རྒྱལ་སྲས་འཕགས་པ་ལྷའི་གསུང་སྒྲ་སྒྱུར་མཛད་པ་པོོའི་ལོ་ཙཱ་བ།

རྒྱལ་སྲས་འཕགས་པ་ལྷའི་གསུང་སྒྲ་སྒྱུར་མཛད་པ་པོོའི་ལོ་ཙཱ་བ།

 

དེ་འཕྲོས་སྒྲ་སྒྱུར་མཛད་པ་པོ་རྣམས་ནི། ༡) པཎྜི་ཏ་ཆེན་པོ་མི་ཕམ་མགོན་པོའི་ (ཕ་དམ་པ་སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་ཡིན་འདུག) བསྟན་འགྱུར་གྱི་སྒྱུར་རྩོམ་ལས། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྡུས་པའི་ཚིག་ལེའུར་བྱས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ་དང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚིགས་སུ་བཅད་པ་ཆེན་པོ་སློབ་དཔོན་ཨཱརྻ་དེ་ཝས་མཛད་པ་ནི། པཎྜི་ཏ་ཆེན་པོ་མི་ཕམ་མགོན་པོའི་རང་འགྱུར་མཛད་པ་ཞིག་ཡིན།

༢) འཕགས་པ་ལྷས་མཛད་པའི་གདན་བཞིའི་མན་ངག་མདོར་བསྡུས་པའམ་ཡེ་ཤེས་དབང་ཕྱུག་མའི་སྒྲུབ་ཐབས་པཎྜི་ཏ་སྨྲི་ཏི་ཛྙཱ་ན་ཀཱིརྟིས་བསྒྱུར་བ་བཅས་རང་འགྱུར་མཛད་པ་པོའི་པཎྜི་ཏ་རྣམས་ཀྱི་རྣམ་ཐར་དུས་ཁོམ་མ་ལགས་པར་འཇུག་འགོད་ཞུ་མ་ཐུབ།

༣༽ ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་སློབ་དཔོན་རྗེ་བཙུན་ཨཱརྱ་དེ་བའི་ཞལ་སྔ་ནས་ཀྱིས་མཛད་པའི་རྣལ་འབྱོར་གྱི་རྒྱུད་དཔལ་གདན་བཞི་པའི་སྒྲུབ་ཐབས་དང་། སྤྱོད་པ་བསྡུས་པའི་སྒྲོན་མ། སྒྱུ་ལུས་ཀྱི་དོན་འགྲེལ་བདག་བྱིན་གྱིས་བརླབ་པའི་རིམ་པ་རྣམ་པར་དབྱེ་བ། འོད་གསལ་གྱི་དོན་འགྲེལ་མངོན་པར་བྱང་ཆུབ་པའི་རིམ་པའི་མན་ངག །རོ་བསྲེག་པའི་ཆོ་ག །ཆ་ཤས་ཀྱི་ཡན་ལག་ཅེས་བྱ་བའི་རབ་ཏུ་བྱེད་པ། ཆ་ཤས་ཀྱི་ཡན་ལག་ཅེས་བྱ་བའི་རབ་ཏུ་བྱེད་པའི་འགྲེལ་པ། ལག་པའི་ཚད་ཀྱི་འགྲེལ་པའམ། དབུ་མ་ལག་པའི་ཚད་རྩ་འགྲེལ་གཉིས་བཅས་སྒྲ་སྒྱུར་མཛད་པ་དང་།

༤༽ ཙཱ་བ་ཆེན་པོ་རྨ་བན་ཆོས་འབར་གྱིས་སློབ་དཔོན་ཆེན་པོ་ཨཱརྱ་དེ་ཝའི་ཞལ་སྔ་ནས་མཛད་པའི་རྣམ་པར་མི་རྟོག་པའི་རབ་ཏུ་བྱེད་པ་སྒྲ་སྒྱུར་མཛད་པ།

༥༽ ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་སློབ་དཔོན་འཕགས་པ་ལྷས་མཛད་པའི་འཁྲུལ་པ་བཟློག་པའི་རིགས་པ་གཏན་ཚིགས་གྲུབ་པ་དང་། རབ་ཏུ་བྱེད་པ་ལག་པའི་ཚད་ཀྱི་ཚིག་ལེའུར་བྱས་པ། ལག་པའི་ཚད་ཀྱི་འགྲེལ་པ་སློབ་དཔོན་འཕགས་པ་ལྷས་མཛད་པ་སྒྲ་སྒྱུར་མཛད་པ་བཅས་གོང་གསལ་ལོ་ཙཱ་བ་གསུམ་གྱི་རྣམ་ཐར་རྒྱལ་སྲས་ཞི་བ་ལྷའི་གསུང་གི་སྐབས་སུ་འགོད་པར་བྱའོ།།

༦༽ ལོ་ཙཱ་བ་འགོས་ཁུག་པ་ལྷས་བཙས་ཀྱིས་སློབ་དཔོན་ཆེན་པོ་ཨཱརྱ་དེ་བས་མཛད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་གདན་བཞི་པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་སྙིང་པོ་མདོར་བསགས་པ་དང་། དཔལ་གདན་བཞི་པའི་ཟབ་དོན་སྟོན་པ་ཤིང་གཅིག་གི་དཀའ་འགྲེལ། རྡོ་རྗེ་དྲིལ་ཐབས་ཀྱི་མཆོད་པའི་ཐབས་ཀྱི་རིམ་པ་བཅས་སྒྲ་སྒྱུར་མཛད་ཅིང་། ལོ་ཙཱ་བ་འདི་ཉིད་ཀྱི་རྣམ་ཐར་མཁན་ཆེན་ཞི་བ་འཚོའི་གསུང་གི་སྐབས་སུ་འགོད་པར་འགྱུར་རོ།།

༧༽ ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་སློབ་དཔོན་ཆེན་པོ་ཨཱརྱ་དེ་བས་མཛད་པའི་སེམས་ལ་དམིགས་པའི་རིམ་པའི་དོན་འགྲེལ་ལམ། སེམས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བ་ཞེས་བྱ་བའི་རབ་ཏུ་བྱེད་པ་དང་། དབུ་མ་འཁྲུལ་པ་འཇོམས་པ་ཞེས་བྱ་བ་སྒྲ་སྒྱུར་མཛད་ཅིང་། ལོ་ཙཱ་བ་འདིའི་རྣམ་ཐར་སློབ་དཔོན་སེངྒེ་བཟང་པོའི་གསུང་གི་སྐབས་སུ་འགོད་དོ།།

༨༽ ལོ་ཙཱ་བ་བ་རི་རིན་ཆེན་གྲགས་ཀྱིས་སློབ་དཔོན་འཕགས་པ་ལྷས་མཛད་པའི་ཁྲོ་བོ་རེག་ཚེག་གི་གཏོར་ཆོག་སྒྲ་སྒྱུར་མཛད་པ་དང་།

༩༽ ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་སློབ་དཔོན་འཕགས་པ་ལྷས་མཛད་པའི་བསྟན་བཅོས་བཞི་བརྒྱ་པ་ཞེས་བྱ་བའི་ཚིག་ལེའུར་བྱས་པ་དང་། དཔལ་གསང་བ་འདུས་པའི་རྫོགས་རིམ་མཐར་ཕྱིན་པ་བཅས་སྒྲ་སྒྱུར་མཛད་ཅིང་། ལོ་ཙཱ་བ་འདི་གཉིས་ཀྱི་རྣམ་ཐར་དཔལ་ལྡན་ཟླ་བ་གྲགས་པའི་གསུང་གི་སྐབས་སུ་འགོད་པར་འགྱུར་རོ།།

༡༠༽ ལོ་ཙཱ་བ་དགེ་སློང་ཆོས་སྨྲ་བ་བསོད་ནམས་ (ཁྲིམས་ཁང་པ་བསོད་ནམས་རྒྱ་མཚོ།) རྣམ་པར་རྒྱལ་བ་དབང་པོའི་སྡེས་སློབ་དཔོན་ཨཱརྱ་དེ་བའི་ཞལ་སྔ་ནས་མཛད་པའི་གོ་བར་བྱེད་པའི་སྙིང་པོ་བརྒྱ་པ་སྒྲ་སྒྱུར་མཛད། ལོ་ཙཱ་བ་འདི་ཉིད་ཀྱི་རྣམ་ཐར་མགོན་པོ་ཀླུ་སྒྲུབ་ཀྱི་གསུང་གི་སྐབས་སུ་བཀོད་ཟིན།

༡༡༽ ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས་ཀྱིས་གྲུབ་པ་འཕགས་པའི་ལྷས་མཛད་པའི་དབྱངས་ཀྱི་དཔྱད་འཕགས་པ་ལྷས་མཛད་པ་སྒྲ་སྒྱུར་མཛད། ལོ་ཙཱ་བ་འདིའི་རྣམ་ཐར་སློབ་དཔོན་ཤཱཀྱ་འོད་ཀྱི་གསུང་གི་སྐབས་སུ་འགོད་པར་བྱའོ།།

༡༢༽ ལོ་ཙཱ་བ་འབྲོག་མི་ཤཱཀྱ་བློ་གྲོས་ཀྱིས་སློབ་དཔོན་འཕགས་པ་ལྷས་མཛད་པའི་དུག་ལྔ་སྦས་པའི་ལམ་མཆོག་ཏུ་གསང་བ་བསམ་གྱིས་མི་ཁྱབ་པ་སྒྲ་སྒྱུར་མཛད། ལོ་ཙཱ་འདིའི་རྣམ་ཐར་དཔལ་ལྡན་ཆོས་གྲགས་ཀྱི་གསུང་གི་སྐབས་སུ་འགོད་པར་འགྱུར་བས་དེ་དག་ཏུ་གཟིགས་པར་འཚལ་ལོ།།  །།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༣༡ ནས་ ༤༣༣ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *