། སད་མི་བདུན་གྱི་ནང་ཚན་དུ་མཁན་པོ་ལས་རབ་ཏུ་བྱུང་། མཚན་བཻ་རོ་ཙཱ་ན་རཀྵི་ཏ་སྟེ་རྣམ་པར་སྣང་མཛད་སྲུང་བ་ཞེས་བཏགས། སྒྲ་སྐད་ལོ་ཙཱ་ལ་མཁས་པའི་ཕུལ་དུ་ཕྱིན་ཏེ་བསིལ་ལྡན་མྱུ་གུས་དཀྲིགས་པའི་ལྗོངས་སུ་སྔ་ཕྱིར་བྱོན་པའི་མཁས་པ་སུས་ཀྱང་འགྲན་བཟོད་མེད་དོ། །
ཆོས་རྒྱལ་ཁྲི་སྲོང་གི་བཀས་བསྐུལ་ཏེ་གཙང་བན་ལེགས་གྲུབ་དང་ལྷན་ཅིག་རྒྱ་གར་དུ་བྱོན། པཎ་ཆེན་ཤྲཱི་སིདྷ་སོགས་པཎ་ཆེན་ཉེར་ལྔ་མཇལ་ཞིང་གསང་སྔགས་ཀྱི་ཟབ་ཆོས་མང་དུ་གསན། ཁྱད་པར་ཤྲཱི་སིདྷ་ལས་རྫོགས་པ་ཆེན་པོ་སེམས་ཀློང་གཙོར་གྱུར་མཐའ་དག་ནོས་ཤིང་ཐུགས་ཉམས་སུ་བཞེས་པས་དགོངས་པ་དབྱེར་མེད་དུ་གྱུར། སླར་རྐང་མགྱོགས་ཀྱི་རྫུ་འཕྲུལ་གྱི་མཐུས་བོད་དུ་བདེ་བར་བྱོན།
མངའ་བདག་རྗེས་སུ་བཟུང་བའི་སྐབས། བདུད་བློན་རྣམས་ཀྱིས་དབྱེན་བཅོས་པ་དང་། སྔོན་གྱི་སྨོན་ལམ་ལ་བརྟེན་ནས་རྒྱལ་མོ་ཚ་རོང་དུ་བྱོན། གནས་དེར་སངས་རྒྱས༌ཀྱི༌བསྟན༌པ༌ཉི་མ་ཤར༌བ་ལྟར་མཛད། ཁྱད་པར་ལེགས་གྲུབ་ཀྱི་སྐྱེ་བ་དེ་མ་ཐག་པ་གཡུ་སྒྲ་སྙིང་པོ་རྗེས་སུ་བཟུང་བས་ཐུགས་སྲས་མཆོག་ཏུ་གྱུར། སླར་ཡུལ་དབུས་སུ་ཕེབས་ནས་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད། སློབ་དཔོན༌ཉིད༌དང༌དགོངས༌པ༌མཉམ༌པར་བསྔགས། སྟོབས་ལྡན་ནག་པོས་ཞལ་གཟིགས། ཡེ་ཤེས་སྤྱན་དང་ལྡན་པའི་དངོས་གྲུབ་བརྙེས། དྲག་སྔགས་ཀྱི་དམོད་པས་བསྟན་པའི་དགྲ་བོ་བསྒྲལ།
ཁྱད་པར་ལོ་ཙཱ་བ་ཆེན་པོ་འདི་ནི་སློབ་དཔོན་རིན་པོ་ཆེའི་ཐུགས་སྲས་རྗེ་འབངས་གྲོགས་གསུམ་གྱི་ཡ་གྱལ་འབངས་བཻ་རོ་ཙ་ན་ཞེས་གྲགས་ཤིང་། ཐུགས་ཀྱི་སྲས་གཅིག་པུར་གྱུར་པ་ལ་བརྟེན་ནས་ཟབ་ཆོས་ཕལ་ཆེར་གྱི་བཀའ་བབས་པའི་རྒྱུས་སྔ་འགྱུར་བསྟན་པ་དང་འགྲོ་བའི་དོན་བསམ་གྱིས་མི་ཁྱབ་པ་མཛད་པའོ།།[1] །།

[1] མཁན་སྤྲུལ་དཀོན་མཆོག་བསྟན་འཛིན། སྔ་འགྱུར་རྙིང་མའི་ཆོས་འབྱུང་ངོ་མཚར་ཚད་མ་གསུམ་ལྡན། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༣༨༢
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།