ལེའུ་བདུན་པ། ནཱ་ལེནྡྲའི་བསླབ་གཞི་དང་སྒྲིག་ལམ།
ཀ༽ དཔལ་ནཱ་ལེནྡྲའི་བསླབ་གཞིའི་སློབ་ཚན།
ང་ཚོས་རྒྱལ་སྤྱི་དང་། རྒྱ་གར། བོད་སོགས་ཀྱི་རྒྱལ་རབས་ལོ་རྒྱུས་དང་། སངས་རྒྱས་ཆོས་ལུགས་ཀྱི་བྱུང་རབས་ཆོས་འབྱུང་། གྲུབ་མཐའ་སོ་སོའི་པཎ་གྲུབ་མཁས་པའི་རྣམ་ཐར་སོགས་ལོ་རྒྱུས་ཡིག་ཚང་སྣ་ཚོགས་ཁྲོད་ནས་མཐོང་ཐུབ་པ་ནི།
བགྲང་བྱ་བརྒྱ་ཕྲག་མང་པོའི་ལོ་རྒྱུས་རང་བཞིན་ལྡན་པའི་དཔལ་ནཱལཱནྡཱ་ཞེས་པ་འདིའི་མཚན་ཡིན་པ་དང་།དེ་ནི་ནཱལཱནྡཱའི་མཁས་གྲུབ་རིམ་བྱོན་གྱི་བྱས་རྗེས་ཤིག་ཡིན་པར་ཐེ་ཚོམ་མེད་པར་ཤེས་ཐུབ།
དེས་ན་དེ་ལྟའི་མཁས་གྲུབ་བརྒྱ་ཕྲག་དུ་མས་ངལ་བ་ཁྱད་བསད་ཀྱིས་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་དགུང་དུ་བཏེགས་པའི་གནས་མཆོག་དཔལ་ནཱལཱནྡཱའི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཚན་དང་། སྒྲིག་གཞི་སོགས་ཤེས་གལ་ཆེ་བ་ཁག་གཅིག་གསལ་བཤད་བྱས་ན། ནཱལཱནྡཱའི་སློབ་ཚན་ལ། སྒྲ་རིག་པ་དང་། ཚད་མ་རིག་པ། གསོ་བ་རིག་པ། རྩིས་རིག་པ་སོགས་འཇིག་རྟེན་ཐུན་མོང་གི་སྦྱང་བྱར་གྱུར་པའི་རིག་གནས་སློབ་ཚན་ཁག་དང་། དེའི་ཁར་མདོ་སྡེ་དང་། འདུལ་བ། མངོན་པ་སོགས་ཐེག་པ་གོང་འོག་གི་གྲུབ་མཐའ་སྤྱི་དང་། བྱེ་བྲག་ཏུ་རྡོ་རྗེ་ཐེག་པའི་ཆོས་སྐོར་ཁག་ལ་སློབ་ཀྱི་ཡོད་པར་མ་ཟད། ད་དུང་ཕྱི་རོལ་རིག་བྱེད་དང་། གྲངས་ཅན། དཔྱོད་པ། རྩིས་དང་། སྒྲ་སོགས་ལ་སློབ་སྦྱོང་རྒྱུན་རིང་གནང་གི་ཡོད་པ་རེད། མདོར་ན་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་སློབ་ཚན་ནང་སྐབས་དེའི་ཚེ་རྒྱ་གར་འཕགས་ཡུལ་དུ་དར་འཕེལ་ཡོད་པའི་ཤེས་ཡོན་གྱི་རིགས་ཆ་ཚང་ལ་སློབ་གཉེར་གནང་བཞིན་ཡོད།
ནཱལཱནྡཱའི་དགེ་འདུན་པ་དེ་ཚོའི་ནང་ཕལ་ཆེན་སྡེ་པ་དང་། མང་བཀུར་སྡེ་པ། གནས་བརྟན་སྡེ་པ། གཞི་ཡོད་སྡེ་པ་སོགས་རྩ་བའི་སྡེ་པ་བཞི་པོའི་ཉམས་ལེན་ཡོད་[1]པར་མ་ཟད། ད་དུང་གྲུབ་མཐའི་ཕྱོགས་ནས་སེམས་ཙམ་པ་དང་། དབུ་མ་བའི་གྲུབ་མཐའ་འཛིན་མཁན་གྱི་སྡེ་ཚན་སོ་སོར་ཕྱེས་ནས་ཡོད་སྟབས། སྡེ་ཚན་སོ་སོའི་ཁྱད་ཆོས་འབུར་ཐོན་ངང་སློབ་སྦྱོང་བྱེད་ཀྱི་ཡོད། མཁན་པོས་གཙོ་བོ་དགོན་པའི་འཛིན་སྐྱོང་དང་། ཁྱད་པར་དུ་འདུལ་བའི་བཅས་མཚམས་དང་མཐུན་པའི་གཟིགས་རྟོགས་གནང་དགོས། དེ་མིན་གྱི་པཎ་གྲུབ་རྣམས་ཀྱིས་གཞུང་རྩོམ་པ་དང་སློབ་མ་སྐྱོང་བ་སོགས་བྱེད་ཀྱི་ཡོད། སྤྱིར་བཏང་ནཱལཱནྡཱ་ནི་ཐོས་བསམ་སློབ་གཉེར་དང་། འཆད་རྩོད་རྩོམ་གསུམ་གྱི་བྱ་བས་དུས་འདའ་བའི་གནས་ཤིག་ལས། སྒོམ་སྒྲུབ་ཉམས་ལེན་གཙོར་བཟུང་བྱེད་སའི་བསྟི་གནས་ཤིག་མིན་སྟབས། པཎ་གྲུབ་མང་ཆེ་བས་དང་པོ་ནཱལཱནྡཱ་ནས་ཐོས་བསམ་མུ་མཐའ་མེད་པ་ཞིག་བྱས་རྗེས་གནས་ཡངས་ས་ཞིག་ཏུ་སྒོམ་སྒྲུབ་ལ་ཕེབས་ནས་སྒྲུབ་པའི་རྒྱལ་མཚན་མཐོན་པོར་སོན་པ་མང་དུ་བྱུང་བ་ཡིན།[2]
དེ་ལྟར་སློབ་གཉེར་ཁང་འདིར་བསླབ་བྱའི་ཆོས་ལ་ཐུན་མོང་མ་ཡིན་པའི་རིག་གནས་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་དང༌། ཐུན་མོང་བ་བཟོ་དང༌། གསོ་བ། སྒྲ། ཚད་མ། མངོན་བརྗོད། ཟློས་གར་དང་སྐར་རྩིས་ལ་སོགས་པའི་གནས་ཐམས་ཅད་དང༌། གཞན་ཡང་ཕྱི་རོལ་པའི་རིག་བྱེད་ཀྱི་གཞུང་དང༌། བྲམ་ཟེའི་གསང་ཚིག །གྲངས་ཅན་པ་དང་། དཔྱོད་པ་བ་སོགས་ཀྱི་གྲུབ་མཐའ་མང་པོ་སྦྱང་རྒྱུ་ཡོད་པར་གྲགས། ནང་གསེས་ཀྱི་འཛིན་གྲྭའམ་གྲྭ་ཚང་ལྟ་བུ་ལྔ་ཡོད་པ་སྟེ་ཐུན་མོང་རིག་གནས་ཚན་ཁག་དང༌། འདུལ་བ། མདོ་སྡེ། མངོན་པ། བསམ་གཏན་སྒྲུབ་པའི་སྡེ་རྣམས་ཡིན་ལ། དེ་རེ་ལ་ནང་ཚན་འཛིན་རིམ་ཇི་ཡོད་མ་ཤེས་ཀྱང༌། ཐུན་མོང་རིག་གནས་འཛིན་རིམ་སྟེ། སྔོན་འགྲོའི་འཛིན་གྲྭ་ནས་རིགས་གཅིག་རྐང་འཛིན་དང་། ཞིབ་འཇུག་སློབ་མའི་བར་རིམ་བགྲོད་བྱས་ཏེ་མཐར་པཎྜི་ཏའི་བར་ཐོན་དགོས་ཤིང༌། པཎྜི་ཏ་ལ་ཡང་མཁས་ཁྱད་ལ་གཞིགས་པའི་གོ་ས་རིམ་འཕར་གྱིས་ལྷ་འབངས་ལྗོངས་གསུམ་ནས་བཅུའི་བར་དབྱེ་བ་ཡོད། དེ་ཐམས་ཅད་རྒྱལ་པོའམ་གཞུང་ནས་གནང་གི་ཡོད་པ་དང་། ནཱལནྡཱ་དང་བི་ཀྲ་མ་ཤཱི་ལའི་པཎྜི་ཏའི་པ་ཏྲ་ཐོབ་མཁན་ལ་ཕྱི་ནང་ཐམས་ཅད་ཀྱིས་གདེང་འཇོག་མཐོན་པོ་བྱེད་ཅིང་། ཡུལ་ཕྱོགས་གང་དུ་བྱོན་ནའང་ཡུལ་གྱི་རྒྱལ་པོ་དང་མི་དམངས་རྣམས་ཀྱིས་མཆོག་ཏུ་བཀུར། ཐང་ཟན་ཙང་ཞོན་ཙང་རྒྱ་གར་དུ་ཕེབས་སྐབས་ནཱལནྡཱར་གོ་ས་ཅན་གྱི་པཎྜི་ཏ་སུམ་བརྒྱ་ལྷག་ཡོད་པར་བཤད། ཞིབ་འཇུག་སློབ་མཐར་ཕྱིན་སྐབས་རང་ཉིད་ཀྱིས་གང་དུ་རིགས་གཅིག་རྐང་འཛིན་བྱས་པའི་གཞུང་ལས་བརྩམས་ཏེ་བསྟན་བཅོས་རེ་རྩོམ་དགོས་ཤིང༌། དེ་ཉིད་པཎྜི་ཏ་ལས་གྲུབ་པའི་ཞིབ་འཇུག་ཚོགས་ཆུང་གིས་ཞིབ་བསྡུར་གནང་སྟེ་ཚིག་དོན་གཉིས་ཀར་བརྟག་དཔྱད་ནན་མོ་བྱས་ཤིང་། སྐྱོན་མེད་དུ་གྲུབ་ཚེ་སྤུས་ཚད་ལ་གཞིགས་པའི་ཨང་རིམ་སྤྲོད་ཀྱི་ཡོད་པ་དང༌། གལ་ཏེ་ཚིག་དོན་གང་རུང་གི་ཆ་ནས་སྐྱོན་ཆགས་པའམ་དུས་རབས་དེའི་མི་རྣམས་ཀྱི་ཤེས་ཚད་དང་མ་འཚམ་པ། ཡང་ན་ཧ་ཅང་ཚིག་བརླིང་ཆེ་བ་སོགས་ཀྱིས་གོ་མ་ཐུབ་པ་བྱུང་ནའང་བསྟན་བཅོས་ཀྱི་སྐྱོན་དུ་བརྩི་བར་གྲགས། དེ་ལྟ་བུའི་བསྟན་བཅོས་སྐྱོན་ཅན་དུ་ངོས་འཛིན་བྱུང་ཚེ་ཁྱིའི་རྔ་མར་འདོགས་པའི་ལུགས་སྲོལ་ཞིག་ཀྱང་ཡོད། བཤད་སྲོལ་ལྟར་ན་དཔལ་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ་ཡང་ལ་ལས་དོན་མ་གོ །ལ་ལས་དོན་གོ་ཡང་ཕྲག་དོག་གི་དབང་གིས་ཁྱིའི་རྔ་མར་བཏགས་པས་མ་འོངས་པར་བསྟན་བཅོས་ཀྱི་འཕྲིན་ལས་མཐའ་མེད་དུ་འཕེལ་བའི་རྟེན་འབྲེལ་འགྲིག་པར་བཤད། ཁྱིའི་རྔ་མར་བཏགས་ཡོད་མེད་མི་ཤེས་མོད། ཚད་མ་རྣམ་འགྲེལ་དང་པོ་རྩོམ་སྐབས་དོན་མ་གོ་བ་དང་ཕྲག་དོག་དབང་གིས་མཐོང་ཆེན་བྱས་མེད་པ་བསྟན་བཅོས་ཀྱི་དགོས་འབྲེལ་ངག་གི་ཚིག་ཟུར་ལས་དཔག་ཐུབ།
དེ་བཞིན་པདྨ་བཀའ་ཡི་ཐང་ཡིག་ལས[3]། ཆོས་ཀྱི་རྔ་ཆེན་བརྡུངས་པས་ཐམས་ཅད་འདུ༔ ཉན་དབང་ཆོས་ཀྱི་རྒྱལ་པོའི་ཁྲི་ཞིག་བརྩིགས༔ ཚར་གཅོད་སྲིད་སྐྱོང་རྒྱལ་པོའི་ཁྲི་ཞིག་བརྩིགས༔ གཡས་སུ་རྣལ་འབྱོར་ཕོ་མོ་ཐམས་ཅད་འཚོག༔ དགུང་ལ་བསྟན་བཅོས་རྩོམ་མི་ཆོས་དེ་དང་༔ གཡས་གཡོན་རྒྱལ་མཚན་ཁྲི་དང་བཅས་པ་བསྟོད༔ ཆོས་སྐྱོང་རྒྱལ་པོས་ཆོས་དེ་གང་ཡིན་འདྲི༔ མི་དེས་འདི་ལྟར་ཡིན་ཞེས་ཁས་བླངས་ནས༔ མདོ་ཆོས་ཡིན་ན་དགེ་འདུན་གྲལ་ལ་འགྲིམ༔ སྔགས་ཆོས་ཡིན་ན་རྣལ་འབྱོར་གྲལ་ལ་འགྲིམ༔ བརྟག་གཞིགས་བཏང་ནས་རྒྱལ་པོའི་ཕྱག་ཏུ་འབུལ༔ རྒྱལ་པོས་ལོ་དང་ཟླ་བར་བརྟག་པ་བྱེད༔ རྒྱལ་པོའི་བཀའ་ཡིས་གནང་ངམ་མ་གནང་བལྟ༔ འཕགས་པའི་ལུང་གིས་གྲུབ་བམ་མི་གྲུབ་བལྟ༔ རིགས་པས་འཐད་དམ་མི་འཐད་བརྟག་པ་བྱེད༔ གཏན་ཚིགས་རྒྱ་ཡིས་ཐེབས་སམ་མི་ཐེབས་བལྟ༔ དེ་ནས་གནམ་ལ་ཉི་མ་དུ་ཤར་འཚོག༔ བསྟན་བཅོས་རྩོམ་མི་པཎྜི་ཏ་དང་རྩོད༔ ཡིད་ཆེས་མྱོང་ཐོག་ཁེལ་ལམ་མ་ཁེལ་བལྟ༔ ངེས་ཤེས་གོ་བས་ཆོད་དམ་མ་ཆོད་བལྟ༔ མཚོན་བྱ་དཔེ་ཡིས་མཚོན་ནམ་མ་མཚོན་བལྟ༔ དེ་ལྟར་ཐེག་པ་གང་ཡིན་ངོས་བཟུང་བལྟས༔ ཆོས་འདི་མི་འདིས་བརྩམས་པ་ཡིན་ཞེས་པའི༔ སྒྲ་བསྒྲགས་ཉོན་ཟེར་ཚར་གསུམ་ཀློག་པར་བྱེད༔ ལེགས་པར་འདུག་ན་ཡར་ལ་གཟེངས་བསྟོད་དེ༔ མདོ་འམ་སྔགས་ཕྱོགས་འདི་ལ་རྟོགས་སོ་ཟེར༔ མདོ་སྔགས་གང་ཡིན་པཎ་ཆེན་ཞལ་འཆམ་ཟེར༔ ཆོས་དེ་རྒྱལ་མཚན་རྩེ་མོར་འདོགས་པར་བྱེད༔ ཆོས་རྒྱལ་པཎྜི་ཏ་ཡིས་མེ་ཏོག་འཐོར༔ བསྟན་བཅོས་རྩོམ་མི་སེངྒེའི་ཁྲི་ཐོག་འདོན༔ དེ་ལ་བསྟོད་ཅིང་བསྔགས་པ་ཆེ་བར་བརྗོད༔ རིགས་མཐུན་རྣམས་ཀྱི་བཀུར་སྟི་ཕུ་དུད་བྱེད༔ སྲིད་སྐྱོང་རྒྱལ་འབངས་རྣམས་ཀྱིས་ལྷ་ཕྱག་འཚལ༔ ཡུལ་ཕྱོགས་ཀུན་ཏུ་ཆོས་དེ་ཅི་དར་བྱེད༔ ལོག་ཆོས་ཡིན་ན་མར་ལ་སྨ་འབེབས་ཏེ༔ བསྟན་བཅོས་དེ་ཉིད་ཁྱི་ཡི་མཇུག་མར་བཅིངས༔ དེ་ལ་མེ་སྤར་ཚོགས་པའི་གྲལ་ལ་འགྲིམ༔ འདི་ཡི་དུད་པས་ཕོག་པའམ་དམྱལ་བར་འགྲོ༔ ཐམས་ཅད་རྣ་ལ་ལོག་ཁོབ་བྲོས་ཤིག་ཟེར༔ ཚར་གཅོད་དཔང་པོ་སྲིད་སྐྱོང་རྒྱལ་པོ་ཡིས༔ བསྟན་བཅོས་རྩོམ་མིའི་ལག་མགོ་གཉིས་པོ་འདྲེག༔ ཀརྴ་པ་ནི་བརྫི་བའི་ཁོལ་པོར་སྤྱུག༔ ཐམས་ཅད་གྲོས་འཆམ་ཆོས་ལོག་བསྣུབས་པས་ན༔ རྒྱ་གར་ཆོས་ཁུངས་བཙུན་པ་དེ་བཞིན་ནོ༔ ཆོས་ལུགས་འདི་འདྲ་མང་པོ་མི་འབྱུང་ཞིང་༔ བཟང་འདོད་སྙན་མིང་མང་པོ་མི་འདོགས་སོ༔ ཞེས་གསལ་བ་ལྟར། རྒྱ་གཞུང་ཞེས་ཤིན་ཏུ་ཁུངས་བཙུན་ཞིག་ཏུ་ངོས་འཛིན་གནང་སྲོལ་ཡང་འདི་ལྟར་ལས་བྱུང་ངོ་།།
དེ་ལྟར་ནཱ་ལེནྡྲའི་གཙུག་ལག་ཁང་ནང་དུ་བསླབ་བྱའི་གཞུང་ནི། ཐེག་པ་ཆེན་པོའི་གཞུང་ལུགས་ཙམ་དུ་མ་ཟད་ཐེག་པ་འོག་མའི་སྡེ་པ་བཅོ་བརྒྱད་ཀྱི་གཞུང་ལུགས་རྣམས་ཀྱང་སློབ་གཉེར་གནང་སྲོལ་ཡོད་ལ། གཙུག་ལག་ཁང་ཆེན་པོ་དེར་ནང་ཆོས་ལས་གཞན་པའི་སྦྱང་བྱའི་སློབ་ཚན་རྣམས་ནི། རིག་བྱེད་དང་། གཏན་ཚིགས་རིག་པ། ལེགས་སྦྱར་གྱི་བརྡ་སྤྲོད། སྨན་དང་། གྲངས་ཅན་པའི་ལྟ་གྲུབ་སོགས་ལའང་སློབ་གཉེར་གནང་གི་ཡོད། དེར་བཞུགས་ནང་པའི་དགེ་འདུན་པ་རྣམས་ནི་ཆོས་དང་རིག་གནས་གཉིས་ཀ་ལ་མཁས་པ་ཡོད། ནཱ་ལེནྡྲ་དེ་དུས་རབས་ལྔ་པ་དང་དྲུག་པའི་སྐབས་གུཔྟའི་རྒྱལ་བརྒྱུད་ཀྱིས་རོགས་མགོན་འོག་དར་འཕེལ་ཤུགས་ཆེར་ཕྱིན་ཡོད།

མདོར་ན། གསར་ཞུགས་ནས་གནས་བརྟན་རྒན་རབས་བར་ཐམས་ཅད་ཀྱིས་ཀློག་པ་ཐོས་བསམ་དང་། སྤོང་བ་བསམ་གཏན་ཁོ་ནས་དུས་འདའ་ཞིང༌། སྦྱིན་བདག་དང་རྒྱལ་པོའི་སྐུ་རིམ་དུ་དགེ་འདུན་སུམ་ཅུ་བཞི་བཅུ་ཙམ་རེས་དབུས་ཀྱི་སྟོན་པའི་སྐུ་བརྙན་བཞུགས་པའི་གཙང་ཁང་དུ་འཚོགས་ནས་སྒྲུབ་པ་ལས་གཞན་དགེ་འདུན་རྣམས་ཀྱིས་ཉིན་ལྟར་གཞུང་སྒེར་གྱི་ཞབས་རིམ་ཆེད་རྔ་རྡུང་སྦུབ་དཀྲོལ་གྱིས་གཏོར་འབུལ་འཕྲིན་བསྐུལ་སོགས་ལ་འབད་པའི་སྲོལ་མེད། ལར་དེང་སང་མང་ཆེ་བས་དགེ་འདུན་པ་ནི་ཚོགས་འཚོགས་ཏེ་ཞབས་རིམ་སྒྲུབ་མཁན་ཡིན་གྱི། དགེ་འདུན་པས་མ་བསྒྲུབས་ན་སུས་བསྒྲུབ་ཅེས་དགེ་འདུན་པ་རྣམས་ཚོགས་ཚོགས་མཁན་ལྟ་བུར་ལྟ་ཞིང༌། དགོན་སྡེ་ཁག་གི་དགེ་བསྐོས་རྣམས་ཀྱིས་ཀྱང་ཚོགས་ལ་དོ་དམ་ཅི་ཙམ་ཐུབ་པ་དེ་ཙམ་གྱིས་སྒྲིག་འཛུགས་ཡག་པོ་སྡོམ་ཐུབ་པར་ངོས་འཛིན་བྱེད་ཀྱིན་འདུག་ཀྱང༌། ང་ཚོའི་བསྟན་པའི་འབྱུང་ཁུངས་ནཱལནྡཱ་དང་། བི་ཀྲ་མ་ཤཱི་ལ་སོགས་ན་ནི་དེ་ལྟར་ཡིན་པར་མི་མངོན་ཏེ། བཙུན་པ་ཐང་ཟན་ཙང་(ཞོན་ཙང་)གིས། ནཱལནྡཱའི་དབུས་ཀྱི་གཙུག་ལག་ཁང་ལ་སྟོན་པའི་སྐུ་བརྙན་བཞུགས་པའི་རྩར་དགེ་འདུན་བཞི་བཅུ་ཙམ་གྱིས་སྦྱིན་བདག་སོགས་ཀྱི་སྐུ་རིམ་བྱེད་པ་ལས། དགེ་འདུན་སྟོང་ཕྲག་མང་པོས་བསླབ་སྦྱང་ཁོ་ན་ལ་བརྩོན་པར་བྱེད་ཅིང༌། ཕལ་ཆེ་བ་གྲུབ་པའི་མཐའ་དང་རིག་པའི་གནས་ཐམས་ཅད་ལ་མཁས་སོ། །ཞེས་གསུངས་པས་ཀྱང་ཤེས་ནུས། དེར་བརྟེན་སྤྱི་སྒེར་སུ་ཡིན་ཡང་ཞབས་བརྟན་བསྐུལ་གང་ཐུབ་བྱེད་པ་འདི་དགེ་འདུན་གྱི་སློབ་གཉེར་ལ་བར་ཆད་ཅི་བས་ཆེ་ཕྱིར་དགེ་བ་བསྒྲུབས་ནས་སྡིག་པ་སྟོབས་ཆེ་བ་བསགས་སྲིད་པས་ཅིས་ཀྱང་གཟབ་དགོས་པར་སྣང་ཞེས་འཕྲོས་མོལ་ཙམ་མོ།།[4]
གཞན་ཡང་སོ་ནམ་རིག་པ་དང་། ཕྱུགས་ལས། གསོ་རིག །བཟོ་རིག་སོགས་ནས་མཐར་ཕྱིན་པ་རྣམས་ཀྱིས་དགེ་འདུན་སློབ་གཉེར་བ་གཙོ་བོར་གྱུར་པའི་སྤྱི་ཚོགས་ཞབས་ཞུའི་ཆེད་ལས་དེ་དང་དེའི་འཛིན་སྐྱོང་གནང་གི་ཡོད་ཅིང༌། དཔེར་ན། གསོ་བ་རིག་པའི་ཆེད་ལས་སློབ་ཐོན་པ་མང་ཆེ་བ་གནས་འདིར་བཞུགས་ནས་སྨན་བཅོས་ཁང་གི་ཕྱག་ལས་གནང་གི་ཡོད། སྨན་ཁང་འདི་ཤིན་ཏུ་དར་རྒྱས་ཕྱིན་ཏེ་རྒྱ་གར་ཤར་ནུབ་ཀུན་ནས་ནད་བཅོས་བྱེད་དུ་ཡོང་གི་ཡོད་ལ། འདི་ནི་ཆོས་རྒྱལ་མྱ་ངན་མེད་ཀྱི་རིང་ནས་ཡོད་ཅིང་། ཆོས་རྒྱལ་མྱ་ངན་མེད་ཀྱིས་ཉམ་ཐག་ནད་པ་རྣམས་ཀྱི་ཆེད་དུ་རིན་མེད་སྨན་སྦྱིན་ཁང་དང་། ཆུ་ཆེན་ལ་ཟམ་པ། ཐག་རིང་གི་བགྲོད་ལམ། ངལ་གསོའི་བསིལ་ཁང༌། སྐོམ་པས་གདུང་བའི་ལམ་འགྲོན་དག་ལ་ཆུ་སྦྱིན་པའི་ས་ཚུགས། བཀྲེས་པས་ཉེན་པའི་འགྲུལ་པར་སྟབས་བདེ་ཟས་སྦྱིན་བཅས་བཙུགས་པའི་ནང་ནས་མ་ཉམས་པར་རྒྱུན་འཛིན་བྱས་པ་ཞིག་རེད། ད་དུང་དགེ་འདུན་གྱི་འཚོ་བའི་རམ་འདེགས་སུ་ཕྱུགས་གསོ་རྭ་བ་ཞིག་ཀྱང་ཡོད། དེ་ནས་དགེ་འདུན་ལ་དཀར་ཟས་འབུལ་གྱི་ཡོད་པར་བཤད།[5]
མདོར་ན། བློ་གྲོས་རྒྱ་མཚོས་བརྩམས་པའི་རྒྱ་གར་གྱི་གནའ་བོའི་ནང་པའི་སློབ་གྲྭ་ཆེན་པོ་དཔལ་ན་ལེན་དྲའི་གཙུག་ལག་ཁང་ལས[6]། དཔལ་ནཱ་ལེན་དྲ་ནི་རྒྱ་གར་གྱི་གནའ་བོའི་ནང་པ་སངས་རྒྱས་པའི་ཆོས་ལུགས་ལ་བརྟག་དཔྱད་ཞིབ་འཇུག་བྱེད་སའི་ལྟེ་བ་ཞིག་ཡིན་ལ། ནང་པ་སངས་རྒྱས་པའི་ཆོས་པ་སྐྱེད་སྲིང་བྱེད་ས་ཞིག་ཀྱང་ཡིན། འདི་རུ་ནང་པའི་རིག་པའི་གཞུང་ལུགས་ཀྱི་འཆད་ཉན་ཡོད་པ་ཙམ་དུ་མ་ཟད། ཚད་མ་རིག་པ་དང་། སྒྲ་རིག་པ། གསོ་བ་རིག་པ། སྐར་རྩིས་རིག་པ། བཟོ་རིག་པ་སོགས་ཀྱི་འཆད་ཉན་ཀྱང་ཁྱད་དུ་འཕགས་པ་ཞིག་ཡོད། གཞན་ཡང་སོ་ནམ་རིག་པ་དང་སྨན་བཅོས་ཁང་། དཔེ་མཛོད་ཁང་ཆེ་འབྲིང་ཆུང་གསུམ་ཡོད་པར་མ་ཟད། དགེ་འདུན་ལ་འོ་མ་མཁོ་སྤྲོད་བྱེད་པའི་ཕྱུགས་ར་ཞིག་ཀྱང་ཡོད། དཔལ་ནཱ་ལེན་དྲའི་གཙུག་ལག་ཁང་འདི་ཧ་ཅང་དར་ཡོད་པའི་སྐབས་སུ་ཐེག་པ་ཆེན་པོས་ཐོག་དྲངས་པའི་ཐེག་པ་མཐའ་དག་གི་ནང་པའི་ཆོས་ལ་སློབ་སྦྱོང་བྱེད། སློབ་གྲྭ་བ་མང་དུས་མི་ཁྲི་གཅིག་གི་ཡན་ཆད་དང་། དགེ་རྒན་སྟོང་གཅིག་དང་ལྔ་བརྒྱ་ལྷག་ཡོད། སློབ་མའི་ནང་ན་ལོ་རེ་ལ་དམ་ཆོས་སྡེ་སྣོད་གསུམ་ལ་སྦྱངས་པའི་ཕ་རོལ་ཏུ་ཕྱིན་པའི་མཁས་པ་སྟོང་ཕྲག་ལྷག་རེ་ཡོད་ཅེས་ཡིག་རྙིང་དག་ལས་གསུངས། དགེ་འདུན་པ་རྣམས་ཀྱི་འཚོ་བ་ནི་ཡུལ་གྱི་རྒྱལ་པོས་གནང་བའི་གྲོང་སྡེ་ཉིས་བརྒྱ་ཡོད་པ་དག་ནས་བསྡུས་པའི་འབྲུ་ཁྲལ་ལ་བརྟེན་དགོས། རྒྱ་གར་གྱི་གནའ་བོའི་སྙན་གྲགས་ཅན་གྱི་པཎྜི་ཏ་ཕལ་ཆེར་ཞིག་ཀྱང་འདི་ནས་མཐར་ཕྱིན་པ་ཡིན་ཏེ། དཔེར་ན། སློབ་དཔོན་ཟླ་བ་གྲགས་པ། ཆོས་ཀྱི་གྲགས་པ། ཕྱོགས་ཀྱི་གླང་པོ། ཐོགས་མེད་སོགས་དང་། གངས་ལྗོངས་བསྟན་པའི་སྲོལ་འབྱེད་སློབ་དཔོན་པདྨ་འབྱུང་གནས་སོགས་པཎྜི་ཏ་བགྲང་ལས་འདས་པ་བྱུང་། འདི་ན་རྒྱ་གར་གྱི་ས་གནས་སོ་སོ་ནས་འོངས་པའི་སློབ་གྲྭ་བ་ཡོད་པར་མ་ཟད། འབར་མ་དང་། ཉི་ཧོང་། རྒྱ་ནག །ཁྲོ་ཞན་སོགས་ཡུལ་གཞན་པ་ནས་འོངས་པའི་སློབ་མ་ཧ་ཅང་མང་། ཞེས་གསལ་བ་ལྟར་རོ།།
བསླབ་གཞིའི་སློབ་ཚན་དེ་དག་སྐད་ཡིག་གང་གི་ཐོག་ནས་སློབ་གཉེར་གནང་སྲོལ་ཡོད་པ་ནི། དུས་རབས་ཉེར་གཅིག་པའི་སྟོན་པ་ཆེན་པོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལས[7]། ཉེ་སྔོན་ངོས་རང་ཨོ་རང་གྷ་བྷ་ཏ་ལ་སླེབས་སྐབས་རྒྱ་གར་བའི་དགེ་སློང་མང་པོ་ཞིག་ཕེབས་འདུག་ལ། ཤྲི་ལངྐའི་འདུལ་འཛིན་ཨང་གཉིས་པ་ཞུ་བ་དེ་ཡང་ཕེབས་འདུག །མདོར་ན་སྐབས་དེར་པཱ་ལིའི་ཆོས་བརྒྱུད་འཛིན་མཁན་གྱི་དགེ་སློང་སྟོང་ཕྲག་གཅིག་ཡས་མས་ཕེབས་འདུག་པ་ཁོང་རྣམ་པས་དམིགས་བསལ་ཐུགས་སྣང་ཆེན་པོ་གནང་སྟེ། ངོས་ལ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་སྐོར་འགྲེལ་བཤད་གནང་རོགས་ཞེས་གསུངས་པར། ངོས་ནས་ནཱ་ལེནྡྲའི་ཆོས་བརྒྱུད་སྐོར་རགས་ཙམ་ཞིག་ངོ་སྤྲོད་ཞུས་ཤིང་། དེ་ནས་རིམ་བཞིན་རྒྱ་གར་འཕགས་ཡུལ་ནང་དེའི་ཚེ་དེའི་དུས་སུ་ལེགས་སྦྱར་སྐད་དེ་ཉིད་ཤེས་ཡོན་ཅན་དག་གིས་བེད་སྤྱོད་བྱ་རྒྱུའི་སྐད་ཡིག་ཅིག་ལ་ངོས་འཛིན་གནང་སྲོལ་ཡོད། དེར་བརྟེན་ནཱ་ལེནྡྲའི་གཙུག་ལག་ཁང་དེ་ཉིད་ལེགས་སྦྱར་སྐད་ཡིག་གཙོ་བོར་བྱས་ཏེ་སློབ་གཉེར་ཁང་ཞིག་བཙུགས་ཤིང་། དེ་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་དང་། འཕགས་པ་ཐོགས་མེད་དང་གཅུང་སློབ་དཔོན་དབྱིག་གཉེན་ལ་སོགས་པ་རྣམས་ཀྱིས་ལེགས་སྦྱར་གྱི་གཞུང་ལ་བསྟེན་ནས་ཐོས་བསམ་སྒོམ་གསུམ་གནང་མཁན་གྱི་ལམ་སྲོལ་འདི་ལྟར་དར་འཕེལ་བྱུང་བ་རེད། ལེགས་སྦྱར་གྱི་གཞུང་འདི་དག་དེང་སྐབས་སུའང་ང་ཚོས་མཐོང་རྒྱུ་ཡོད་པའི་ལེགས་སྦྱར་གྱི་མཁས་པ་དག་གིས་མཛད་པའི་གཞུང་དེ་དག་སངས་རྒྱས་ཀྱི་བསྟན་པ་ཤིན་ཏུ་ལྐོག་གྱུར་བཤད་པའི་སྐབས་སུ་ལུང་གི་སྒྲུབ་བྱེད་བཀོད་པ་ལས། དེ་མིན་མཐོང་བ་མངོན་འགྱུར་དང་། ཅུང་ཟད་ལྐོག་གྱུར་བརྗོད་སྐབས་རིགས་པ་ཁོ་ནའི་ཐོག་ནས་སྒྲུབ་པ་ལས་ལུང་ཙམ་ལ་བརྟེན་ནས་བརྗོད་ཀྱི་མེད། དེ་ཧ་ཅང་རྩ་ཆེན་པོ་རེད། ཅེས་བཀའ་སྩལ་པ་ལྟར་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་བསླབ་གཞིའི་སྐད་ཡིག་གཙོ་བོ་ནི་ལེགས་སྦྱར་གྱི་སྐད་ཡིག་ཡིན་པར་གསུངས་སོ།།
དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་ཐར་ལམ་གསལ་བའི་སྒྲོན་མེ་ལས[8]། དེས་ན་བཅོམ་ལྡན་འདས་ཀྱིས་སངས་རྒྱས་པའི་ཆོས་ཚུལ་འདི་ལྟར་གསུངས་པ་ཡིན། ལོ་རྒྱུས་འཕེལ་རིམ་གྱི་ཐོག་ནས་བཅོམ་ལྡན་འདས་ཀྱི་གསུང་དེ་པཱ་ལིའི་གསུང་དང་། པཱ་ལིའི་སྐད་ལའང་མི་འདྲ་བ་ཁ་ཤས་ཡོད་འདུག །རྣམ་ཀུན་ཡོངས་གྲགས་པཱ་ལིའི་སྐད་དུ་ཡོད་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་འཁོར་སྡེ་ཚན་གཅིག་དང་། དེ་ནས་ལེགས་སྦྱར་སྐད་དུ་ཡོད་པའི་ཆོས་འཁོར་གྱི་སྡེ་ཚན་གཅིག་བཅས་གཉིས་ཡོད། དཔལ་ནཱ་ལེནྡྲའི་མཁས་པ་རྣམས་ཀྱིས་ལེགས་སྦྱར་གྱི་སྐད་དུ་ཡོད་པའི་ཆོས་འཁོར་དང་། དེ་བཞིན་པཱ་ལིའི་སྐད་དུ་ཡོད་པའི་སངས་རྒྱས་ཀྱི་ཆོས་འཁོར་གཉིས་ཀར་ཐོས་བསམ་སློབ་གཉེར་གྱིས། མདོར་ན། བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་གནང་ཡོད། ཅེས་བཀའ་སྩལ་པ་ལས་མཁྱེན་པར་འགྱུར་རོ།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] གཏམ་རྒྱུད་གསེར་ཐང་། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༣༣༤
[2] ནཱལནྡཱ་ཞིབ་འཇུག །སྐྱེས་སར་ཀླུ་སྒྲུབ། བོད་ཀྱི་དཔེ་མཛོད་ཁང་། ༢༠༠༩ ལོ། ཤོག་གྲངས་ ༦༨
[3] པདྨ་བཀའ་ཡི་ཐང་ཡིག །བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༣༧
[4] ཏྲེ་ཧོར་བརྩོན་འགྲུས་སངས་རྒྱས། ཟ་མ་ཏོག །ལྡི་ལི་བོད་ཁང་། ༢༠༠༦ ལོ། ཤོག་གྲངས་ ༢༤
[5] ཏྲེ་ཧོར་བརྩོན་འགྲུས་སངས་རྒྱས། ཟ་མ་ཏོག །ལྡི་ལི་བོད་ཁང་། ༢༠༠༦ ལོ། ཤོག་གྲངས་ ༢༥
[6] གནས་ཡིག་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ ལོ། ཤོག་གྲངས་ ༢༩༨
[7] ཕྱི་ལོ་ ༢༠༡༩ ཟླ་བ་ ༡༡ ཚེས་ ༢༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གངས་སྐྱིད་ཚོགས་ཁང་གསར་པར་ཆོས་ཚོགས་ཐེངས་ ༡༤ པའི་ཐོག་སྩལ་བའི་བཀའ་སློབ།
[8] ཐར་ལམ་གསལ་བའི་སྒྲོན་མེ། རྣམ་གྲྭ་ཤེས་ཡོན་ལྷན་ཚོགས། ༢༠༡༠ ལོ། ཤོག་གྲངས་ ༡༠༠
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༡༤་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༣༦༣ ནས་ ༣༧༣ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།