བསྟན་འགྱུར་གྱི་བྱུང་བ་མདོ་ཙམ་བརྗོད་པ།

༄༅། །བསྟན་འགྱུར་གྱི་བྱུང་བ་མདོ་ཙམ་བརྗོད་པ།།

ཁག་གཉིས་པ།

 

༼༢༽ ཀརྨ་པ་རང་བྱུང་རྡོ་རྗེས་གསེར་དངུལ་གྱི་བྲིས་པའི་བསྟན་འགྱུར།

སྣར་ཐང་གི་བསྟན་འགྱུར་ལ་ཕྱི་མོ་བྱས་ནས་ཕྱི་ལོ་ ༡༣༣༤ ཡས་མས་ལ་ཀརྨ་རང་བྱུང་རྡོ་རྗེས་ཕྱི་ལོ་ ༡༢༨༤-༡༣༣༩ སྦྱིན་བདག་བྱས་ནས་གསེར་དངུལ་གྱི་བསྟན་འགྱུར་པོད་དྲུག་ཅུ་ཡོད་པ་བཞེངས། འདི་ནི་གསེར་དངུལ་གྱིས་བྲིས་པའི་བསྟན་འགྱུར་ཐོག་མའོ།།

༼༣༽ ཞ་ལུའི་བསྟན་འགྱུར།

ཕྱི་ལོ་ ༡༣༣༤ ལ་ཞ་ལུའི་སྐུ་ཞང་གྲགས་པ་རྒྱལ་མཚན་གྱི་སྲས། ཞང་ཀུན་དགའ་དོན་འགྲུབ་ཀྱིས་མཐུན་རྐྱེན་སྦྱར་ནས་བུ་སྟོན་རིན་ཆེན་གྲུབ་ཀྱིས། དབུས་གཙང་གི་ས་ཆ་ན་ཡོད་པའི་ཡིག་མཁན་གང་མཁས་མཁས་རྣམས་མཁས་བཏུས་སུ་སྤྱན་དྲངས་ཏེ། ལུང་དང་རིགས་པ་སྨྲ་བའི་དགེ་བའི་བཤེས་གཉེན་ཤཱཀྱ་སེང་གེ་དང་། དར་མ་བྱང་ཆུབ། གཞོན་ནུ་རྩལ་རྣམས་ཀྱིས་ཆོས་གྲྭ་ཆེན་པོ་སྣར་ཐང་དུ་བཞུགས་པའི་བསྟན་འགྱུར་ལ་ཕྱི་མོ་བྱས་ནས་ཞུས་ཤིང་། དེ་ན་མི་བཞུགས་པའི་ཕྱི་མོ་དཀོན་པ་དང་། གསར་དུ་འགྱུར་བ་རྣམས་དབུས་གཙང་གི་ཆོས་གྲྭ་ཆེ་ཆུང་རྣམས་ནས་འབད་པ་ཆེན་པོའི་བཙལ་ཏེ། ཆོས་ཀྱི་རྣམ་གྲངས་སྟོང་ལྷག་བསྣན་ནས་བསྟན་འགྱུར་ཁྱོན་པོད་ ༡༩༦ ལ། ཆོས་ཚན་ ༣༣༩༢ ཡོད་པ་བཞེངས་ཏེ་དཔལ་ཞ་ལུའི་གཙུག་ལག་ཁང་དུ་བཞུགས། དེ་ལ་ཞ་ལུའི་བསྟན་འགྱུར་ཞེས་གྲགས་ཤིང་དུས་ཕྱིས་བསྟན་འགྱུར་རྣམས་ཀྱི་མ་ཡིག་ཚད་ལྡན་དུ་གྱུར། མ་ཚད་ཕྱི་ལོ་ ༡༣༣༥ ལ་བུ་སྟོན་རིན་ཆེན་གྲུབ་ཀྱིས་དཀར་ཆག་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོའི་ཕྲེང་བ་བརྩམས། དཀར་ཆག་ལྡེབ་རིང་ལྡེབ་གྲངས་ ༡༢༢ ཡོད་པ། ནང་དོན་ཡང་སྐབས་ལྔ་རུ་དབྱེ་ནས་ནང་གསེས་དབྱེ་བ་སྡེ་ཚན་ཞེ་གཉིས་སུ་ཕྱེ་སྟེ། བསྟོད་ཚོགས། དཔལ་དུས་ཀྱི་འཁོར་ལོ། བདེ་མཆོག །ཀྱེ་རྡོ་རྗེ། དཔལ་གདན་བཞི། སྒྱུ་འཕྲུལ་ཆེན་མོ། རྡོ་རྗེ་བདུད་རྩི། སངས་རྒྱས་ཐོད་པ། སངས་རྒྱས་མཉམ་སྦྱོར། སྒྲོལ་མ། གསང་བ་བདུས་པ། གཤིན་རྗེ་གཤེད། མཚན་བརྗོད་རྣལ་འབྱོར་བླ་མེད་དུ་བཀྲལ་བ། བདེ་ཆེན་རལ་གཅིག་མ། ཕྱག་ན་རྡོ་རྗེ། བླ་མེད་སྤྱིའི་ལྟ་སྒོམ་སྤྱོད་འབྲས་ལ་སོགས་པ་སྟོན་པ། རྣལ་འབྱོར་གྱི་རྒྱུད། མཚན་བརྗོད་རྣལ་འབྱོར་གྱི་རྒྱུད་དུ་བཀྲལ་བ། ཐམས་ཅད་གསང་བ་དང་ངན་སོང་སྦྱོང་བ། སྤྱོད་པའི་རྒྱུད། བྱ་བའི་རྒྱུད། རྒྱུད་སྡེ་བཞི་པོ་སྣ་ཚོགས་དང་འབྲེལ་བའི་སྒྲུབ་དཀྱིལ་སོགས། སྡེ་སྣོད་དང་རྒྱུད་སྡེ་སྤྱིའི་རྣམ་གཞག་དང་སྔགས་ཀྱི་ཐེག་པའི་དག་ཚིག་ལ་སོགས་པ་སྟོན་པ། གནས་ཆེན་དུ་བགྲོད་ཚུལ་དང་བླ་མ་ལ་གསོལ་བ་འདེབས་པ། གསར་བཅུག་དབང་དང་གྲོལ་བྱེད་རིམ་གཉིས་ཀྱི་ཆ་ལག་ཉེར་མཁོ་སྣ་ཚོགས། ཤེར་ཕྱིན། དབུ་མ། མདོ་སྡེ་སྣ་ཚོགས་ཀྱི་འགྲེལ་པ། སེམས་ཙམ། མངོན་པ། འདུལ་བ། སྐྱེས་རབས། གཏམ་དུ་བྱ་བ་དང་སྤྲིངས་ཡིག །གཏན་ཚིགས་རིག་པ། བརྡ་སྤྲོད་རིག་པ་དང་སྙན་ངག་མངོན་བརྗོད། གསོ་བ་རིག་པ། བཟོ་རིག་པ། ཐུན་མོང་བའི་ལུགས་ཀྱི་བསྟན་བཅོས། གསར་བཅུག་མདོ་དང་རིག་གནས་ལ་སོགས་པའི་བསྟན་བཅོས་སྣ་ཚོགས། གསར་བཅུག་བོད་སྔ་རབས་པའི་མཛད་པའི་བསྟན་བཅོས། བསྔོ་བ་དང་སྨོན་ལམ་བཀྲ་ཤིས་ཀྱི་སྐོར་སོགས་སོ། །འདི་ནི་དུས་རབས་བདུན་པ་ནས་བཟུང་བསྟན་འགྱུར་དཀར་ཆག་ཁ་གསལ་ཞིང་སྡེ་ཚན་དབྱེ་བ་ཕྱེ་ཚུལ་ཞིབ་ཅིང་རྒྱས་པ། དེང་རབས་ཀྱི་དཀར་ཆག་རིག་པ་དང་མཐུན་ཕྱིར། དུས་ཕྱིས་བྲིས་པའི་སྡེ་དགེ་ལ་སོགས་པའི་བསྟན་འགྱུར་དཀར་ཆག་རྣམས་ཀྱང་སྡེ་ཚན་དབྱེ་ཚུལ་དང་། གོ་རིམ་བསྒྲིགས་ཚུལ་རྣམས་ཧ་ཅང་འདྲ་རྐྱེན་འདི་ལ་ཕྱི་མོར་བྱས་སྙམ། དཀར་ཆག་ད་ལྟར་བུ་སྟོན་རིན་ཆེན་གྲུབ་ཀྱི་གསུང་འབུམ་གྱི་ཁྲོད་དུ་བཞུགས།

 

༼༤༽ ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་བཞེངས་པའི་བསྟན་འགྱུར།

         ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་ ༡༣༠༢-༡༣༧༡ སྦྱིན་བདག་མཛད་དེ་བསྟན་འགྱུར་བཞེངས་པའི་དགོས་པ་ཡང་དེའི་དཀར་ཆགཡིད་བཞིན་ནོར་བུ་རིན་པོ་ཆེའི་ཟ་མ་ཏོག་ལས། སྔོན་གྱི་འཁོར་ལོར་བསྒྱུར་བའི་ཕོ་བྲང་ཆེན་པོ་གནས་བཅས་མཚུངས་པའི་སྣེ་གདོང་དུ། སྔོན་བསགས་ཀྱི་བསོད་ནམས་དུ་མའི་སྟོབས་ལ་བརྟེན་ནས་སྔར་གྱི་གྲུབ་ཆེན་ཁྱད་པར་ཅན་གྱི་རྒྱུད་དུ་སྐུ་འཁྲུངས་ཤིང་། ཁྲིམས་གཉིས་ཀྱི་བྱ་བ་ལ་མཁས་པའི་སྒོ་ནས་རྒྱལ་ཁྲིམས་ལེགས་པར་སྐྱོང་ཞིང་། མཐུ་སྟོབས་དང་ནུས་པ་ཐོགས་པ་མེད་པའི་སྒོ་ནས་ཁྲིམས་དང་འགལ་བར་བྱེད་པའི་ནག་ཕྱོགས་ཐམས་ཅད་ཚར་གཅོད་ནུས་པའི་སྟོབས་ལྡན། དད་པ་དང་གུས་པའི་སྒོ་ནས་བསྟན་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་གཙུག་གི་ནོར་བུ་ལྟར་མཆོད་ཅིང་། བྱམས་པ་དང་སྙིང་རྗེའི་སྒོ་ནས་ཆབ་སྲིད་ཞི་བདེས་ཆོས་དང་མཐུན་པར་སྐྱོང་བར་མཛད། ཏའི་སི་ཏུ་ཆེན་པོ་བྱང་ཆུབ་རྒྱལ་མཚན་གྱིས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དར་ཞིང་རྒྱས་པར་བྱ་བའི་ཕྱིར་དང་། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་མཚུངས་མེད་ཆོས་ཀྱི་རྗེ་ཆེན་པོ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་གཙོ་མཛད། བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་ཐམས་ཅད་སྐུ་ཁམས་བདེ་བའི་ཕྱིར་དང་། བདག་གཞན་ཐམས་ཅད་ཀྱི་རྒྱུད་ལ་ཚོགས་གཉིས་ཀྱི་དཔལ་འབྱོར་རྒྱ་ཆེན་པོ་བསྐྱེད་པའི་ཕྱིར་དང་། སྔོན་གྱི་རྒྱལ་བློན་བཟང་པོ་རྣམས་ཀྱི་རྣམ་པར་ཐར་པ་བསྐྱང་བའི་ཕྱིར། ཕྱིས་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་བཞུགས་པའི་སྐུ་རིང་ནས་བརྩམས་ཏེ། དེང་སང་གི་བར་དུ་རྒྱ་གར་དང་། ཁ་ཆེ་དང་། ཨུ་རྒྱན་དང་། ཤམྦྷ་ལ་དང་། ལྷོ་ལངྐའི་གླིང་དང་། སིངྒ་ལའི་གླིང་དང་། གསེར་གླིང་དང་། ཟངས་གླིང་དང་། ཟ་ཧོར་དང་། བལ་ཡུལ་དང་། ལི་ཡུལ་དང་། རྒྱའི་ཡུལ་ནས་བོད་ཀྱི་ཡུལ་དུ་འགྱུར་རོ་ཅོག་གི་བསྟན་བཅོས་ཐམས་ཅད་ཐུགས་དམ་དུ་བཞེངས། ཞེས་གསུངས།

བསྟན་འགྱུར་འདིའི་ཕྱི་མོ་ནི། དཀར་ཆག་ཡིད་བཞིན་ནོར་བུ་རིན་པོ་ཆེའི་ཟ་མ་ཏོག་ལས། ཁྲིམས་གཉིས་ཀྱི་མངའ་བདག་ཏའི་སི་ཏུ་ཆེན་པོ་བྱང་ཆུབ་རྒྱལ་མཚན་གྱིས་ཐུགས་ཀྱིས་དགོངས་ནས་ཇི་ལྟར་བཀའ་སྩལ་བ་བཞིན་དུ་དཔོན་པཀྴི་དཀོན་མཆོག་གིས་དབུས་གཙང་ན་ཡོད་པའི་ཡིག་མཁན་གཟབ་བཤར་མཁས་པ་རྣམས་མཁས་བཏུས་སུ་སྤྱན་དྲངས་ཏེ། ཞ་ལུ་གསེར་ཁང་གི་གཙུག་ལག་ན་བཞུགས་པའི་བསྟན་བཅོས་འགྱུར་རོ་འཚལ་ལ་ཕྱི་མོ་ཞུས་ཤིང་། དེར་མ་ཚུད་པའི་ཕྱི་མོ་དཔེ་དཀོན་པ་ཕྱིས་རྙེད་པ་དང་། གསར་དུ་འགྱུར་བ་ཉི་ཤུ་རྩ་བདུན་བསྣན་པ་དང་བཅས་པ་འདི་ཉིད་ཀྱི་དཔེ་སྤྱིའི་དོན་ལ་སྒྲོ་སྐུར་གྱི་མཐའ་སྤང་བ་དང་། ཡི་གེའི་བརྡ་གསར་རྙིང་རྣམས་དག་པར་བཅོས་པ་དང་། ཡིག་མཁན་རྣམས་ལ་ལེགས་པའི་སྙན་བསྐུལ་བྱེད་པའི་ཕྱིར་ཤཱཀྱའི་དགེ་སློང་གདན་གཅིག་གི་བརྟུལ་ཞུགས་འཛིན་པ་བསོད་ནམས་དཔལ་བཟང་པོས་གཟབ་བཤར་གཉིས་ཀའི་གྲྭ་རྣམས་ཞལ་ཏ་བགྱིས་ཤིང་། ཁྱད་པར་དུ་ཡང་སྔགས་ཀྱི་སྐོར་རྣམས་ལུང་དང་རིགས་པ་སྨྲ་བའི་དགེ་བའི་བཤེས་གཉེན་བྱང་ཆུབ་རྒྱལ་མཚན་གྱིས་ཞལ་ཏ་ལེགས་པར་མཛད་དེ། ཆོས་ཀྱི་རྣམ་གྲངས་ ༣༤༢༩ བཞུགས་པ་འདི་བཞེངས་པའི་དུས་ཚོད་ནི་ཆུ་ཕོ་སྟག་གི་ལོའི་ཕྱི་ལོ་ ༡༣༦༢ ཟླ་བ་དྲུག་པའི་ཚེས་བརྒྱད་ལ་དབུ་བཙུགས་ནས་ལོ་དེ་ཉིད་ཀྱི་ཟླ་བ་བཅུ་པའི་ཚེས་བཞིར་ཡོངས་སུ་རྫོགས་པར་གྲུབ་སྟེ། མཇུག་གི་བྱ་བ་ཡང་ཞུ་དག་མཁན་པོ་རྣམས་ཀྱིས་ཡོངས་སུ་དག་པར་བྱས་ཏེ། ཞལ་ཏ་བ། ཡིག་གཉེར་བ། ཞུས་དག་པ། ཡོན་ཏན་མཁན་པོའི་གཙོ་བོ་ཡིག་མཁན། ཤོག་བཟོ་བ། རྐོས་མཁན། གདོང་རྐོས་ཀྱི་གསེར་བཟོ་མཁན། གྲངས་ཡིག་པ། ཀག་ཏ་པ། གྲས་མཁན། གདོད་ཀག་པ། སྐུ་རགས་མཁན། སྐུ་རགས་ཀྱི་ཆབ་མའི་མགར་བ། དེ་རྣམས་རང་རང་སོ་སོའི་ཞབས་ཏོག་དང་བཅས་པ་རྣམས་སྟོན་མོ་དང་། རྫོང་བ་བཟང་པོས་ལེགས་པར་བརྙེས་པ་བྱས་ཏེ། དཀར་ཆག་ཏུ་བཏབ་ནས་སྦྱིན་བདག་ཆེན་པོའི་ཕྱག་ཏུ་ཕུལ་བའོ། །ཞེས་བྲིས་ཡོད།

བཞུགས་ཡུལ་གཙུག་ལག་ཁང་དང་གནས་གང་ཡིན་ཁ་གསལ་བྲིས་མེད་ཀྱང་། གོང་གསལ་སྦྱིན་བདག་གི་ཕྱག་ཏུ་ཞེས་པ་ལ་བལྟས་ན་ཏའི་སི་ཏུའི་བཞུགས་གནས་སྣེ་གདོང་ཕོ་བྲང་ཡིན་སྙམ། འཇུག་བྱང་དུ་བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་ཡིད་བཞིན་ནོར་བུ་རིན་པོ་ཆེའི་ཟ་མ་ཏོག་ཅེས་བྱ་བ་འདི། ཆུ་ཕོ་སྟག་གི་ལོའི་ཕྱི་ལོ་ ༡༣༦༢ ཟླ་བ་དྲུག་པའི་ཚེས་བརྒྱད་ལ་ཤཱཀྱའི་དགེ་སློང་སྟན་གཅིག་གི་བརྟུལ་ཞུགས་འཛིན་པ་བསོད་ནམས་དཔལ་བཟང་པོ་དང་། ལུང་དང་རིགས་པ་སྨྲ་བའི་དགེ་བའི་བཤེས་གཉེན་ཤཱཀྱ་འོད་པ་དང་། ལུང་དང་རིགས་པ་སྨྲ་བའི་དགེ་བའི་བཤེས་གཉེན་བྱང་ཆུབ་རྒྱལ་མཚན་ཏེ། ཞལ་ཏ་པ་རྣམས་ཀྱིས་བྲིས་པ་བཀྲ་ཤིས་པར་གྱུར་ཅིག །ཅེས་དང་། དཀར་ཆག་འདིའི་སྡེ་ཚན་དབྱེ་བ་ཕྱེ་ཚུལ་ཡང་བུ་སྟོན་རིན་ཆེན་གྲུབ་ཀྱི་དཀར་ཆག་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོའི་ཕྲེང་བ་དང་འདྲ། དཀར་ཆག་འདི་ལྷ་ས་ཞོལ་པར་སྒྲ་ཚད་པའི་གསུང་འབུམ་གྱི་འཇུག་ཏུ་བཅུག་ཡོད། ཡང་བསྟན་འགྱུར་དཀར་ཆག་འདི་བུ་སྟོན་རིན་ཆེན་གྲུབ་རང་ཉིད་ཀྱིས་བྲིས་པའི་གསུང་འབུམ་དཀར་ཆག་ཏུ་ཐོ་བཀོད་ཡོད་ཀྱང་ཁོང་གི་གསུངས་མིན་པ་གོང་དུ་གསལ།།

 

༼༥༽ རྒ་ཨ་གཉན་དམ་པའི་བསྟན་འགྱུར་བྲིས་མ།

ཧོར་དཔོན་ཞིག་གིས་མཐུན་རྐྱེན་སྦྱར་ནས། རྒ་ཨ་གཉན་དམ་པས་ཕྱི་ལོའི་དུས་རབས་བཅུ་གསུམ་པའི་མི་དབང་ཆོས་རྒྱལ་འཕགས་པ་ལས་ལོ་ཁ་ཤས་ཆུང་བ་ཡིག་མཁན་མང་པོ་བསྡུས་ནས་དཔལ་ཞ་ལུ་གསེར་ཁང་གི་གཙུག་ལག་ཁང་ན་བཞུགས་པའི་བསྟན་འགྱུར་ལ་ཕྱི་མོ་བྱས་ནས་བསྟན་འགྱུར་བྲིས་མ་ཞིག་བཞེངས། སྡེ་དགེ་བསྟན་འགྱུར་ཤིང་པར་བརྐོ་དུས་འདི་ལའང་ཕྱི་མོ་བྱས་ཞེས་སྡེ་དགེ་བསྟན་འགྱུར་དཀར་ཆག་ཏུ་གསལ། འདིའི་ཆོས་ཚན་དང་པོད་གྲངས་དཀར་ཆག་སོགས་ཀྱི་དཔྱད་ཡིག་མ་རྙེད་པས་བྲི་ཐབས་བྲལ།

 

༼༦༽ ཕོ་བྲང་པོ་ཏ་ལའི་བསྟན་འགྱུར་བྲིས་མ།

བསྟན་འགྱུར་འདི་ལ་པོད་བརྒྱ་དང་བཅུ་བཞི་ཡོད། ད་ལྟ་པོ་ཏ་ལའི་ཕོ་བྲང་དམར་པོའི་ཚོམས་ཆེན་ནུབ་མའི་སྦུག་ཏུ་བཞུགས། ཕོ་བྲ་པོ་ཏ་ལའི་གསེར་བྲིས་བསྟན་འགྱུར་བྲིས་མ། ཕྱི་ལོའི་དུས་རབས་བཅུ་བདུན་པར་རྒྱ་ནག་གོང་མ་ཆིན་ཡུང་ཏིང་གིས་༸རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་ལ་གནང་བའི་གསེར་བྲིས་བསྟན་འགྱུར། ད་ལྟ་པོ་ཏ་ལར་བཞུགས།

 

༼༧༽ ཞྭ་དམར་བཞི་པ་ཆོས་གྲགས་ཡེ་ཤེས་ཀྱི་བསྟན་འགྱུར་བྲིས་མ།

ཞྭ་དམར་བཞི་པ་ཆོས་གྲགས་ཡེ་ཤེས་ ༡༤༥༣-༡༥༢༤ ཀྱིས་མཐུན་རྐྱེན་སྦྱར་ཏེ་བཞེངས་པའི་བསྟན་འགྱུར་ཕོ་བྲང་འཕྱིང་བར་སྟག་རྩེ་བཞུགས་སུ་གསོལ། ཞེས་སྡེ་དགེའི་བསྟན་འགྱུར་དཀར་ཆག་ཏུ་གསལ། ཡང་མི་དབང་ཕོ་ལྷ་བའི་བསྟན་འགྱུར་དཀར་ཆག་ལས་ཀྱང་འཕྱིང་བ་སྟག་རྩེ་ཕོ་བྲང་དུ་བསྟན་འགྱུར་ཚར་གཉིས་ཡོད་པ་གསལ་ཞིང་འདི་ཡ་གྱལ་གཅིག་རེད་སྙམ།

 

༼༨༽ སྡེ་སྲིད་སངས་རྒྱས་རྒྱ་མཚོས་བཞེངས་པའི་བསྟན་འགྱུར།

༸རྒྱལ་བའི་དབང་པོ་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་མི་འགྱུར་རྡོ་རྗེའི་ཁྲི་ལ་བརྟན་པར་བཞུགས་པའི་རིམ་གྲོར་དམིགས་ནས། འཕྱིང་བར་སྟག་རྩེའི་ཕོ་བྲང་དུ། ཞ་ལུ་གསེར་ཁང་གི་བསྟན་འགྱུར་ལ་ཕྱི་མོ་བགྱིས་ནས། ཡར་ལུང་པས་བཞེངས་པའི་བསྟན་འགྱུར་ལས་བརྒྱུད་དེ་མཆེད་པའི་བུ་དཔེ་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང་། ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་དང་། སེ་ར་ཐེག་ཆེན་གླིང་། འཕྱོང་རྒྱས་ལ་སོགས་པ་བཞུགས་པའི་ཕྱི་མོ་རྣམས་དང་། དེར་མ་བཞུགས་པ་བུ་སྟོན་རིན་ཆེན་གྲུབ་ནས་དེ་དུས་ཀྱི་གསར་འགྱུར་དང་། མདོ་དང་སྔགས་དང་། རིག་གནས་བསྟན་བཅོས་ཀྱི་དཔེ་རྙིང་ཁུངས་བཙུན་པ་སྔར་མ་ཆུད་པ་རྣམས་དང་བཅས་པའི་ཁྱོན་ཆོས་ཚན་ ༧༨༠ ཙམ་བསྣན་ནས། ཁྱོན་བསྡོམས་ཆོས་ཀྱི་རྣམ་གྲངས་ ༤༢༩༠ བསགས་པ་ལ། ཕྱི་མོ་ཞུ་ཆེན་པ་རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱིས་གཙོར་བྱས་བརྡ་དག་དང་རིག་གནས་ལ་བྱང་ཆུབ་པ་རྣམས་ཀྱིས་བཞེངས་ནས། དེའི་དཀར་ཆག་འཇིག་རྟེན་གསུམ་གྱི་བདེ་སྐྱིད་པད་ཚལ་བཞད་པའི་ཉིན་བྱེད། ༸རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོས་ས་འབྲུག་ལོར་ཕྱི་ལོ་ ༡༦༡༧ ལ་བརྩམས་པར་བྲིས།

 

༼༡༠༽ སི་ཏུ་ཆོས་འབྱུང་གནས་ཀྱི་བསྟན་འགྱུར་བྲིས་མ།

སི་ཏུ་ཆོས་ཀྱི་འབྱུང་གནས་ ༡༧༠༠-༡༧༧༤ ཀྱིས་སྦྱིན་བདག་མཛད་དེ་ཞྭ་དམར་ཆོས་གྲགས་ཡེ་ཤེས་ཀྱི་བསྟན་འགྱུར་དེ་ལ་ཕྱི་མོ་བྱས་ནས་བསྟན་འགྱུར་ཆ་ཚང་བཞེངས། དུས་ཕྱིས་སྡེ་དགེ་བསྟན་འགྱུར་པར་བརྐོ་དུས་བསྟན་འགྱུར་འདི་ལ་ཡང་ཕྱི་མོ་བྱས།

 

༼༡༡༽ ཀརྨ་པའི་བསྟན་འགྱུར།

ཀརྨ་རིམ་བྱོན་ནས་ཀརྨ་པ་ཡེ་ཤེས་རྡོ་རྗེའི་བར་ཐུགས་དམ་གྱི་རྟེན་མཛད་པའི་ཆེད་བྲིས་པའི་བསྟན་འགྱུར། དུས་ཕྱིས་སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་ལ་བསོད་ནམས་བསོག་པའི་རྟེན་དུ་ཕུལ། སྡེ་དགེའི་བསྟན་འགྱུར་བཞེངས་དུས་འདི་ལའང་མ་དཔེ་བྱས་ཞེས་སྡེ་དགེའི་བསྟན་འགྱུར་དཀར་ཆག་ཏུ་གསལ།

 

༼༡༢༽ སྡེ་དགེའི་དངུལ་བྲིས་བསྟན་འགྱུར།

སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་ ༡༦༧༨-༡༧༣༩ གིས་དངུལ་གྱིས་བྲིས་པའི་བསྟན་འགྱུར་བཞེངས། སྡེ་དགེ་རྒྱལ་རབས་སྡེ་དགེའི་པར་མ་ལྡེབ་ ༢༨ ཕྲེང་དང་པོར་ལས། མཐིང་ཤོག་གསེར་གྱི་བཀའ་འགྱུར་བརྒྱ་དང་གསུམ། ཤོག་ནག་དངུལ་གྱི་བསྟན་འགྱུར་ཉིས་བརྒྱ་དགུ་དངོས་གཙང་བརྡ་དག་གླེགས་ཤིང་ན་བཟའ་དང། སྐུ་མཆིངས་གདོང་དར་ཆབ་མགོ་ལ་སོགས་ཀྱང་། ངོ་མཚར་རྒྱུ་སྤུས་མཐོང་བས་ཡིད་བར་འཕྲོག །ཅེས་གསུང་། འདི་བཞེངས་པའི་དུས་ནི་ཧ་ལམ་ཕྱི་ལོ་ ༡༧༢༠ ཡས་མས་ཡིན་དགོས་ལ། སྡེ་དགེ་རྒྱལ་རབས་ལྡེབ་ ༢༨ ཕྲེང་དྲུག་པ་ལས། གླང་ལོ་ཕྱི་ལོ་ ༡༧༢༡ གླ་ཟླ་པུར་དགུ་མིག་དབྱུག་གི  །གཟའ་སྐར་བྱེད་སྦྱོར་རྟེན་འབྲེལ་རང་འགྲིག་གི །ཕུན་སུམ་ཚོགས་དུས་དགེ་ལེགས་འཛོམ་པའི་ཚེ། །བདུད་དཔུང་ཟིལ་གནོན་མགོན་ཁང་ལས་བཞེངས་སྔ་བ་སྙམ།

 

༼༡༣༽ པེ་ཅིང་བསྟན་འགྱུར།

རྒྱ་ནག་གོང་མས་སྦྱིན་བདག་མཛད་ནས་ཡིག་མཁན་དང་བརྐོ་མཁན་མང་པོ་པེ་ཅིང་ལ་བསྡུས་ཏེ་གཡུང་ཏྲི་ཁྲི་ལོ་གཉིས་པ་ཕྱི་ལོ་ ༡༧༢༤ ལ་ཤིང་དཔར་བརྐོ་བའི་དབུ་བརྩམས་ཤིང་། ཕྱི་ལོ་ ༡༧༣༨ ལ་མཇུག་གྲུབ་སྟེ་པེ་ཅིང་དུ་བཞུགས་སུ་གསོལ་བས་ཅེ་ཅིང་བསྟན་འགྱུར་ཞེས་མིང་ཆགས། འདིའི་ཕྱི་མོ་ནི་གོང་དུ་བྲིས་པ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བཞེངས་པའི་བསྟན་འགྱུར་ཡིན་ལ། ཆོས་ཀྱི་རྣམ་གྲངས་དང་གོ་རིམ་དང་དཀར་ཆག་བཅས་རང་སོར་བཞག་ནས་བརྐོས། འདིའི་ཤིང་དཔར་ནི་ཕྱི་ལོ་ ༡༩༠༠ ལ་བརླག །ཕྱི་ལོ་ ༡༩༢༠ ཡས་མས་ལ་༸རྒྱལ་དབང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་དང་། ས་དབང་ཚ་རོང་པ་ཟླ་བཟང་དགྲ་འདུལ་གཉིས་ཀྱིས་སྐུ་དྲིན་ལ་བརྟེན་ནས་པེ་ཅིང་བསྟན་འགྱུར་ཚར་གཅིག་འཇར་པན་ཏུང་ཅིང་དུ་གདན་དྲངས་ནས། འཇར་པན་ཏ་གོང་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་དུ་བཞུགས། ཕྱི་ལོ་ ༡༩༥༥ ལ་འཇར་པན་ཏ་གོང་སློབ་གྲྭ་ཆེན་མོས་པེ་ཅིང་བསྟན་འགྱུར་འདི་དེབ་ ༡༠༥ ལ་བསྡུས་ནས་བསྐྱར་དཔར་བཟོས་ཏེ་དཔེ་མཛོད་ཁང་ཆེན་པོ་རྣམས་ལ་ཚར་རེ་གནང་། དཀར་ཆག་ཀྱང་སཾ་ཊི་ཏ་དང་བོད་རྒྱ་འཇར་པན་ཏེ་ཡིག་རིགས་བཞིའི་ཤན་སྦྱར་ནས་དེབ་དགུ་བྱས་ཏེ་དཔར་བཏབ་ཡོད།

 

༼༡༤༽ སྡེ་དགེའི་བསྟན་འགྱུར།

ཁམས་སྡེ་དགེ་རྒྱལ་པོའི་གདུང་རབས་ཞེ་གཉིས་པ་བསྟན་པ་ཚེ་རིང་ ༡༦༧༨-༡༧༣༩ གིས་སྦྱིན་བདག་བྱས་ཏེ། དཔལ་ཞ་ལུའི་བསྟན་འགྱུར་ལ་ཕྱི་མོ་བྱས་ནས་སྒ་ཨ་གཉན་དམ་པས་བཞེངས་པའི་བསྟན་འགྱུར་དང་། ཞྭ་དམར་བཞི་པ་ཆོས་གྲགས་ཡེ་ཤེས་ཀྱིས་བཞེངས་པའི་འཕྱིང་བ་སྟག་རྩེར་བཞུགས་པའི་བསྟན་འགྱུར་ལ་ཕྱི་མོ་བྱས་ནས་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་བཞེངས་པའི་བསྟན་འགྱུར་དང་། ཀརྨ་པ་རིན་བྱོན་གྱི་ཐུགས་དམ་གྱི་རྟེན་དུ་བཞེངས་པའི་བསྟན་འགྱུར་དང་། ཆོས་རྒྱལ་བསྟན་པ་ཚེ་རིང་རང་གིས་བཞེངས་པའི་དངུལ་བྲིས་བསྟན་འགྱུར་སོགས་ལ་ཕྱི་མོ་བྱས་ནས། ཕྱི་ལོ་ ༡༧༣༧ ལ་ཤིང་དཔར་བརྐོ་བའི་དབུ་བརྩམས། ཕྱི་ལོ་ ༡༧༤༤ ལ་མཇུག་ཡོངས་སུ་གྲུབ། བསྡོམས་པས་ཆོས་ཚན་ ༣༣༥༤ ལ། པོད་ ༢༡༣ དང་། ལྡེབ་གྲངས་ ༦༤༥༡༢ བཞུགས། གོ་རིམ་བསྒྲིགས་ཚུལ་ཡང་ཐོག་མར་ནང་དོན་རིག་པ་དང་། དེ་ལ་ཡང་ཐེག་ཆེན་ཐུན་མིན་དང་ཐུན་མོང་གི་བསྟན་བཅོས། ཐེག་ཆུང་གི་བསྟན་བཅོས་རྣམས་དང་། དེ་ནས་ཚད་མ་དང་། སྒྲའམ་བརྡ་སྤྲོད་རིག་པ། གསོ་བ་རིག་པ། བཟོ་རིག་པ་སོགས་ཀྱི་བསྟན་བཅོས་དང་། བོད་སྔ་རབས་པ་ཕྱི་ལོའི་དུས་རབས་བདུན་པ་དག་གིས་མཛད་པའི་བསྟན་བཅོས། གསར་བཅུག་མདོ་དང་རིག་གནས་ཀྱི་བསྟན་བཅོས་སྣ་ཚོགས། མཇུག་ཏུ་བསྔོ་བ་དང་སྨོན་ལམ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་སོགས་སོ།།

རྒྱུན་སྦྱོར་ཡང་སྡེ་དགེའི་བསྟན་འགྱུར་དཀར་ཆག་ལས། མདོར་ན་རྟེན་བཞེངས་ཀྱི་རིམ་གྲོ་སོང་བ་དང་བཟའ་བཏུང་སྦྱར་བ་ལ་སོང་བ་རྣམས་མི་བགྲང་བར་ལས་བྱེད་པ་རྣམས་ཀྱི་ཡོན་འབུལ་དང་། ཤིང་དང་ཤོག་གུའི་རིན་དུ་སོང་བ་ཁོ་ན་བསྡོམས་པས་ནས་ཁལ་འབུམ་ཕྲག་གཉིས་དང་བདུན་ཁྲི་བཞི་སྟོང་དགུ་བརྒྱ་སོང་ཞིང་། དེ་དག་ཇའི་ཚད་ཀྱིས་གྲངས་སུ་འཇལ་ན་ཇ་འཁོར་དྲུག་ཅན་གཅིག་ཁྲི་སུམ་སྟོང་བདུན་བརྒྱ་ཞེ་དྲུག་ཡིན།

གཞན་ཡང་པར་ཁང་ཆེན་མོ་འདི་ཉིད་གསར་དུ་བསྐྲུན་པ་ལྡེབ་རིས་དང་བཅས་པ་ལའང་ཉེར་སྤྱོད་དང་བཟོ་ཡོན་ལ་སོགས་པར་གཏོང་བའི་དངོས་པོ་རགས་རྩིས་ཀྱིས་ཐ་འཁོར་དྲུག་ཅན་སུམ་སྟོང་དྲུག་བརྒྱ་ཙམ་སོང་། བསྟན་འགྱུར་འདི་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་ཞུ་དག་བྱས་པ་མ་ཚད་བསྟན་འགྱུར་དཀར་ཆག་ཀུན་མཁྱེན་ཉི་མའི་གཉེན་གྱི་བཀའ་ལུང་གི་དགོངས་དོན་རྣམ་པར་འགྲེལ་པའི་བསྟན་བཅོས་གངས་ཅན་གྱི་སྐད་དུ་འགྱུར་རོ་འཚལ་གྱི་ཆོས་སྦྱིན་རྒྱུན་མི་ཆད་པའི་ངོ་མཚར་འཕྲུལ་གྱི་ཕྱི་མོ་རྫོགས་ལྡན་བསྐལ་པའི་བསོད་ནམས་ཀྱི་སྤྲིན་ཕུང་རྒྱས་པར་དཀྲིགས་པའི་ཚུལ་ལས་བརྩམས་པའི་གཏམ་ངོ་མཚར་ཆུ་གཏེར་འཕེལ་བའི་ཟླ་བ་གསར་པ་བརྩམས། དཀར་ཆག་འདི་ཕྱི་ལོ་ ༡༩༨༥ ལ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་གྱིས་འགྲེལ་སྤེལ་བྱས། བསྟན་འགྱུར་འདི་ཉིད་ཀྱི་ཤིང་དཔར་ཆ་ཚང་ད་ལྟར་སྡེ་དགེ་དཔར་ཁང་ཆོས་མཛོད་ཆེན་མོར་བཞུགས། བསྟན་འགྱུར་པར་འདི་ནི་ཤིང་པར་གཞན་དག་ལས་ཡིག་གཟུགས་མཛེས་ཤིང་ཡིག་ནོར་ཉུང་བ་དང་། དབུ་ལྷ་རྣམས་ཀྱི་རིས་རྣམས་ཧ་ཅང་སྒྲོས་ལ་པར་ཁང་གི་བཀོད་པ་ཡང་ཆ་མཉམ་ཞིང་མཛེས་ཉམས་ལྡན། ཆོས་ཚན་ཆ་ཚང་ཞིང་དོགས་ལྡན་རྣམས་དོར་ནས་དེང་རབས་བསྟན་འགྱུར་རྣམས་ཀྱི་ཁུངས་ལྡན་གྱི་དཔེར་ཆགས་པ་འདི་ཡང་སི་ཏུ་ཆོས་ཀྱི་འབྱུང་གནས་དང་། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་རྣམས་གཉིས་ཀྱི་བཀའ་དྲིན་ཡིན་ཕྱིར་བསྟོད་བསྔགས་རིགས་སོ། །འདི་ནི་དེང་སྐབས་ས་སྟེང་འདིར་བཞུགས་པའི་བསྟན་འགྱུར་གྱི་ཤིང་དཔར་ཁོ་ནའོ།།

 

༼༡༥༽ སྣར་ཐང་བསྟན་འགྱུར།

མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་ ༡༦༨༩-༡༧༤༧ གྱིས་སྦྱིན་བདག་མཛད་དེ། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བསྟན་འགྱུར་ལ་ཕྱི་མོ་བྱས་ཏེ་ཕྱི་ལོ་ ༡༧༤༡ ལ་ཤིང་དཔར་བརྐོ་བའི་འགོ་ཚུགས། ཁྱོན་པོད་ ༢༢༥ དང་ལྡེབ་གྲངས་ ༧༦༨༨༣ ཡོད་པ་ཕྱི་ལོ་ ༡༧༤༢ ལོ་མཇུག་དུ་ཡོངས་སུ་གྲུབ་སྟེ་སྣར་ཐང་དུ་བཞུགས་སུ་གསོལ་བས་སྣར་ཐང་བསྟན་འགྱུར་ཞེས་གྲགས་སོ།།

པར་དུ་བསྒྲུབས་སྐབས་སུ་པར་ཤིང་གི་རྒྱུ་སྦྱོར་འབྲུག་པ་རྒྱལ་པོས་གཙོ་བོ་བྱས་ཤིང་། སྤྱི་ཁྱབ་དོ་དམ་པ། པར་ཡིག་པ། ཞུས་དག་པ། ཤོག་ལས་པ། པར་བརྐོས་པ། ཤིང་བཟོ། ལྕགས་བཟོ་སོགས་བསྡོམས་པས་མི་གྲངས་ཆིག་སྟོང་བཞི་བརྒྱ་ལྷག་བསྡུས་ཏེ་ལས་གྲྭ་ཆེན་པོ་བཙུགས། དེ་དག་ལ་ཡང་སྐུ་ཡོན་གྱིས་དགྱེས་པར་བྱས། རྒྱུ་ཆ་དང་གླ་ཡོན་འགྲོ་སོང་བསྡོམས་པས་དངུལ་ཐུར་སྲང་བདུན་ཁྲི་ཉིས་སྟོང་ཆིག་བརྒྱ་རེ་གཉིས་སོང་། ཕུར་ལྕོག་ངག་དབང་བྱམས་པས་དཀར་ཆག་བསྟན་བཅོས་འགྱུར་རོ་ཅོག་གསུང་པར་དུ་བསྒྲུབས་པའི་དཀར་ཆག་ཚངས་པའི་དབྱངས་བརྩམས། བསྟན་འགྱུར་འདིའི་པར་ཤིང་ཡང་དུས་འགྱུར་གྱི་དབང་གིས་བརླགས།

 

༼༡༦༽ ཅོ་ནེའི་བསྟན་འགྱུར།

མདོ་སྨད་ཅོ་ནེ་རྒྱལ་པོའི་བཙུན་མོ་རིན་ཆེན་དཔལ་འཛོམས་དང་། སྲས་བསྟན་སྲུང་ཚེ་རིང་གཉིས་ཀྱིས་མཐུན་རྐྱེན་སྦྱར་ནས་སྡེ་དགེའི་བསྟན་འགྱུར་ལ་ཕྱི་མོ་བྱས་ཏེ། ཕྱི་ལོ་ ༡༧༥༥ ལ་ཤིང་པར་བརྐོ་བའི་དབུ་ཚུགས་སྟེ། ཕྱི་ལོ་ ༡༧༧༢ ལ་མཇུག་ཡོངས་སུ་གྲུབ། ཁྱོན་བསྡོམས་པོད་ ༢༠༨ དང་། ལྡེབ་གྲངས་ ༦༥༤༢༥ བཞུགས། ཕྱི་ལོ་ ༡༧༧༣ ལ་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་དཀོན་མཆོག་འཇིགས་མེད་དབང་པོས་དཀར་ཆག་བདེ་བར་གཤེགས་པའི་བཀའི་དགོངས་འགྲེལ་བསྟན་བཅོས་འགྱུར་རོ་ཅོག་གི་དཀར་ཆག་ཡིད་བཞིན་ནོར་བུའི་ཕྲེང་བ་བརྩམས། དཀར་ཆག་འདི་བླ་བྲང་ཤིང་པར་དུ་བརྐོས། ཕྱིས་ཕྱི་ལོ་ ༡༩༨༦ ལ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས། བསྟན་འགྱུར་འདི་ཉིད་ཕྱི་མོ་གང་ལ་བྱས་དང་། བཞེངས་པའི་དགོས་པ་དང་། གོ་རིམ་རྒྱུ་སྦྱོར་དཀར་ཆག་བསྒྲིགས་ཚུལ་སོགས་འཇམ་བཞད་ཅོ་ནེ་བསྟན་འགྱུར་དཀར་ཆག་ལྡེབ་ ༤༤༦ ལས། དབུས་གཙང་དང་རྒྱ་ནག་གི་ཕྱོགས་སུ་དར་རྒྱས་ཆེ་བར་བཞུགས་ནའང་མདོ་སྨད་ཀྱི་ལྗོངས་འདིར་དཔེ་རྒྱུན་ཉག་ཕྲ་བ་བྱུང་བ་ལས། ལུགས་གཉིས་ཀྱི་འབྱོར་པས་མངོན་པར་མཐོ་བའི་སྡེ་དགེའི་ས་སྐྱོང་དམ་པ་ཉིད་ནས་ཞ་ལུ་གསེར་ཁང་ན་བཞུགས་པའི་བསྟན་འགྱུར་གྱི་དཔེ་རྒྱུན་དང་། འཕྱིང་བར་སྟག་རྩེའི་ཕོ་བྲང་དུ་བཞུགས་པའི་བསྟན་འགྱུར་གྱི་དཔེ་རྒྱུན་ཕྱི་མོ་བཟུང་སྟེ་པར་དུ་བསྒྲུབས་ནས་མི་ཟད་པའི་ཆོས་སྦྱིན་གྱི་སྒོ་ཕྱེའོ། །འདིར་ནི་དེ་ཉིད་ཕྱི་མོ་བཟུང་སྟེ་པར་དུ་བསྒྲུབས། ཆོས་རྗེ་སངས་རྒྱས་དཔལ་བཟང་གིས་བསྟན་བཅོས་འགྱུར་རོ་ཅོག་པར་དུ་བསྐྲུན་པ་ཞིག་བྱུང་ན་བསྟན་པ་སྤྱི་སྒོས་ལ་ཕན་པ་རྒྱ་ཆེར་འགྱུར་རོ། །ཞེས་རྟིང་བསྐུལ་ཡང་ཡང་མཛད་པ་ལ་བརྟེན། ཅོ་ནེ་བཙུན་མོ་རིན་ཆེན་དཔལ་འཛོམས་དང་། དཔོན་ཆེན་བསྟན་སྲུང་ཚེ་རིང་བཅས་ནས་རྣམ་དཀར་གྱི་བྱ་བ་རྒྱ་ཆེན་པོ་བསྒྲུབ་པའི་ཁུར་བཞེས་ཏེ། པར་ཡིག་འབྲི་བའི་ཡོ་བྱད་ཀྱི་ཤོག་བུ་དང་། སྣག་ཚ་ལ་སོགས་པ་དང་། པར་གཞིའི་ཤིང་རྣམས་དང་བཅས་ཐམས་ཅད་ལ་དབང་ཡོད་ཀྱིས་མི་སེར་བསྐུལ་ཞིང་ཁྲ་ལེན་པ་མི་མཛད་པར་རིན་ཐང་ཡུལ་དུས་ལ་དཔག་པ་ལས་ལྷག་པར་སྩལ་ཏེ། ཐམས་ཅད་རྒྱུ་དག་ཅིང་ཕུན་སུམ་ཚོགས་པ་མཛད་ནས། པར་གྱི་དོ་དམ་པ་རྣམ་དཔྱོད་དང་ལྡན་པ་དགེ་སློང་ངག་དབང་དར་རྒྱས། སྲིད་ཀྱི་བྱ་བ་ལ་བློ་གྲོས་ཀྱི་མིག་རྣམ་པར་ཡངས་པའི་མགོ་བ་ཀ་འབུམ་ཚེ་རིང་། ཞིབ་ཚགས་ཆེ་ཞིང་དཔོན་ལ་སྙིང་ཉེ་བ་གཉེར་བ་ཟན་ཀྱིན། གཞན་ཡང་མགོ་བ་ཚེ་རིང་དབང་ནོར་བུ། མགོ་བ་རྡོ་རྗེ། གཉེར་པ་ཚེ་རིང་། གཉེར་པ་པ་ཝང་ཧན་རྣམས་ཀྱིས་བྱས་ཤིང་། པར་ཡིག་འབྲི་མི་དགེ་སློང་བློ་བཟང་རྒྱལ་མཚན་གྱིས་གཙོས་གཟབ་ལ་མཁས་པ་ལྔ་བཅུ། དེ་བཞིན་དུ་དབུ་ལྷ་འབྲི་མི་དཔར་འབྱོར་རྒྱ་མཚོ། ཞུས་དག་པ་བཅུ་སྐོར། པར་བརྐོས་པ་སུམ་བརྒྱ་ལྷག་ཙམ། ཤིང་བཟོ་བ། སྣག་ལས་པ། ཤོག་ལས་པ་སོགས་ལས་ཚན་ཤིན་ཏུ་མང་བ་བར་མ་ཆད་དང་བཅས་ཆུ་བྱ་ནས་ཆུ་འབྲུག་གི་བར་བགྲང་བྱ་ཉེར་གཅིག་གི་ངོ་མཐོང་བར་བརྩོན་པ་ཆེན་པོས་བསྒྲུབས། དངོས་ཆས་སྔ་ཕྱི་རྣམས་རགས་རྩིས་ཀྱིས་དངུལ་ཐོག་ལ་ཕབ་ན་དངུལ་སྲང་ ༡༩༣༣༧ བཅས་སོང་། འདིར་བཀོད་པའི་གོ་རིམ་རྣམས་བུ་སྟོན་ཐམས་ཅད་མཁྱེན་པ་དང་། ༸རྒྱལ་དབང་ལྔ་པའི་དཀར་ཆག་དང་ཅུང་ཟད་མི་མཐུན་ཡང་། སྔོན་ནས་སྡེ་དགེའི་པར་མ་ཕྱི་མོ་བཟུང་སྟེ་བརྐོས་ཚར་འདུག་པར་བརྟེན། དེ་ཉིད་ཀྱི་དཀར་ཆག་ནས་ཇི་ལྟར་འབྱུང་བ་བཞིན་བཀོད་པ་ཡིན་ནོ། །ཞེས་ཞལ་འཕངས་མཛད་དེ་ལྗགས་རྩོམ་དངོས་མ་ཡིན་པར་འདིར་ཡང་པར་དུ་མ་བཀོད། དེར་བརྟེན་འཇམ་བཞད་ཅོ་ནེ་བསྟན་འགྱུར་དཀར་ཆག་ནང་དུ་བསྟན་པ་བྱུང་ཚུལ་དང་། ཅོ་ནེ་དཔོན་གྱི་ལོ་རྒྱུས་ལས་བསྟན་འགྱུར་གཞུང་དངོས་ཀྱི་དཀར་ཆག་མེད།

 

༼༡༧༽ མི་དབང་ཕོ་ལྷ་བའི་གསེར་བྲིས་བསྟན་འགྱུར།

སེར་བྲིས་བསྟན་འགྱུར་འདི་ནི་མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་ ༡༦༨༩-༡༧༤༧ གྱིས་སྦྱིན་བདག་མཛད་དེ། ཕྱི་ལོ་ ༡༧༣༤ ཡས་མས་ལ་ཡིག་མཁན་དང་ཤོག་ལས་དོ་དམ་པ་སོགས་མི་གྲངས་ལྔ་བརྒྱ་ལྷག་བསྡུས་ནས་གསེར་ཞུན་གྱིས་བྲིས། ཁྱོན་ལྡེབ་གྲངས་ ༩༨༤༥༡ ཡོད། ཆོས་ཚན་ ༣༩༣༤ དང་། པོད་ ༢༢༥ ཡོད། ད་ལྟ་གསེར་བྲིས་བསྟན་འགྱུར་ཆ་ཚང་རི་བོ་དགེ་ལྡན་ན་བཞུགས། འཇམ་དབྱངས་བདེ་བའི་རྡོ་རྗེས་ ཕྱི་ལོ་ ༡༦༨༢-༡༧༤༡ དཀར་ཆག་བདེ་བར་གཤེགས་པའི་གསུང་རབ་རིན་པོ་ཆེའི་དགོངས་འགྲེལ་གངས་ཅན་དུ་འགྱུར་རོ་ཅོག་གཙོ་སྦྱངས་གསེར་ལས་གསར་དུ་བསྐྲུན་པ་བསྟན་འགྱུར་རིན་པོ་ཆེ་སྲིད་ཞི་རྒྱན་གཅིག་ཅེས་པའི་དཀར་ཆག་རིན་ཆེན་མཛེས་པའི་ཕྲ་ཚོམས་བརྩམས།

བསྟན་འགྱུར་འདིའི་ཕྱི་མོ་ནི། དཀར་ཆག་རིན་ཆེན་མཛེས་པའི་ཕྲ་ཚོམས་ལས། འཛམ་གླིང་ཡངས་པའི་བྱང་གི་ཕྱོགས་འདི་རུ། །ཆོས་ཀྱི་སྦྱིན་པ་རྒྱ་ཆེར་སྤེལ་བའི་ཆེད། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོ་ཆེ། །ཞལ་བཞུགས་དུས་སུ་ཞ་ལུ་གསེར་ཁང་གི  །བསྟན་འགྱུར་ཕྱི་མོ་གནང་ཐོག་ལྷ་ས་དང་། །སེར་འབྲས་རི་བོ་བདེ་ཆེན་རྣམས་བཞུགས་པའི། །བསྟན་འགྱུར་རྣམས་དང་གོ་བསྡུར་ལྷད་ཞུགས་སྐྱོན། །གནས་ལྔ་རིག་པ་དཀོན་མཆོག་ཆོས་གྲགས་སོགས། །བརྡ་དག་རིག་པ་གནས་ལ་ལེགས་སྦྱངས་པའི། །མཁས་པ་མང་པོས་ཞུས་ཤིང་དག་པའི་སྟེང་། །ཇི་ལྟར་བཙལ་ཡང་མ་རྙེད་དཔེ་རྣམས་ལ། །མཆན་བུ་བཏབ་ཅིང་བུ་སྟོན་ཆེན་པོ་ནས། །ད་བར་གསར་འགྱུར་མདོ་སྔགས་རིག་གནས་ཀྱི། །དཔེ་རྙིང་ཁུངས་བཙུན་བདུན་བརྒྱ་བརྒྱད་བཅུ་རྣམས། །གསར་དུ་བསྣན་པའི་བསྟན་འགྱུར་རིན་པོ་ཆེ། །གཡོ་རུ་འཕྱོང་རྒྱས་རྒྱལ་པོའི་ཕོ་བྲང་དུ། །ཚར་གཉིས་བཞེངས་པར་གནང་བ་དཔྱད་བཟོད་ཅིང་། །ཁུངས་དང་ལྡན་པར་མཐོང་ནས་དེ་ཉིད་ལ། །ཕྱི་མོ་བགྱིས་ཤིང་དེ་ཡང་མ་ཚང་བ། །ས་སྐྱ་སྣར་ཐང་བཀྲ་ཤིས་ལྷུན་པོ་དང་། །ཞ་ལུ་གནས་རྙིང་དཔལ་འཁོར་བདེ་བ་ཆེ། །རི་བོ་བདེ་ཆེན་བཀྲ་ཤིས་བདེ་ཆེན་དང་། །སྟག་ལུང་འབྲི་གུང་སྒོམ་པོ་རྭ་སྒྲེང་སོགས། །ཁུངས་བཙུན་རྣམས་ནས་ཕྱི་མོའི་དཔེ་གང་ཡོད། །བསྡུས་ནས་གསར་དུ་བསྣན་ཅིང་ཕྱོགས་འདི་རུ། །དཔེ་རྒྱུན་གང་ཡོད་མ་ཚང་མེད་བཞུགས་པ། །སྲིད་ཞིའི་རྒྱན་དུ་བརྩོན་པ་ཆེན་པོས་བསྒྲུབས། །ཞེས་དང་། བསྟན་འགྱུར་འདི་བསྐྲུན་པའི་འགྲོ་གྲོན་བསྡོམས་པས་གསེར་ཞོ་ ༥༡༢༥ དང་དངུལ་ཞོ་ ༡༠༠༠ སོང་། དེ་དུས་ཀྱི་དངུལ་དུ་ཕབ་ན་དངུལ་སྲང་ ༡༨༦༢༡ ཡིན། བཞེངས་པའི་དགོས་པ་ཡང་། མི་ཡི་དབང་པོ་བསོད་ནམས་སྟོབས་རྒྱལ་དང་། །ཡུམ་མཆོག་ཞིང་གཤེགས་པ་སངས་སྐྱིད་པ་དང་། །ལྷ་ཡི་སྲས་པོ་ཡེ་ཤེས་ཚེ་བརྟན་གུང་། །དེ་དག་གིས་མཚོན་ནམ་མཁའི་མཐའ་མཉམ་པའི། །མར་གྱུར་འགྲོ་བ་དྲིན་ཅན་མ་ལུས་པ། །སྒྲིབ་གཉིས་ཀུན་བྱང་ཚོགས་གཉིས་རྫོགས་པར་ཤོག །ཅེས་དཀར་ཆག་ཏུ་གསལ།

 

༼༢༠༽ ཐུའུ་བཀྭན་བསྟན་འགྱུར་དཀར་ཆག

ཐུའུ་བཀན་བསྟན་འགྱུར་དཀར་ཆག་བློ་གསལ་མགུལ་རྒྱན་ཙི་ཏ་མ་ཎིའི་ཕྲེང་མཛེས་པེ་ཅིང་པར་མ་ལྡེབ་གྲངས་ ༣༥ ཡོད་པ་ཞིག་ཐུའུ་བཀྭན་ངག་དབང་ཆོས་ཀྱི་རྒྱ་མཚོའི་གསུང་འབུམ་ཁྲོད་དུ་བཞུགས། དེ་ནི་དོན་དུ་ཙོང་ཁ་པའི་གསུང་འབུམ་གྱི་དཀར་ཆག་བྲིས་ཡོད། དཀར་ཆག་དེ་ཉིད་ལས། ཧལ་ཧ་པི་ལིག་ཐུ་ནོ་མི་ཧན་གྱིས། རྒྱལ་བསྟན་སྤྱི་དང་མཉམ་མེད་ཙོང་ཁ་པ་ཆེན་པོའི་བསྟན་པའི་སྙིང་པོ་དྲི་མ་མེད་པ་དར་ཞིང་རྒྱས་པར་བྱ་བའི་ལྷག་བསམ་རྣམ་དག་གིས་དཔར་གྱི་མཐུན་རྐྱེན་ཁོང་རང་གྱིས་སྦྱར་ཏེ། རྗེ་བཙུན་ཐམས་ཅད་མཁྱེན་པའི་གསུང་འབུམ་དཔར་དུ་བསྒྲུབས་ནས་བསྟན་འགྱུར་གྱི་ཁྲོད་དུ་བཞུགས་དགོས་ཚུལ་ཞུས་པས། གོང་མ་ཆེན་པོས་མཉེས་ཚོར་དང་བཅས་བཀའ་གནང་བ་ལྟར། ཞེས་གསལ། དཔེ་ཆ་མི་རིགས་དཔེ་མཛོད་ཁང་དུ་བཞུགས།

Leave a Reply

Your email address will not be published. Required fields are marked *