རོ་དངོས་གྲུབ་ཅན་གྱི་སྒྲུང་ངོ་མཚར་རྨད་བྱུང་། (ལེའུ་བཅུ་གསུམ་ཅན།)

༄༅། །སློབ་དཔོན་ཀླུ་སྒྲུབ་དང་རྒྱལ་བུ་བདེ་བྱེད་བཟང་པོས་མཛད་པའི་རོ་དངོས་གྲུབ་ཅན་གྱི་སྒྲུང་ངོ་མཚར་རྨད་བྱུང་ཞེས་བྱ་བ་བཞུགས་སོ།།

 

རྒྱལ་བས་ལུང་བསྟན་ཀླུ་སྒྲུབ་སྙིང་པོ་ཞེས། །
ཕྱི་ནང་དག་པའི་སྣོད་བཅུད་བྱིན་རླབས་ཤིང་། །
མཚུངས་མེད་དབུ་མའི་ལྟ་བ་སྟོན་མཛད་པའི། །
སྟོན་པ་གཉིས་པ་དེ་ལ་ཕྱག་འཚལ་ལོ། །


དེ་ཡང་སློབ་དཔོན་ཀླུ་སྒྲུབ་དང་། རྒྱལ་པོ་བདེ་བྱེད་བཟང་པོ་གཉིས་ཀྱིས་མཛད་པའི་ངོ་མཚར་རྨད་དུ་བྱུང་བའི་མཁས་པ་དང་སྐྱེ་བོ་རྣམས་ཀྱིས་མཛད་པའི་བཅུད་ལེན་གང་དགོས་བློར་ཞུགས་ནས་མཉན་པ་དང་། ཐོས་པ་ཙམ་གྱིས་དངོས་གྲུབ་བཟང་ཞེས་པའི་གཏམ་རྒྱུད་ཡིད་དུ་འོང་བ་གསུམ་གྱི་བསྟན་བཅོས་བསྟན་པ་ནི། དེའི་གླིང་གཞི་ནི། རྒྱལ་གར་གྱི་ཡུལ་དབུས་ན་སྒྱུ་མ་མཁན་སྤུན་བདུན་ཡོད། དེ་དང་ཡང་མི་རིང་བའི་དཔག་ཚད་གཅིག་གི་ས་ན། རྒྱལ་པོ་སྤུན་གཉིས་ཡོད་པས། སྤུན་ཆེ་བ་སྒྱུ་མ་མཁན་གྱི་མདུན་དུ་སྒྱུ་མ་སློབ་ཏུ་ཕྱིན་ནས། ལོ་བདུན་གྱི་བར་དུ་བསླབས་ཀྱང་སྒྱུ་མའི་མཁན་པོས་སྒྱུ་མའི་གནད་ཇི་ལྟར་སྟོན་མ་ཉན་ཏེ། ནམ་ཞིག་སྤུན་གཞོན་པས་ཕུ་བོར་རྒྱགས་སྐྱེལ་དུ་ཕྱིན་པ་སྒོའི་སེང་དུ་བལྟས་པས། སྒྱུ་མའི་འཕྲུལ་འཁོར་གྱི་གནད་མཐོང་བའི་མོད་ཁོང་དུ་ཆུད་པར་བྱས་ཏེ། ཕུ་བོར་རྒྱགས་མ་སྤྲད་དེ། །དེ་ནས་ཕུ་བོ་འཁྲིད་དེ་ཕོ་བྲང་དུ་ལོག་པར་གྱུར་ཏོ།།
དེ་ནས་ཕུ་བོས་སྨྲས་པ། སྒྱུ་མ་མཁན་སློབ་རུང་ཤེས་པའི་ངེས་པ་མེད་ཀྱིས། ངེད་རང་གི་རྭ་བ་ན་རྟ་བཟང་པོ་ལྟ་བས་ཆོག་མི་ཤེས་པ་གཅིག་ཡོད་པས་ཕྱིར་འཁྲིད་དེ་སྒྱུ་མ་མཁན་ཡོད་པའི་ཕྱོགས་དེར་མ་ཤོར་བ་གྱིས་ལ་ཡུལ་གཞན་ཞིག་ཏུ་དེད་ནས་སོང་ལ། དངོས་པོ་རྣམས་འཁུར་ཤོག་ཅེས་སྨྲས་ན། ཕུ་བོ་རང་གི་རྟ་དེ་སྒྱུ་མ་རུ་སྤྲུལ་ལོ། །ཕུ་བོ་དེས་ཀྱང་ཁོས་སྨྲས་པ་བཞིན་ཉན་ཏེ། ངས་ཀྱང་ལོ་བདུན་དུ་སྒྱུ་མ་བསླབས་ཀྱང་མི་ཤེས། བདག་གི་ནུ་བོ་འདིས་འདི་ལྟ་བུའི་རྟ་ཡ་མཚན་ཆེ་བ་རྙེད་འདུག་འདི་ལ་མི་བཞོན་ན་ཅི་བྱེད་བསམ་བཞོན་པའི་མོད་ལ་སྒྱུ་མའི་བག་ཆགས་ཀྱིས་རྟའི་ཁ་མ་འཆུན་དེ་སྒྱུ་མ་མཁན་སྤུན་བདུན་གྱི་དྲུང་དུ་སླེབས་སོ།།
དེར་བསླེབས་པ་དང་བྲོས་པས་ནི་མི་ཐར། སྒྱུ་མའི་མཁན་པོར་རྟ་དེ་ཉོའམ་འདྲི་བསམ་ནས། སྒྱུ་མ་མཁན་སྤུན་བདུན་གྱི་རྩར་འཁྲིད་དེ། བདག་གི་ནུ་བོས་རྙེད་པའི་ཁྱད་ཅན་དེ་ཉིད་ཡིན་པས་གཟིགས་སམ་ཞེས་སྨྲས་པས། དེ་རྣམས་ཀྱིས་སྒྱུ་མའི་རྟ་ཡིན་པ་ཤེས་ནས། བདག་ཅག་རྣམས་ཀྱི་སྒྱུ་མ་ལ་ཡ་མཚན་དུ་མི་འགྱུར་བས། འདི་ཉོས་ནས་བསད་པར་བྱའོ་བསམས་ནས། སྒྱུ་མའི་རྟ་དེ་ཉོས་ཤིང་རིན་ཡང་འདོད་པ་བཞིན་གཞལ་ལོ། །དེ་ནས་སྒྱུ་མ་མཁན་སྤུན་བདུན་གྱི་རྟ་དེ་ར་བ་ནག་པོ་གཅིག་ཏུ་བཏགས་ཏེ། ནམ་ཞིག་སྒོ་བཏད་པའི་དུས་སུ་ཁྲག་མང་བའི་ཕྱིར་སླད་དུ་འཁྲིད་དེ། སྤུན་ལ་ལས་ནི་སྣ་ལ་ཟུང་། ལ་ལས་ནི་རྐང་ལག་དང་མཇུག་མ་བཟུང་། རྔོག་མ་ལ་འཆང་སྟེ། མི་འཆོར་བ་བྱས་ཆུ་ཀླུང་གི་འགྲམ་དུ་ཕྱིན་ཏོ།།
རྟ་དེའི་བསམ་པ་ལ་བདག་གི་ཕུ་བོ་ནི་མགོ་མ་ཐོན། ང་འདི་རྣམས་ཀྱི་ལག་ཏུ་ཚུད། སྤྲུལ་པ་སྒྱུ་མར་བྱས་ཆོག་པའི་སེམས་ཅན་ཇི་འདྲ་བ་ཞིག་ཡོང་བསམ་པའི་མོད་ལ། ཉ་གཅིག་ཆུ་ནང་དུ་བྱུང་བ་དེར་སྤྲུལ་ལོ། །སྤུན་བདུན་གྱིས་ཀྱང་སྲམ་བདུན་དུ་སྤྲུལ་ནས་ཉ་དེད་དོ། །ཡང་བྲོས་པས་མི་ཐར་བ་བྱུང་བ་དང་། ནམ་མཁའ་ནས་ཕུག་རོན་གཅིག་བྱུང་བར་དེར་སྤྲུལ་ལོ། །སྤུན་བདུན་གྱིས་བྱ་ཁྲ་བདུན་དུ་སྤྲུལ་ནས་དེད་དོ། །རི་ཀླུང་མེད་པར་འདེད། དེད་ནས་ཟིན་ལ་ཉེ་བ་ན། ལྷོ་ཕྱོགས་བྷེ་དྷཱ་མའི་ཡུལ་དཔལ་གྱི་རི་ཞེས་པའི་བྲག་ཕུག་བདེ་བྱེད་ཅེས་པའི་ནང་ན་སློབ་དཔོན་ཀླུ་སྒྲུབ་བཞུགས་པའི་སྐུ་མདུན་དུ་ཕུག་རོན་དེ་བྲོས་སོ།།
ཁྲ་བདུན་གྱིས་ཀྱང་ཕུག་པའི་འགག་ཏུ་ཡོང་ནས། རལ་པ་བདུན་དུ་སྤྲུལ་ལོ། །ཀླུ་སྒྲུབ་ཀྱི་དགོངས་པ་ལ། ཕུག་རོན་འདི་ཁྲ་བདུན་གྱིས་འདེད་པའི་རྒྱུ་མཚན་ཅི་ཡིན་གསུངས་པས། དེས་སྔོན་གྱི་རྒྱུ་མཚན་དེ་རྣམས་ཞིབ་ཏུ་ཞུས་ནས། དེ་ང་རའི་ཕུག་པའི་འགག་འདི་ན་རལ་པ་བདུན་ཡོད་པ་དེ་རྣམས་སློབ་དཔོན་གྱི་མདུན་དུ་ཡོང་ནས་སློབ་དཔོན་གྱི་ཕྱག་ཕྲེང་བྱིན་རླབས་ཞུ་ཟེར་ཡོང་། དེ་དུས་ང་ཕྱག་ཕྲེང་གི་མདུད་འཛིན་དུ་སྤྲུལ་ནས་སྡོད་པས། མདུད་འཛིན་ཞལ་དུ་བཞེས་ཕྲེང་བ་ཕྱིར་བསྐོར་བར་ཞུ་ཞེས་ཞུས་སོ། །དེ་བཞིན་དུ་རལ་པ་བདུན་བྱུང་སྟེ་སློབ་དཔོན་གྱི་ཕྱག་ཕྲེང་བྱིན་རླབས་ཞུ་ཟེར། སློབ་དཔོན་གྱིས་མདུད་འཛིན་ཞལ་དུ་བཞེས་ནས། ཕྱག་ཕྲེང་ཕྱིར་བསྐོར་བས་སྐད་ཅིག་དེ་ཉིད་ལ་འབུར་གྱུར་ཏོ། །རལ་པ་བདུན་ཡང་ཁྱིམ་བྱ་བདུན་དུ་འགྱུར་ནས། འབུ་རྣམས་སྐད་ཅིག་དེ་ཉིད་ལ་བཟོས་སོ། །དེ་འཕྲལ་སློབ་དཔོན་གྱིས་མདུད་འཛིན་ཞལ་ནས་སྟོན་པས་མི་གྱུར་ཏེ། དབྱུག་པ་ཐོག་ནས་དེ་ཕོ་བདུན་བསད་པ་དང་མི་རོ་བདུན་བྱུང་ངོ་། །སློབ་དཔོན་ཤིན་ཏུ་ཐུགས་མ་མཉེས་ཏེ། ངས་ཁྱོད་གཅིག་གི་སྲོག་མགོ་སྟོན་པའི་མཐར། ཁོང་བདུན་ཚེ་འཕམ་པར་གྱུར་པ་འདི་ནི་ཤིན་ཏུ་མི་ལེགས་པ་ཡིན་གསུངས་པ་དང་། རྒྱལ་པོས་སྨྲས་པ། བདག་ནི་རྒྱལ་པོའི་བུ་ཞིག་ཀྱང་ཡིན་ཞིང་། སློབ་དཔོན་གྱིས་བདག་གི་སྲོག་བསྐྱབས་མཛད་པ་ཁོང་གཞན་རྣམས་ཤི་རུང་དེའི་སྡིག་པ་སྦྱོངས་དང་། སློབ་དཔོན་གྱི་བཀའ་དྲིན་གསབ་པའི་ཕྱིར། བཀའ་ཅི་གསུངས་ལ་མངོན་པར་བསྟོད་དོ། །
འོ་ན་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཞེས་པ་ན། རོ་དངོས་གྲུབ་ཅན་ཞེས་བྱ་བ་སྐེད་པ་ཡན་གསེར་ལ་བྱས་པ། སྐུ་སྨད་གཡུ་ལས་བྱས་པ། མགོ་ལ་དུང་གི་ཐོར་ཚུགས་ཅན་གཅིག་ཡོད་པ། དེ་ཁྱེད་ཀྱི་སྙིང་སྟོབས་ཀྱིས་ལེན་ཨེ་ཐུབ། ཐུབ་ན་ངའི་བསམ་པ་འགྲུབ་གསུངས་པས། འཛམ་བུ་གླིང་གི་མི་རྣམས་ཚེ་ལོ་སྟོང་ཕྲག་རེ་ཐུབ་པའི་ཐུན་མོང་གི་དངོས་གྲུབ་མཁོ་ཆེ་བ་གཅིག་ཡིན་གསུངས། དེས་ཀྱང་ཁས་བླངས་ཏེ་བདག་འགྲོ་བའི་ལམ་དང་། བྱ་ཐབས་དང་། རྒྱགས་སོགས་མདོར་ན་ཐབས་རྣམས་སློབས་ཤིག །བཀའ་བཞིན་འཚལ་ལོ་ཞུས་པས་དང་། སློབ་དཔོན་གྱིས་འོ་ན་ལམ་སྣ་དཔག་ཚད་གཅིག་ཕྱིན་པ་ན་ལུང་པ་ཤིན་ཏུ་རོང་དོག་པ། འཇིགས་ཤིང་སྐྱི་གཡའ་བའི་ས་དེར་རོ་ཤིན་ཏུ་ཆེ་བས་གང་ནས་ཡོད་པ་དེར། ཁྱོད་ཀྱིས་ཕྱིན་པ་དང་དེ་རྣམས་ལངས་ཡོང་། དེ་ལ་རོ་ཆེ་བ་རྣམས་ཧ་ལ་ཧ་ལ་སྭ་ཧཱ། ཞེས་ཟེར་བ་ལ་ཐུན་འདི་དོར། དེ་ནས་ལུང་པ་གཅིག་འདས་པ་ན། རོ་ཆུང་ཆུང་མང་པོ་ཡོད་པ་ན་དེ་ལ་ཧུ་ལུ་ཧུ་ལུ་སྭཱ་ཧཱ། དེ་ནས་ལུང་པ་གཅིག་འདས་པ་ན། བྱི་བའི་རོ་མང་པོ་ཡོད། དེ་ལའང་ཏི་ར་ཕཊ་ཞེས་བརྗོད་ལ་ཐུན་གཏོར། དེ་རྣམས་ཀྱི་ནང་ནས་རོ་དངོས་གྲུབ་ཅན་དེ་ཕར་བྲོས་པར་གྱུར་ཏེ། ཤིང་ཨ་མྲའི་སྡོང་པོ་གཅིག་ལ་འཛེགས་ཏེ་བསྡད་ཡོང་། དེ་དུས་སྟ་གྲི་ཟླ་བ་དཀར་པོ་ཡིས། རྩ་བ་ནས་གཅོད་པའི་ཚུལ་བསྟན་པ་གཅིག་གིས་མར་ལ་བབས་ཡོང་། དེ་ཕད་བུ་བརྒྱ་གཤོང་ཕྲ་མོའི་ནང་ཆུག་ལ་ཐག་པ་བརྒྱ་ཁྲེས་ཁྲ་བོས་བསྡམས། མར་གཟན་ཟས་པ་འཛད་མེད་ཟ་ཞིང་འཁུར་ལ་ཉིན་ལམ་བཅད། དམ་ཚིག་གཅིག་ཀྱང་མ་ཤོར་བ་ཚུར་སླེབས་པ་གྱིས་ཟེར། ཁྱོད་ཀྱི་མིང་ཡང་རྒྱལ་བུ་ཡིན་ལ་བྲག་ཕུག་བདེ་བྱེད་དུ་སླེབས་པ་ཡིན་པས། རྒྱལ་བུ་བདེ་བྱེད་བཟང་པོ་ཞེས་བྱ་བ་ཐོགས་ཤིག་ཅེས་གསུངས་ནས་ལམ་བསྟན་བརྫངས་སོ།།
རྒྱལ་བུ་དེས་ཀྱང་སོང་བ་ལས། སློབ་དཔོན་གྱིས་བསྟན་པའི་ལམ་གྱི་འཇིགས་པ་རྣམས་སེལ་ཞིང་ཕྱིན་པ་ལས། ནམ་ཞིག་རོ་དངོས་གྲུབ་ཅན་མཐོང་སྟེ་དེད་པ་ལས། ཤིང་ཨ་མྲའི་སྡོང་བུར་འཛེགས་སོ། །སྡོང་པོའི་རྩ་བར་ཁ་ཕོ་བྱས་ཏེ། སློབ་དཔོན་ཀླུ་སྒྲུབ་སྙིང་པོ་ཡིན། །སྟ་གྲི་ཟླ་བ་དཀར་པོ་ཡིན། །ཐག་པ་བརྒྱ་ཕྲེས་ཁྲ་བོ་ཡིན། །ང་རང་བདེ་བྱེད་བཟང་པོ་ཡིན། །རོ་གོག་བབ་བམ་ཤིང་གོག་སྒྱེལ། སྨྲས་པ་དང་། ཤིང་མ་འགྱེལ་ང་རང་བབས་ཏེ་ཡོང་ཟེར་བྱུང་བ་དང་། ཕད་བུའི་ནང་དུ་བཅུག །ཐག་པས་བསྡམས། མར་གཟན་ཟས་པ་འཛད་མེད་ཟ་ཞིང་རྒྱབ་ལ་འཁུར་ཏེ་ཡོང་ངོ་། །ཉིན་ལམ་མང་པོ་སོང་བ་དང་། རོ་དངོས་གྲུབ་ཅན་གྱིས་སྨྲས་པ། ཉི་མ་ཡང་རིང་། ཐང་ཡང་ཆད། ཡང་ན་ཁྱེད་རང་སྒྲུང་མཁས་པོ་གཅིག་མཐོང་། ཡང་ན་ངས་གཏོང་ཟེར་བ་དང་། རྒྱལ་བུས་ཅང་མ་སྨྲས་པས། ཡང་ན་ངས་གཏོང་དགོས་ན། མགོ་གྱེན་གྱེན་པ་གྱིས་ཟེར་བ་དང་། རྒྱལ་པོས་མགོ་གྱེན་གྱེན་པ་བྱས་སོ། །དེ་ཡན་གླེང་གཞིའོ།། །།
༈ དེ་ནས་རོ་དེས་སྒྲུང་སྨྲས་པ། དང་པོ་ཙ་ན་ཡུལ་གྲོང་ཆེན་པོ་གཅིག་ན། ཕྱུག་པོའི་བུ་གཅིག །ལྷ་རྗེའི་བུ་གཅིག །རི་མོ་མཁན་གྱི་བུ་གཅིག །རྩིས་མཁན་གྱི་བུ་གཅིག །ཤིང་བཟོ་བའི་བུ་གཅིག །མགར་བའི་བུ་དང་བཅས་དྲུག་པོ་དེས། ཕ་མ་ལ་གཅེས་རྒྱལ་བྱས་ནས། ཡུལ་གཞན་ཞིག་ཏུ་ཐོན་ཕྱིན་ཏོ། །ལུང་པའི་མདོ་གཅིག་ཏུ་སླེབས་པ་དང་། དེར་མི་རེ་ལ་བླ་ཤིང་རེ་བཙུགས་ཏེ། ལུང་སུལ་རེ་ལ་མི་རེ་ལྟོ་འཚོལ་དུ་ཕྱིན་ནས་ལོ་དྲུག་སོང་བ་དང་། དེར་སླེབས་པའི་གྲོས་བྱས་སོ། །གལ་ཏེ་མ་སླེབས་པ་དང་། བླ་ཤིང་སྐམ་པ་སོགས་བྱུང་ན་གར་སོང་བའི་ལུང་སུལ་དུ་འཚོལ་བར་བྱས། དེ་ནས་ཕྱུག་པོའི་བུ་དེ་ལུང་པ་གཅིག་གི་ནང་ལ་ཕྱིན་ཏེ། ལུང་པའི་ཕུ་ན་ནགས་དང་སྤང་གི་མཚམས་ན། ཁང་པ་སྤེལ་ཆུང་གཅིག་ཡོད་པའི་སྒོ་དྲུང་དུ་སླེབས། དེ་ནས་ཨ་ཕྱི་ཨ་མི་ཤིན་ཏུ་རྒན་པ་གཉིས་འདུག་སྟེ། བུ་ཁྱེད་གང་ནས་སླེབས་པ་ཡིན། གང་དུ་འགྲོ་རྒྱུ་ཡིན་ཟེར། ཕྱུག་པོའི་བུས་སྨྲས་པ། བདག་རྒྱང་རིང་པོ་ཞིག་ནས་ཡིན་ཏེ། ལྟོ་འཚོལ་བའི་ཕྱིར་འདིར་སླེབས་པ་ལགས་སོ། །རྒན་རྒོན་གྱིས་སྨྲས་པ། འོ་ན་ཁྱོད་རང་སླེབས་པ་ལེགས་སོ། །བདག་ལ་བུ་མོ་གཟུགས་དང་སྐྱེས་འབྲས་ལང་ཚོ་ཕུན་སུམ་ཚོགས་པ་ལྟ་བས་ཆོག་མི་ཤེས་པ་གཅིག་ཡོད། དེ་དང་བཟའ་མི་གྱིས་ལ་བདག་གི་བུ་སྐྱེས་པར་གྱིས་ཤིག་ཅེས་སྨྲས་མ་ཐག་ཏུ་བུ་མོ་དེ་ཡང་ཕྱིས་བྱུང་སྟེ། ཁོའི་བསམ་པ་ལ་བདག་ནི་ཕ་མའི་དྲུང་ནས་འདིར་བྲོས་ནས་ཡོང་སྟེ། འདི་ནི་ལྷ་ཡི་བུ་མོ་ལས་མཚར་བ་ཞིག་འདུག་པས། འདིའི་ཁྱོ་བྱས་ལ་འདི་རང་དུ་སྡོད་དོ་སྙམ་མོ། །བུ་མོ་དེས་ཀྱང་ཁྱེའུ་བྱོན་པ་ལེགས་ཀྱིས་ཞེས་གཏམ་མང་དུ་དྲིས་ནས་ནང་དུ་སོང་ཞིང་དགའ་མགུར་སྤྱོད་ཅིང་གནས་སོ།།
ནམ་ཞིག་ཡུལ་དེའི་མདའ་ན་རྒྱལ་པོ་གཅིག་ཡོད་པ་ལས། གཡོག་རྣམས་སོས་ཀའི་དུས། ཆུ་ལ་རྩེ་མོ་བྱེད་དུ་ཕྱིན་པས། ལུང་པའི་ཕུ་ན་ཕྱུག་པོའི་ཆུང་མའི་སོར་གདུབ་རིན་ཆེན་སྣ་ཚོགས་པའི་ཕྲ་ཡོད་པ་ཞིག་ཆུས་འཁྱེར་བ་དེ་གཡོག་རྣམས་ཀྱིས་ཟིན་ཏེ། དེ་ཡ་མཚན་ཆེ་ནས་རྒྱལ་པོ་ལ་ཕུལ་བ་དང་། རྒྱལ་པོ་དེས་སྨྲས་པ། ཁྱེད་རྣམས་སོང་ལས་ལུང་པའི་ཕུ་ཡ་གི་ན། སོར་གདུབ་འདི་གྱོན་པའི་བུད་མེད་གཅིག་ཡོད་འདུག་པ། དེ་ངའི་དྲུང་དུ་འཁྲིད་ཤོག་ཅེས་བཏང་ངོ་། །དེ་རྣམས་ཀྱིས་ཕྱིན་པ་དང་། བུ་མོ་དེ་མཐོང་མ་ཉིད་ཧ་ལས་དེ། འདི་ནི་ཤིན་ཏུ་བལྟ་བས་མི་ངོམས་པ་ཞིག་འདུག་ཅེས་སྨྲས་ནས། བུད་མེད་དེ་ལ་ཁྱེད་རྒྱལ་པོའི་དྲུང་དུ་དེངས་ཟེར། ཕྱུག་པོའི་བུ་དང་བཟའ་མི་གཉིས་འཁྲིད་དེ་རྒྱལ་པོ་ལ་ཕུལ་ལོ། །རྒྱལ་པོས་དེ་མཐོང་མ་ཐག་འདི་ནི་ལྷའི་བུ་མོ་ཡིན་ཏེ། བདག་གི་བཙུན་མོ་གཞན་རྣམས་ནི་ཁྱི་ཕག་དང་འདྲའོ་ཟེར་ལ་མོ་མ་ལ་མོ་རྩིས་བྱེད་ཟེར་རོ། མོ་ནི་རྒྱལ་པོའི་དབང་ལ་བྱུང་རྩིས་མ་གཏོགས་ཕྱུག་པོའི་བུ་གཅིག་པུ་ཡིད་ལ་བྱེད་དོ། །དེ་རྒྱལ་པོས་རིག་ནས་གཡོག་པོ་རྣམས་ལ་བསྒོས་ཏེ། ཕྱུག་པོའི་བུ་འདི་མེད་པར་གྱིས་ཤིག་ཟེར་བ་སྨྲས་སོ། །དེ་བཞིན་གཡོག་པོ་རྣམས་ཀྱིས་ཀྱང་ཕྱུག་པོའི་བུ་རྩེད་མོ་བྱེད་ལ་བསྙད་དེ་ཆུ་ཀླུང་གཅིག་ལ་འཁྲིད་དེ་དོང་དྲུས་ཏེ། ཕ་བོང་ཆེན་པོ་གཅིག་གིས་མནན་ཏེ་བསད་དོ།།
དེ་ནས་ནམ་ཞིག་གྲོགས་པོ་དེ་རྣམས་ཀྱིས་ཀྱང་ཕྱོགས་ཕྱོགས་ནས་དུས་ཚེས་ལ་བླ་ཤིང་བཙུགས་པ་དེར་བསྡུས་ཏེ་བརྟག་པ་བྱས་པ། གཞན་རྣམས་ཚང་བྱུང་། ཕྱུག་པོའི་བུ་མ་ཚང་བ་འདུག་ཅིང་། དེ་ཡི་བླ་ཤིང་སྐམས་པ་ཡང་མཐོང་ངོ་། །དེ་རྣམས་བློ་མ་བདེ་བར་ལུང་པ་དེར་འཚོལ་དུ་ཕྱིན་ཏོ། །བཙལ་བས་མ་རྙེད་པ་དང་། རྩིས་མཁན་གྱི་བུས་རྩིས་བྱས་པས། ཕྱུག་པོའི་བུ་ཆུང་འཁྲིད་པ་འདི་འདྲ་གཅིག་ན་ཕ་བོང་ཆེན་པོས་གནན་ཏེ་ཚེ་ཡི་འདུས་བྱས་འདུག་ཅེས་སྨྲས་སོ། །དེར་སོང་བ་དང་ཕ་བོང་སེལ་མ་ཐུབ་པར་ཐབས་བྱེད་ས་མེད་པར་སོང་བ་དང་། མགར་བའི་བུས་ལྕགས་ཀྱི་ཐོ་བ་འཁྱེར་ནས་ཕ་བོང་འཕྲོས་ལེར་བཅག་ནས་དོང་དྲུས་པས་རོ་ཐོན་ནོ། །དེ་ལ་ལྷ་རྗེའི་བུས་ཤི་གསོས་ཀྱིས་སྨན་བྱས་ཏེ། རོ་ཡི་ཁར་བླུག་པ་དང་། ཕྱུག་པོའི་བུ་སྐྱོན་མེད་པར་གསོས་ནས། ཕན་ཚུན་གཏམ་དྲིས་ཏེ། ཁྱོད་འཆི་བ་ལ་སྐྱོན་ཅི་བྱས་ཟེར་བ་སོགས་དྲིས་པ་དང་། ཁོ་བོས་སྔར་གྱི་ལོ་རྒྱུས་རྒྱས་པར་བཤད་པ་དང་བུད་མེད་དེ་ལྟ་བུ་ངོ་མཚར་ཆེ། ད་རྒྱལ་པོའི་ལག་ནས་ཇི་འདྲ་ཞིག་བྱས་འཕྲོག་དགོས་ཟེར་གྲོས་བྱས་པས་ཤིང་བཟོའི་བུས་ཤིང་གི་བྱ་ཁྱུང་འཕྲུལ་མ། གཟེ་འོག་ནས་བརྡུངས་ན་ཡར་འགྲོ་བ། ཡས་ནས་བརྡུངས་ན་མར་འགྲོ་བ། ཕྲེད་ལ་བརྡུངས་ན་ཐད་ལ་འགྲོ་བ་གཅིག་དྲན་ཏེ་བཟོས་སོ།།
དེ་ལ་ལྷ་བྲིས་གྱིས་བུས་མཚོན་སྣ་ཚོགས་པ་བཀྱེ་སྟེ་ཤིན་ཏུ་སྲ་བར་བྱས་སོ། །དེའི་ནང་དུ་ཕྱུག་པོའི་བུ་བཞུགས་ནས་ནམ་མཁར་འཕུར་ནས་རྒྱལ་པོའི་ཕོ་བྲང་གི་རྩེར་ལྡིངས་སོ། །དེ་རྒྱལ་པོ་འཁོར་དང་བཅས་པས་གཟིགས་པ་དང་། ངོ་མཚར་སྐྱེས་ནས་འདི་ལྟ་བུའི་བྱ་སྔར་མ་གྲགས་བཙུན་མོས་ཕོ་བྲང་གི་ཡང་ཐོག་ཏུ་སོང་ལ་ཟས་སྣ་ཚོགས་བྱིན་ཅིག་གསུངས། དེ་བཞིན་བཙུན་མོས་ཟས་འཁྱེར་ཏེ་ཕོ་བྲང་གི་ཡང་ཐོག་ཏུ་ཕྱིན་པ་དང་། བྱ་དེས་ཀྱང་ཡང་ཐོག་ཏུ་བབས་སོ། །ཤིང་གི་བྱ་ཁྱུང་དེའི་སྒོ་ནས་བཙུན་མོ་དང་། ཕྱུག་པོའི་བུ་གཉིས་ངོ་འཕྲད་དོ། །བཙུན་མོ་དེ་ཤིན་ཏུ་དགའ་ནས། ཁྱེད་དང་འཕྲད་རྒྱུ་མི་ཡོང་བསམ་པ་ད་ལམ་འཕྲད་ཆོག་པ་དང་། ཤིང་གི་བྱ་ཁྱུང་འདི་ལྟ་བུ་ཇི་བཙུག་ཡིན་ཟེར། ཁོས་ཀྱང་ལོ་རྒྱུས་རྣམས་ཞིབ་པར་བཤད་ཏེ་ཕོ་བྲང་ལ་རྒྱལ་པོའི་བཙུན་མོ་བྱེད་དམ། ཁྱོད་རང་ང་གཉིས་སྙིང་ཐག་པ་ནས་མི་འབྲལ་བ་ཡིན་པས་བཟའ་མི་བྱེད། བཟའ་མི་བྱེད་ན་ཤིང་གི་བྱ་ཁྱུང་ནང་དུ་ཚུར་ཤོག །ནམ་མཁའ་ལ་འཕུར་ཕྱིན་པས། གནོད་འཚེ་མི་ཡོང་ཟེར་སྐབས། བཙུན་མོས་ཁྱོད་རང་གི་ཡིད་དགའ་སྔ་མ་འཕྲད་པའི་གྲོགས་ཀྱི་མཆོག་ཡིན་ཟེར་ནས་བྱ་ཁྱུང་གི་ནང་དུ་བཞུགས་ནས་ནམ་མཁའ་ལ་འཕུར་རོ། །དེར་རྒྱལ་པོ་འཁོར་དང་བཅས་པ། ཀྱེ་མ་ཡིད་དུ་འོང་བའི་བྱ་དེ་ལ་ཟས་བསྟེར་བའི་ཕྱིར་བཙུན་མོ་བཏང་བ། ད་ནི་མཁར་འཁྱེར་རོ་ཟེར་ཞིང་སྡུག་བསྔལ་བར་གྱུར་རོ།།
དེ་ནས་ཕྱུག་པོའི་བུས་ཤིང་གི་གཟེར་མགོ་མར་བརྡུངས་ནས་བབས་ཏེ་གྲོགས་པོ་རྣམས་ཡོད་སར་སླེབས་སོ། །དེར་སྔོན་མ་ཁོ་རང་གི་ཐོན་པ་དང་། གྲོགས་པོ་རྣམས་ན་རེ། དོན་བཟང་ངམ་ཟེར། དོན་ཤིན་ཏུ་བཟང་། བཙུན་མོ་སྟོན་ཤོག་བྱས་པ་དང་། བྱ་ཁྱུང་དེའི་ནང་ནས་བཙུན་མོ་ཐོན་པ་དང་། གྲོགས་པོ་རྣམས་ཀྱང་བལྟ་བས་ཆོག་མི་ཤེས་པས་ཡིད་ལ་གཅགས་པར་གྱུར་རོ། །དེ་ནས་ཕྱུག་པོའི་བུར་གྲོགས་པོ་རྣམས་ཀྱིས་ཕན་བཏགས་སོ། །ང་རང་ཤི་ཡུལ་ནས་བཏོན། ཆུང་མ་བཙུན་མོ་འདི་ཡང་འཁུག་པའི་ཐབས་བྱས། ད་ནི་དྲིན་འཁུར་ངེས་རང་གཉིས་བཟའ་མི་བྱས་ཆོག་པ་ཞུ་ཟེར་བ་དང་། དེར་རྩིས་མཁན་གྱིས་མ་ཉན་ཏེ། ཁྱེད་རང་ཡང་གར་ཡོད་མི་འདུག་པ་ངས་རྩིས་བྱས་ནས་ཐོན་པ་ཡིན། ཁྱོད་ལ་བསྟེན་ནས་བཙུན་མོ་བྱུང་བ་ཡིན་པས། བཙུན་མོ་ང་ལ་དགོས་ཟེར། དེ་བྱས་པས་མགར་བའི་བུས་མ་ཉན་ཏེ། ཕ་བོང་གི་འོག་ཏུ་ཚུད་ཅིང་བསལ་མ་ཐུབ་པ་ངས་ཐོ་བས་བཅག་པ་ཡིན་པས་བཙུན་མོ་དགོས་ཟེར། དེ་བྱས་པས། ལྷ་རྗེའི་བུས་མ་ཉན་ཏེ། ཕ་བོང་བཅག་ནས་ཐོན་རུང་རོས་བཙུན་མོ་ཁུགས་པ་མིན། ངས་ཤི་གསོས་པའི་སྨན་བསྟེར་བས་ཕྱུག་པོའི་བུ་གསོས་པར་བྱས་ཤིང་། དེ་ལ་བརྟེན་ནས་བཙུན་མོ་བྱུང་བ་ཡིན་པས་ང་དབང་ཟེར། ཤིང་བཟོ་བའི་བུས་མ་ཉན་ཏེ། ཁོ་བོས་རུང་བཙུན་མོ་ཁུགས་པ་ལ་ནི་ཤིང་གི་བྱ་ཁྱུང་མེད་ན་སུས་ཀྱང་རྒྱལ་པོ་ལ་དམག་མི་དྲོངས། ཕོ་བྲང་ནང་ལ་མི་ཐར། བཙུན་མོ་ཁུག་པའི་ཐབས་མེད་དོ། །ངའི་ཤིང་གི་བྱ་ཁྱུང་ལས་བྱུང་བ་ཡིན་པས་ང་དབང་ཟེར། དེ་བྱས་པས་རི་མོ་མཁན་གྱི་བུས་མ་ཉན་ཏེ། ཁྱོད་ཀྱི་ཤིང་གི་བྱ་ཁྱུང་སྐྱ་བོ་དེ་ལ་བཙུན་མོའི་ལྟོ་བསྟེར་མཁན་མི་ཡོང་། ངས་ཚོན་སྣ་ཚོགས་ལས་མཛེས་པར་བྱས་པ་ཡིན་པས། དེ་ལ་བརྟེན་ནས་བཙུན་མོ་ཁུགས་པ་ཡིན་པས་ང་དབང་ཟེར། འོ་ན་ཐམས་ཅད་རྒྱོབ་ཟེར་གྲིས་བཏུབ་བཏང་ནས་བཙུན་མོ་བསད་དོ་བྱས་པས། རྒྱལ་པོ་བདེ་བྱེད་བཟང་པོས་དེ་འདྲ་སྙིང་རྗེ་ཟེར་བ་ཁ་ནས་ཤོར་བས། རོ་དངོས་གྲུབ་ཅན་བཞེད་དོ། །སརྦ་ཕ་ལ་མི་སྡོད་འཇག་ཀྱང་སྦིར་ཟེར་ནས་ཤོར་རོ། །རོ་དངོས་གྲུབ་ཅན་ལས་བྱུང་བའི་ཕྱུག་པོའི་བུའི་ལེའུ་སྟེ་དང་པོ་འོ།། །།

༈ ཡང་དེ་ནས་འགྲོ་ལུགས་སྔ་མ་བཞིན་བྱས་ནས། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ། རོ་དངོས་གྲུབ་ཅན་དེ་ལེན་དུ་ཕྱིན་ནས་འཁུར་ཡོང་བས། ཡང་རོས་སྒྲུང་བཏང་ནས་ནི། དང་པོ་ཙ་ན་ཡུལ་གྲུ་ཆེན་པོ་གཅིག་ན་རྒྱལ་པོ་གཅིག་ཡོད་དོ། །ལུང་པ་དེ་ཡི་ཕུ་ན་རྫིང་ཆེན་པོ་གཅིག་ཀྱང་ཡོད་པ། ཀླུའི་སྦལ་པ་གཉིས་ཀྱིས་རྫིང་དེ་ཡི་གླིང་ཕུག་བཀག་ནས། ཞིང་པ་རྣམས་ལ་ཆུ་མི་གཏོང་བ་ལས་ལོ་རེ་བཞིན་དྲག་ཞན་མེད་པ་རེ་མོས་བྱས་ནས་མི་རེ་སྦལ་པའི་ལྟོ་ལ་འགྲོ་བཞིན་ཡོད་པ་ལ། ནམ་ཞིག་དེའི་རེ་མོས་རྒྱལ་པོར་ཐུག་པས་མི་འགྲོ་བ་ལ་ནི་རྒྱལ་སྲིད་ཁམས་ཡིན་པས་ཐབས་མེད། འགྲོ་བ་ལ་ནི་རྒྱལ་པོ་ཡབ་སྲས་གཉིས་ལས་མེད་པས། ཡབ་སྲས་གཉིས་སུ་འགྲོ་ཟེར་ཤིན་ཏུ་ངལ་བའི་སྐབས་སུ། ཡབ་རྒྱལ་པོ་ན་རེ། ང་ན་སོ་རྒས་པས་མི་ཕངས་པས་ང་འགྲོ་གསུངས། བུ་ཁྱོད་ཀྱི་རྒྱལ་སྲིད་ཆོས་བཞིན་དུ་སྐྱོངས་ཤིག་གསུངས་སོ། །རྒྱལ་བུ་ན་རེ། ལྷ་གཅིག་ལགས། ཡབ་རྒྱལ་པོ་ཆོས་བཞིན་སྐྱོང་བ་ནི་གཤེགས་པར་མི་རིགས་ཀྱིས། བཙུན་མོ་བསུས་པས་སྲས་ཀྱང་དགོས་ཚད་ཡོང་བས། སྦལ་པའི་ལྟོ་ལ་བདག་འགྲོ་བ་ཡིན་ཟེར་མ་ཉན་ནོ། །དེ་ནས་བྱོན་པར་ཐག་བཅད་དོ།།
སྐྱེ་བོ་རྣམས་ཀྱིས་ཀྱང་སྐྱོ་བཞིན་པའི་ངང་ནས་སྐྱེལ་ཐུང་བྱས་སོ། །རྒྱལ་བུ་དེ་ལའང་སྐུ་ཕྲ་མོ་ནས་འགྲོགས་པའི་མི་ལྟོགས་ཀྱི་བུ་གཅིག་པུ་དེའི་སར་བྱོན་ནས། ཁྱོད་རང་ཕ་མའི་ཁ་བལྟ་ལ་ཉན་པར་བྱས་ནས་ཁམས་བདེ་བར་གྱིས་ཤིག །བདག་ནི་རྒྱལ་སྲིད་ཀྱི་ཁམས་དང་། རྒྱལ་པོའི་བཀའ་མི་བཅོག་པས་སྦལ་པའི་ལྟོ་ལ་འགྲོ་རྒྱུ་ཡིན་གསུངས་སོ། །མི་ལྟོགས་ཀྱི་བུ་དེ་ཡང་སྡུག་བསྔལ་ཤིན་ཏུ་ཆེ་བ་དང་། ངུ་ངག་གིས་ཞུས་པ། བདག་ཆུང་ནས་རྒྱལ་པོ་ཁྱོད་ཀྱིས་བསྐྱངས་པ་ཡིན་གྱིས། ད་ཁྱེད་ཀྱི་གླུད་ལ་ང་འགྲོ་བ་ཡིན། རྒྱལ་བུ་མ་བྱོན་ཅིག་ཞུས་ཀྱང་མ་གསན་ཏེ། དཔོན་གཡོག་གཉིས་ཀ་འགྲོགས་ཏེ་སོང་ངོ་། །རྫིང་གི་རྩ་བར་སླེབས་པ་དང་། རྫིང་གི་ཁ་ན་སྦལ་པ་སེར་སྔོན་གཉིས་གྲོས་བྱེད་པ་ཐོས་ཏེ། དེ་གཉིས་ན་རེ། རྒྱལ་བུ་དཔོན་གཡོག་གཉིས་པོ་ཐབས་འདི་ཤེས་པ་ཡིན་ན། ངེད་རང་གཉིས་ཀྱི་མགོ་ལ་དབྱུག་པ་བརྒྱབ་ནས་གསེར་སྦལ་ང་རྒྱལ་པོས་གྱུར་མིད་བྱས། གཡུ་སྦལ་ཁྱོད་མི་ལྟོགས་ཀྱིས་གྱུར་མིད་བྱས་པ་ཡིན་ན། ཁོང་གཉིས་ཀྱིས་སྐྱུག་པ་སྐྱུག་ཚད་ཐམས་ཅད་གསེར་གཡུར་ཐོན་པ་ཡོང་མོད། ཕྱིས་རྫིང་འདིར་སྦལ་པའི་ལྟོ་ལ་མི་འགྲོ་མི་དགོས་པ་གཅིག་ཡོང་བ་ཡིན་ཏེ་དེ་གཉིས་མི་ཤེས་ཟེར། དེར་རྒྱལ་བུས་སྲོག་ཆགས་ཐམས་ཅད་ཀྱིས་སྐད་མཁྱེན་པས་དཔོན་གཡོག་གཉིས་ཀྱི་དབྱུག་པ་རེ་ཐོགས་ནས་སྦལ་པའི་མགོ་ལ་བསྣུན་ཏེ་བསད། སོ་སོར་ཁྱུར་མིད་བྱས་པས་གསེར་གཡུ་གང་དགོས་སྐྱུག་པ་བྱུང་། ད་ངེད་རང་དཔོན་གཡོག་གཉིས་ཀྱི་སྦལ་པ་ནི་བསད། ཆུ་ནི་སོང་། ཡུལ་ལ་བྱོན་ནམ་ཞུས་པས། རྒྱལ་བུས་མ་གསན་ཏེ། ཡུལ་ལ་ཕྱིན་རུང་རོ་ལངས་བྱུང་ཟེར་ཡོང་། དེ་ལས་ཡུལ་གཞན་ཞིག་ལ་འགྲོ་བ་དགའ་གསུངས་ཏེ་ལ་གཅིག་བརྒྱབ་ནས་བྱོན་ནོ། །མར་ཙམ་ཞིག་ཏུ་ཕེབས་པ་དང་། ཆང་ཚོང་མ་མ་སྨད་གཉིས་ཀྱི་ཁང་པར་སླེབས་ཏེ། ཆང་ཉོས་ཆང་རིན་ལ་ཅི་སྤྲོད་ཟེར་ཏེ། གསེར་གཡུ་བསྐྱུགས་ཏེ་གཞལ་བས། མོ་ལྟོགས་ནས་ནང་དུ་བོས་ཆང་མང་པོ་སྦྱིན་པས་བཟི་བར་གྱུར་ཏེ། གསེར་གཡུ་བསྐྱུགས་སོ། །དྲན་པས་ཟིན་པ་དང་། ཁྱིམ་གྱི་ཕྱིར་བཏོན་འདུག་སྟེ། བྱ་ཐབས་མེད་པར་སོང་ངོ་།།
དེ་ནས་ལུང་པའི་མདོ་ལ་མར་ཕྱིན་པ་དང་། ཐང་གཅིག་གི་དཀྱིལ་ན་བྱིས་པ་མང་པོ་ཚོགས་འདུག་པ། དེ་ཐམས་ཅད་རྩོད་པ་བྱེད་ཅིང་འདུག །ཁྱོད་རྣམས་ཅི་ལ་རྩོད་དྲིས་པས། དེ་ཚོས་ཐང་དཀྱིལ་འདི་ནས། གྲིབ་ཀྱི་ཞྭ་ཆུང་གཅིག་རྙེད་བྱུང་བ་འདི་སུས་བྱེད་མ་འཆམས་པ་ཡིན་ཟེར། འདིས་ཅི་ཡོང་དྲིས་པས། འདི་སུ་ཡི་མགོ་ལ་གྱོན་ཡང་ལྷ་འདྲེ་མི་གསུམ་གྱིས་མི་མཐོང་བ་ཡིན་ཟེར། འོ་ན་ཁྱོད་རང་ཚོ་ཐང་འདིའི་གཤམ་མ་གིར་སོང་ལ། སུ་མགྱོགས་ལྟོས་ཤོག །གྲིབ་ཀྱི་ཞྭ་ཆུང་ངས་ཚགས་བྱས། སུས་མགྱོགས་པ་དེ་ལ་བསྟེར་བ་ཡིན་ཟེར། བྱིས་པ་རྣམས་ཀྱིས་ཐང་གི་གཤམ་དུ་ཕྱིན་ནས། ཡར་བརྒྱུགས་བྱུང་བ་དང་མི་ལྟོགས་བུས་གྲིབ་ཀྱི་ཞྭ་ཆུང་གྱོན་པས། བྱིས་པ་རྣམས་ད་གིན་འདི་ན་ཡོད་པ་ཡིན་ཟེར། མ་རྙེད་བར་དུ་ཆོ་ལྡི་རེ་ལོག་གོ།
དེ་ནས་ཕར་ཕྱིན་པ་དང་རྒྱ་སྲང་གཅིག་ན་འདྲེ་མང་པོ་ཚོགས་ནས་རྩོད་ཅིང་འདུག་པ་ཅི་ལ་རྩོད་དྲིས་པས། ལྷམ་ཆུང་འདི་ལ་མ་འཆམས་པ་ཡིན་ཟེར། འདིས་ཅི་ཡོང་དྲིས་པས། འདིའི་ནང་དུ་རྐང་པ་བཅུག་ནས་གང་ཡིད་ལ་བསམ་པའི་ས་དེར་སླེབས་པ་ཡིན་ནོ་ཟེར། འོ་ན་ཁྱོད་རང་ཚོ་རྒྱ་སྲང་མ་གིའི་གཤམ་ནས་ཡར་རྒྱུགས་ཤོག །སུ་མགྱོགས་དེ་ལ་ལྷམ་ཆུང་གཏོད་པ་ཡིན་བྱས་པས། ཐམས་ཅད་ཡར་བརྒྱུགས་བྱུང་བ་དང་། ལྷམ་ཕྱེད་མར་བཅུག་སྟེ་གྲིབ་ཀྱི་ཞྭ་ཆུང་གྱོན་པ་དང་འདྲེ་ཐམས་ཅད་ཀྱིས་ད་གིན་འདི་ན་ཡོད་པ་ཡིན་ཏེ། ད་མི་འདུག་ཟེར་ཞིང་ལོག་སོང་། དེ་ནས་ཁོང་དཔོན་གཡོག་གཉིས་ཀྱི་ལྷམ་ཆུང་ཡ་རེ་གྱོན་ནས། རྒྱལ་པོ་བཟོ་བྱེད་པ་གཅིག་ཏུ་སླེབས་པར་ཤོག །ཅེས་སྨོན་ལམ་བཏབ་སྟེ་ཉལ་བས། སང་ཞོགས་པ་དེ་ཡུལ་གཞན་ཞིག་གི་རྒྱལ་པོ་བཟོ་བ་གཅིག་གི་ཡུལ་ཤིང་ཀུ་མའི་ནང་དུ་སླེབས། དེའི་ཉིན་ཁྲོམ་ཆེན་པོ་གཅིག་ཚོགས་ཏེ། ཨ་ཕྱི་རྣམས་རྒྱལ་མོས་ནམ་མཁའ་ནས་གཏོར་མ་ཤིང་ཀུ་མའི་སྟེང་དུ་འཕངས་སོ། །མི་རྣམས་ཀྱིས་ཅི་ཟེར་ཤིང་གི་རྒྱལ་པོ་མི་ཡོང་ཟེར། ཡང་མི་ན་རེ་སུ་ཡོད་པ་ཤེས་ལྟོས་ཟེར། བལྟས་པ་དང་རྒྱལ་བུ་དཔོན་གཡོག་གཉིས་ཐོན་ནོ། །དེ་ལ་མི་རྣམས་ཡིད་མ་ཆེས་ཏེ། འདི་མཐའ་མི་འདུག་པས་སྐྱུག་པ་འགྲན་ཟེར་གྱེས་སོ།།
སང་ལ་ལས་འོ་མ་འཐུང་བས་སྐྱུག་པ་རིགས་མི་ཐིག་པ་བརྒྱབ། རྒྱལ་པོས་གསེར་གྱིས་སྐྱུག་པ་སེར་ནར་རེ་བསྐྱུགས་ནས་ཡུལ་འདི་ཡི་རྒྱལ་པོ་ངས་བྱེད་པ་ཡིན་ཟེར་ཏེ། རྒྱལ་བློན་བྱས་སོ། །ཡུལ་དེའི་རྒྱལ་པོ་སྔ་མ་དེའི་སྲས་མོ་ཤིན་ཏུ་མཛེས་པ་ལྟ་ན་སྡུག་པ་ཡིད་དུ་འོང་བ་ཞིག་ཡོད་པ་དེའང་བཙུན་མོ་བྱས་སོ། །ཕོ་བྲང་ནས་ཕར་ཉེ་བ་ན་མཁར་རིང་པོ་ཤིན་ཏུ་མཐོ་ཞིང་ལེགས་པ་གཅིག་ཀྱང་ཡོད་པ་ལ། བཙུན་མོ་དེ་ནི་ཉི་མའི་གུང་ལ་ཉིན་རེ་བཞིན་མཁར་དེའི་ནང་ལ་འགྲོ་བར་བྱེད་དོ། །ནམ་ཞིག་མི་ལྟོགས་ཀྱི་བུ་བློན་པོར་གྱུར་པ་དེའི་བསམ་པ་ལ་བཙུན་མོ་ཅིའི་ཕྱིེར། མཁར་འདིའི་ནང་ན་སུ་ཡོད་སྙམ་སྟེ་ཉིན་གཅིག་བཙུན་མོ་ཕྱི་བཞིན་དུ་འབྲངས་ཏེ་གྲིབ་ཀྱི་ཞྭ་ཆུང་གྱོན་ནས་སོང་བ་ལ་སྒོ་རེ་ཕྱེ་སྐས་རེ་བཙུགས་མཁར་གྱི་རྩེ་མོ་ཚུན་སོང་། དེ་ནི་ཤིན་ཏུ་བསྡུ་སྤྲོ་བ་དར་གྱིས་གདན་ལ་མཛེས་པར་བཤམས་པ། བཟའ་བཏུང་སྣ་ཚོགས་པ་དེས། བཙུན་མོ་རང་ཡང་ཆས་གོས་མཛེས་ཏེ། དར་ཁྲབ་ལ་སོགས་པ་གྱོན། ཁྲུས་དང་སྤོས་ལ་སོགས་པས་མཛེས་པར་བྱས་ནས། ཨ་ཀ་རོའི་བྱ་མོ་སྤར་ནས་གནས་སོ།།
དེའི་ཉིན་པར་བློན་པོས་གྲིབ་ཀྱི་ཞྭ་ཆུང་ལྷ་འདྲེ་མི་གསུམ་གྱིས་མི་མཐོང་བ་དེ་གྱོན་ཏེ་ཡོད་པ་ལས་དུམ་ཙམ་སོང་བ་དང་བྱ་ཤིན་ཏུ་མཛེས་པ་གཅིག་གྱེས་གྱིས་བྱུང་བ་དང་། བཙུན་མོ་དེ་སྤོས་ཀྱི་བསུ་བ་བྱས་པས་མཁར་གྱི་རྩེ་རུ་རྡོ་བ་ཤིན་ཏུ་མཛེས་པའི་སྟེང་དུ་ཏོག་ཏོག་ཟེར་འབབ་པ་དང་། བྱའི་ཤུབས་ཀྱིས་ནང་ནས་ལྷའི་བུ་དམ་པ་ཏོག་དཀར་པོ་ཟེར་བ་བློའི་ཡུལ་ལས་འདས་པ་གཅིག་བྱུང་སྟེ། གཅིག་གིས་གཅིག་ལ་འཁྱུད་ཅིང་དར་ཟབ་ཀྱི་བཞུགས་འབོལ་ལ་བཞུགས་ནས་བཟའ་བཏུང་སྣ་ཚོགས་པས་མཆོད་པ་བྱེད་དོ། །ལྷའི་བུ་ན་རེ། ཁྱེད་ཀྱི་ཁྱོ་མདང་སང་གནམ་གྱི་གུང་རྒྱལ་མོས་བསྐོས་པ་གཅིག་ཡོད་འདུག་པ་ཇི་ལྟར་འདུག་ཟེར། བཙུན་མོ་ན་རེ། ད་ཅི་འདྲ་ཡོང་མི་ཤེས། ན་སོ་གཞོན་གཞོན་གཅིག་འདུག །སྐྱོན་ཡོན་ཐིངས་པ་གཅིག་སྔར་ནི་མ་བྱུང་ལགས། སང་ཡང་སྔ་བར་བྱོན་ཟེར་དེའི་ཉིན་གྱེས་སོ། །བཙུན་མོ་ཡང་ཆས་བསྡུས་ཏེ་རྒྱལ་པོའི་དྲུང་དུ་སོང་ངོ་།།
སང་དེ་ཡང་སྔར་ལུགས་བཞིན་སོང་བ་ལས། བློན་པོས་ཀྱང་ཕྱི་བཞིན་ཕྱིན་པས། དེའི་ཉིན་ཀྱང་ལྷའི་བུ་ན་རེ། སང་སྔ་བར་ཁྱོད་ཀྱི་ཁྱོ་དེ་ལ་ལྟ་བའི་ཕྱིར་བྱིའུ་ཞིག་ཏུ་སྤྲུལ་ནས་ཡོང་གི་ཡིན་གསུངས། བཙུན་མོས་ཀྱང་དེ་བཞིན་ཞུ་ཟེར་གྱེས་སོ། །སང་ཞོགས་པ་དེ་བློན་པོས་རྒྱལ་པོ་ལ་སྨྲས་པ། མཁར་དེའི་ནང་ན་ལྷའི་བུ་དམ་པ་ཏོག་དཀར་པོ་ཞེས་པ་ལྟ་ན་སྡུག་པ་གཅིག་འདུག་སོགས་ལོ་རྒྱུས་རྒྱས་པར་བཤད་དོ། །ད་སང་ཞོགས་པ་ཁྱེད་རྒྱལ་པོ་ལ་ལྟ་བར་བྱིའུ་གཅིག་ཏུ་སྤྲུལ་ནས་ཡོང་བར་འདུག་པས། སང་ཞོགས་པ་རྒྱལ་པོའི་སྐུ་མདུན་དུ་མེ་ཀོང་གཅིག་ཡོད་པ་མཛོད། ངས་བྱིའུའི་མཇུག་སྒྲོ་ནས་བཟུང་སྟེ་མེ་ལ་བསྐྱུར་རོ། །དེ་འཕྲལ་ལ་ཁྱེད་ཀྱིས་རལ་གྲི་རྒྱོབ་ལས་གསོད་ཅིག་ཅེས་སྨྲས་སོ། །སང་ཞོགས་པ་དེ་རྒྱལ་པོ་ཡབ་ཡུམ་གྲལ་ལ་བསྒྲིགས་ནས་ཡོད་པ་ལ། ལྷའི་སྤྲུལ་པའི་བྱིའུ་ཕྲ་སིང་ངེ་བ་གཅིག་སྐས་ཀྱིས་གདང་བུའི་སྟེང་དུ་བྱུང་བ་ལ། བཙུན་མོ་ཤིན་ཏུ་ཡིད་སྤྲོ་སྟེ་མིག་ཟུར་གྱིས་བལྟ་བ་ལས་བློན་པོས་གྲིབ་གྱི་ཞྭ་ཆུང་གྱོན་ནས་གློང་རྒྱབ་ཏུ་བྱིའུའི་མཇུག་སྒྲོ་ནས་བཟུང་སྟེ་མེ་ཡི་དཀྱིལ་དུ་འཕངས་པ་ལས། རྒྱལ་པོས་རལ་གྲི་རྒྱག་པར་བརྩམ་པ་ལས། བཙུན་མོས་ཕྱག་བཟུང་བས་རལ་གྲི་མ་ཕོག་པས་གཤོག་པ་ཐམས་ཅད་ཚིག་སྟེ་ནམ་མཁའ་ལ་འཕུར་རོ། །བཙུན་མོ་ནི་སྙིང་རྗེ་ཟེར་ཏེ་བརྒྱལ་འགྲོ་བ་ཙམ་གྱི་སྡུག་བསྔལ་བར་བྱས་སོ།།
སང་དེ་བཙུན་མོས་མཁར་ལ་འགྲོ་བའི་ཕྱི་བཞིན་བློན་པོས་ཕྱིན་པས། སྔར་བཞིན་གྲབས་ཤོམས་ཚར་ནས་རྒྱུན་རིང་དུ་བསྒུགས་ཀྱང་ལྷའི་བུ་མ་བྱུང་ནས་ཤིན་ཏུ་སྡུག་བསྔལ་བཞིན་ནམ་མཁའ་ཁོ་ནར་བལྟས་པས་ནམ་ཞིག་བྱ་དེ་སྔར་བས་གུས་པས་ལྡིང་བྱུང་ཞིང་ན་ཐོག་ཏུ་བབས་པས་ནང་ནས་མཛེ་རྒན་ལུས་ཤུ་ཐོར་གྱིས་གང་། རྣག་ཁྲག་དང་ཆུ་སེར་འཛགས་པ་ཅིག་བྱུང་། ང་ལུས་ཚིག་པས་ཁྱེད་ཀྱི་ས་རུ་ཡོང་མི་ཐུབ་པ་འདུག་ཟེར། བཙུན་མོས་ཞུས་པ། དེ་བཞིན་མཛད་པ་མི་ཡོང་བས་སྔར་ལུགས་བཞིན་བྱོན་དགོས་ཟེར། གཉིས་ཀ་གྲོས་བྱས་ནས་ཟླ་བ་འབྱུང་ངོ་ཅོག་ལ་ཐེངས་རེ་འཕྲད་པས་ཆ་བསྒྲིགས་བྱས་ཏེ་ལྷའི་བུ་ནམ་མཁའ་ལ་སོང་ངོ་། །བཙུན་མོ་ནི་རྒྱལ་པོ་ཨ་མཐོང་སྐྱེས་ནས་གུས་པ་དང་ལྡན་པར་གནས་སོ། །བློན་པོ་དེ་ནི་མི་སྡོད་ཟེར་ནས་གྲིབ་ཀྱི་ཞྭ་ཆུང་གྱོན་ནས་སོང་། གཙུག་ལག་ཁང་ཡོད་པ་གཅིག་ཏུ་ཕྱིན་པ་དང་། སྒོའི་སྲུབ་ལ་བལྟས་པས། གཙུག་ལག་ཁང་གཅིག་གི་ནང་ན། དཀོན་གཉེར་གཅིག་གིས་ཤོག་སྒྲིལ་ལ་བོང་བུའི་གཟུགས་བྲིས་པ་གཅིག་ས་ལ་གཏིང་ནས་དེའི་ཁར་འདྲེས་ལོག་བརྒྱབ་པས། སྐད་ཅིག་དེ་ལ་བོང་བུ་ཆེན་པོ་ཞིག་ཏུ་གྱུར་ཏེ། མཆོད་ཁང་གི་ནང་ཐམས་ཅད་དུ་སྐད་ལོག་འདོན་རུང་བོང་རྒྱུགས་སླར་རྒྱབ་འདྲེས་ནང་ཁ་ལོག་ཏུ་བརྒྱབ་པས་དཀོན་གཉེར་དུ་སོང་སྟེ། ཤོག་དྲིལ་དེ་ལྷའི་ཕྱག་ཏུ་བཅུག་ནས་ཕྱིར་བྱུང་བ་དང་། བློན་པོས་ནང་དུ་ཕྱིན་ནས་ཤོག་དྲིལ་ཐོག་ནས་སྔར་ལེགས་སོ་མ་བྱས་པའི་ཆང་ཚོང་མ་རྒན་མོ་མ་སྨད་གཉིས་ཀྱི་རྩར་ཕྱིན། ང་ཁྱོད་གཉིས་ཀྱིས་ལེགས་སོ་བྱས་པའི་བྱ་དགའ་བསྟེར་བར་ཡོང་བ་ཡིན་ཟེར་བ་བྱས་ནས་བསླུས་བརྒྱབ་སྟེ། གསེར་ཞོ་གསུམ་བྱིན། རྒས་མོ་མ་སྨད་ཀྱིས་སྨྲས་པ། ཁྱོད་མི་བཟང་། གསེར་འདི་ཙམ་ཡོང་བ་ཅི་ལ་བརྟེན་ནས་བྱུང་ཟེར་བ་ལ། ང་ལ་གསེར་འདི་ཙམ་ཡོང་བ་ཤོག་དྲིལ་འདི་ལ་རྒྱབ་འདྲེས་བྱས་པས་བྱུང་བ་ཡིན་བྱས་པས། འོ་ན་བདག་གཉིས་ཀྱང་ཤོག་དྲིལ་ལ་རྒྱབ་འདྲེས་བྱེད་འཇུག་གྲོགས་གྱིས་ཟེར་ནས། དེ་བཞིན་རུང་ཟེར་ནས་རྒྱབ་འདྲེས་བྱས་པས། བོང་བུ་གཉིས་སུ་གྱུར་རོ།།
དེ་རྒྱལ་པོའི་དྲུང་དུ་འཁྲིད་ནས་མཁར་ལས་བྱེད་པའི་ས་རྡོ་ཐམས་ཅད་འདི་ལ་སྐྱོལ་ཞུས། དེར་བོང་བུ་གཉིས་ཀྱིས་ལོ་གསུམ་དུ་ལས་བྱས། རྒལ་པར་རྣག་དང་ཁྲག་དང་ཆུ་སེར་མང་དུ་འཛགས་ཤིང་། རྒྱལ་པོར་མཐོང་སྟེ་བོང་བུ་གཉིས་མཆི་མ་ཕྲུམ་ཕྲུམ་འདོན་པ་གཅིག་བྱུང་བས། རྒྱལ་པོས་བློན་པོ་ལ་སྨྲས་པ། བོང་བུ་འདི་གཉིས་སྐྱོན་ཅན་གཅིག་འདུག །ངན་མ་བྱེད་གསུངས་པས། ཁོས་ཤོག་དྲིལ་རྒྱབ་འདྲེས་རྒྱག་བཅུག་པས། ཨ་ཕྱི་འཆི་ལ་ཁད་པ་ལུས་རྣག་ཁྲག་ཏུ་སོང་བ་གཉིས་བྱུང་ངོ་། །དེ་ལ་རྒྱལ་པོ་བདེ་བྱེད་བཟང་པོས་དེ་རང་སྙིང་རྗེ་ཟེར་བ་བྱས་པས། སརྦ་ཕ་ལ་མི་སྡོད་འཇག་ཁྱང་སྦིར་ཟེར་ཤོར་རོ། །རོ་དངོས་གྲུབ་ཅན་གྱི་ལེའུ་སྟེ་གཉིས་པའོ།། །།

༈ ཡང་ལམ་ལ་འགྲོ་ལུགས་སྔར་བཞིན་བྱས་ནས་ཕྱིན་ཏེ། རོ་དངོས་གྲུབ་ཅན་ཁུར་ནས་ཡོང་བ་དང་། ཐང་ཆད་ཅིང་ཉི་མ་ཡང་རིང་བས། སྒྲུང་མཁས་པོ་མཐོང་ཟེར། ཡང་རྒྱལ་པོས་ཅང་མ་སྨྲས་པས། རོ་ན་རེ་ཁྱོད་རང་གི་བཤད་ན་མགོ་སྒུར་སྒུར་གྱིས། ངས་བཤད་ན་གྱེན་གྱེན་གྱིས། དང་པོ་ཙ་ན། ལུང་པའི་ཕུ་རིང་པོ་ཞིག་ན་མི་ཕོ་ཧྲེང་བ་གཅིག་ཡོད་དེ། དེ་ལ་ནོར་བ་གཅིག་མིན་པ་ཅང་མེད་དོ། །ནམ་ཞིག་བ་ལ་ཕྲུ་གུ་གཏོང་རན་པའི་སྐབས་སུ་བབས་ནས། གླང་ཕྱོགས་ཐམས་ཅད་བཙལ་བས་མ་རྙེད་ན། ཤིན་ཏུ་སྡུག་བསྔལ་བར་གྱུར་ནས་བསམ་པ་ལ་བདག་གི་བ་ལ་ཕྲུ་གུ་མ་བྱུང་ན། མར་དང་། དར་བ་གཉིས་ཀ་མི་འབྱུང་བའི་བདག་ལྟོགས་སྐོམ་གྱིས་འཆི་བར་འགྱུར་སྙམ་མོ། །ཡང་བསམ་པ་ལ། གཞན་ཐབས་མེད་ཀྱིས། བདག་རང་གིས་སྤྱད་པར་བྱའོ་སྙམ་ནས། བ་ལ་འདོད་པ་སྤྱད་དོ། །དེ་ནས་ཟླ་བ་སོང་བ་དང་། བེའུ་བཙའ་བར་ཉེ་བ་ན། ཕོ་ཧྲེང་གིས་བ་ཡི་རྩར་ཕྱིན་ཏེ། ཕྲུ་གུ་ཇི་ལྟ་བུ་གཅིག་སྐྱེ་བསམ་ཡོད་པ་ལས། ལུས་པོ་མི་ལ། མགོ་བོ་གླང་གི་དབྱིབས་འདྲ་བ་མཇུག་མ་རིང་བ་ཞིག་བཙས་སོ།།
དེ་བྱུང་བ་དང་ཕ་རྣམ་རྟོག་བཟོས་ཏེ་མདའ་གཞུ་ཐོགས་ནས་གསོད་པར་བརྩམ་པ་དང་། དེ་ན་རེ། ཕ་བདག་མ་གསོད་དྲིན་ལན་གཞལ་གྱིས་ཟེར་ནས། ནགས་གསེབ་ཏུ་སོང་ངོ་། །ནགས་གསེབ་ཏུ་ཕྱིན་པ་དང་། ཤིང་སྡོང་པོ་གཅིག་གི་རྩ་བ་ན་མི་ནག་པོ་གཅིག་འདུག་པ། ཡ་རུ་ཁ་ཁྲ་དེས་ཁྱོད་སུ་ཡིན་བྱས་པས། ང་ནགས་སྐྱེས་དར་པོ་ཡིན། མ་གསང་ཡ་རུ་ཁ་ཁྲ་གར་འབྱོན་པ། གྲོགས་པོ་བྱེད་ཟེར། དེ་གཉིས་འགྲོགས་ཏེ་སོང་བ་དང་། སྤང་སྔོ་མཐིང་ངེ་བ་གཅིག་གི་སྟེང་ན། མི་སྔོ་སིང་ངེ་བ་གཅིག་འདུག་པ་ལ། ཁྱོད་སུ་ཡིན་དྲིས་པས་སྤང་སྐྱེས་དར་པོ་ཡིན། ངས་ཀྱང་འགྲོགས་བྱེད་ཟེར། ཁོང་གསུམ་བསྡེབས་ཏེ་སོང་བ་དང་། ཤེལ་ཐོ་བ་གཅིག་གི་དཀྱིལ་དུ་སླེབས་པ་དང་། མི་དཀར་རལ་ལེ་བ་ཞིག་འདུག་པ་ལ། ཁྱོད་སུ་ཡིན་དྲིས་པས། ང་ཤེལ་སོ་སྐྱེས་དར་པོ་ཡིན། ངས་ཀྱང་གྲོགས་པོ་བྱེད་ཟེར་བཞི་པོ་བསྡེབས་ཏེ་སོང་བ་ལས། ལུང་སྟོང་ཤིན་ཏུ་ཆེ་བ་གཅིག་ཏུ་སླེབས་ཏེ། དེ་ན་གཞན་སུ་ཡང་མེད། རི་ཟུར་གཅིག་ན་བཟའ་བཏུང་མང་པོ་དང་། ནང་ཆས། ར་བ་མཛོ་ཕོ་མོ་སོགས་འདུག་ཅིང་། དེ་རྣམས་ཀྱི་བདག་པོ་མི་འདུག་པ། ཁོང་རྣམས་ཀྱིས་དེར་བསྡད་དོ། །ཉིན་རེ་བཞིན་ཁོང་གསུམ་གྱིས་རི་དྭགས་གཤོར་འགྲོ་བ་ལ། རེ་རེས་བཞིའི་གཞིས་བྱེད་དོ།།
ཉིན་གཅིག་ནགས་སྐྱེས་དར་པོས་གཞིས་པ་བྱས་ནས་ཞོ་དཀྲོགས་པ་དང་ཤ་ཚོད་དུ་ཡོད་པ་ལ། སྒོ་རྩིར་ཟེར་བྱུང་བ་ནས་སྐས་ལ་ཨའོ་མི་ཁ་ཅབ་མི་ཁ་ཟེར་ཞིང་འཛེགས་བྱུང་བས་སུ་ཡོད་དམ་བསམ་པ་ལ། ཨ་ཕྱི་གཟུགས་ཐོ་གང་ཙམ་ལ་ཕྲེས་ཕ་བོང་ཙམ་གཅིག་བྱུང་སྟེ། ཁྱེའུ་འདི་འདྲ་གཅིག་ཤ་ཚོད་འདུག་ཞོ་དང་ཤའི་བྲོ་བ་སྟོན་དང་ཟེར། བྲོ་བ་ཅུང་ཟད་རེ་བསྟན་པས་ཐམས་ཅད་མེད་པར་སོང་། ཨ་ཕྱི་ཡང་མར་ལ་བབས་སོང་། ཞོ་དང་མར་མེད་པའི་ངོ་ཚ་སྟེ། མཛོད་ཐམས་ཅད་གཤེར་བས་རྟའི་རྨིག་པ་གཉིས་ཐོན་བྱུང་བས། དེས་ཁང་པའི་ཐོ་ཕྱི་ཐམས་ཅད་རྩབས། ཁོ་རང་གིས་མདའ་གང་ཡོད་སྤེན་བད་ལ་བརྒྱབ་ནས་བསྡད་དོ། །དེར་ཤྭ་ཤོར་དུ་སོང་བ་རྣམས་སླེབས་ཏེ། ཞོ་དཀྲོགས་པའི་མར་དང་། ཤ་གང་ན་ཡོད་ཟེར། ནགས་སྐྱེས་དར་པོ་ན་རེ། དེ་རིང་རྟ་པ་བརྒྱ་ཙམ་ཞིག་ཡོང་། ཁང་པ་ལ་བསྐོར་རྒྱག་བྱས་ཞོ་དང་ཤ་འཕྲོགས་ང་རང་འགུལ་མ་ཤེས་པ་བརྡུངས་བྱས་བྱུང་བ་ཁྱོད་རྣམས་ཀྱི་ཕྱི་རོལ་ལ་ལྟོས་ཤིག་ཟེར། དེ་ཁོང་རྣམས་ཀྱིས་ཕྱིན་ཏེ་བལྟས་པས་རྟའི་རྨིག་རྗེས་དང་། སྤེན་བད་ལ་མདའ་གཟུག་པ་མཐོང་ནས་ཁོ་བདེན་པར་འདུག་ཟེར་རོ།།
སང་དེས་སྤང་སྐྱེས་དར་པོས་བསྡད་པས། ཁ་སང་ཇི་ལྟ་བ་བཞིན་བྱུང་བ། གཡག་གི་རྨིག་པ་གཉིས་ཀྱིས་གང་བས་མཐོ་ཕྱི་རྣམས་རྩབ་སྟེ། གཡག་ཁམས་པས་བརྡུངས་བྱས་སོ། །སང་ཤེལ་སྐྱེས་དར་པོས་བསྡད་པས་སྔར་བཞིན་བྱས་པས། དྲེལ་གྱི་རྨིག་པ་ཁང་པའི་མཐོ་ཕྱི་རྩ་བ་ནས་དྲེལ་ཁལ་བརྒྱ་ཙམ་བྱུང་བས་བརྡུངས་བྱུང་ཟེར། བརྫུན་བྱས་སོ། །དེའི་སང་ཡ་རུ་ཁ་ཁྲས་བསྡད་དོ། །རྭ་ཅོ་ཟིང་ངེས་མཇུག་མ་ཀྱེ་རེ་ཞོ་དཀྲོགས་པས་སྔར་བཞིན་ཨ་ཕྱི་དེ་བྱུང་ནས། ཨ་པ་དེ་རིང་འདི་འདྲའི་མི་གཅིག་འདུག །ཞོ་དང་ཤའི་བྲོ་བ་སྟོན་དང་ཟེར་བ་ཁོའི་བསམ་པ་ལ། ཁོང་གཞིས་པ་སྔ་མ་ལའང་འདི་བྱུང་བ་ཡིན་པར་འདུག་འདི་ལ་བྲོ་བ་བསྟན་ན། ཇི་ལྟར་ཡོང་མི་ཤེས་པ་བསམས་ནས། ཨ་ཕྱི་རང་བྲོ་བ་སྟོན་ལ་ཆུ་ལོངས་ཤོག་བྱས་ཏེ། ཟོ་བའི་མཐིལ་སྙུང་གུས་རྩབས་ཏེ་བཏང་བས། དེ་བྱེད་ཟེར་ཆུ་ལེན་དུ་སོང་ངོ་། །ཁོས་ཕུག་པ་ཞིག་ནས་བལྟས་པས། ད་གིའི་ཨ་ཕྱི་གཟུགས་ཐོ་གང་མ་དེ། གནམ་ལ་རེག་ལ་ཁད་ཙམ་བྱས་ནས་ཟོ་ལག་ཆུ་ཤབ་བཅུས་ཏེ། ཡང་ཟད་སོང་བ་དང་། ཆུ་ལེན་པ་འདབས་འདུག་པ་མཐོང་ངོ་། །མོའི་ཁྲེལ་པོ་བཤིགས་ནས་བལྟས་པས་རྒྱུས་པའི་ཐག་པ་དང་། ལྕགས་ཀྱི་ཐོ་བ་གཅིག །ལྕགས་སྐམ་གཅིག་རྣམས་འདུག་པ། དེའི་ཚབ་ཏུ་གསོ་ཐག་རུལ་པ་གཅིག །ཤིང་གི་ཐོ་བ་གཅིག་རྣམས་བརྗེས་སོ།།
དེ་ནས་ཨ་ཕྱི་བྱུང་སྟེ། ཁྱོད་ཀྱི་ཟོ་བས་ཆུ་ལེན་མི་ཐུབ་པ་འདུག །ད་ཁྱོད་བྲོ་བ་མི་སྟོན་ན་ནོར་འདི་རྣམས་ངའི་ཡིན། བུ་རང་གཉིས་རྩེད་མོ་གཅིག་འགྲན་ཟེར། ཨ་ཕྱིའི་གསོ་ཐག་གིས་ཡ་རུ་ཁ་ཁྲ་བཅིངས་སོ། །དེར་ཁོས་གྲད་བྱས་པས་གསོ་ཐག་དུམ་བུར་ཆད། ཡང་ཁོས་རྒྱུད་པའི་ཐག་པས་ཨ་ཕྱི་བཅིངས་པས་འགུལ་མ་ཐུབ་བོ། །ཨ་ཕྱི་ན་རེ། ད་ཁྱོད་རྒྱལ། ད་སེན་མོ་འདེབས་རེས་བྱེད་ཟེར། ཁོའི་བྲང་ལ་ཨ་ཕྱིས་ཤིང་སྐམ་བརྒྱབ་པས་ཅང་མ་ཉེས། ཁོས་ཨ་ཕྱིའི་བྲང་ལ་ལྕགས་སྐམ་བཙུགས་ནས་སྒོར་བཞིན་གཅུས་ཏེ་འཐེན་པས། ཤ་གླང་ང་ཙམ་བཀོག་པས་ཨ་ཚ་ཚ་ཁྱེད་བྱིས་པ་ཤེད་ཅན་གཅིག་འདུག །མུར་རྫོགས་རྒྱག་རེས་བྱེད་ཟེར། ཁོའི་ཤ་ལ་ཤིང་གི་ཐོ་བ་བརྒྱབ་པས་ཡུ་བ་ཆག་སྟེ་མ་རྙེད། ཁོས་ལྕགས་ཀྱི་ཐོ་བ་མེ་ལ་བསྲེགས། ཨ་ཕྱིའི་མགོ་ལུས་མེད་པར་བརྡུངས་པས་ཁྲག་འཛར་རེ་བྱས་ནས་སྐས་ལ་མཆོངས་ནས་བྲོས་སོ།།
དེ་ནས་ཤྭ་བ་ཤོར་སོང་བའི་གྲོགས་པོ་རྣམས་བྱུང་སྟེ་མ་སངས་ངོ་མ་རྒྱལ་ལོ་ཟེར། ཁ་སང་ཁྱོད་ཚོས་རྫུན་བྱས་ཕོ་མ་བརྒྱབ་པ་འདུག །ཨ་ཕྱི་དེ་ངས་བཏུལ་ཡོད། ད་དེ་ཡི་རོ་ལ་བལྟ་བར་དེངས་ཟེར་ནས་ཁྲག་རྗེས་གཞུག་ནས་ཕྱིན་པ་དང་། བྲག་གཡང་ཆེན་པོ་འཇིགས་སུ་རུང་བ་ཞིག་གི་སེར་ཀའི་དབྲག་ལ་བལྟས་པས་ཐོག་ས་བཅོ་བརྒྱད་ཙམ་གྱི་གཏིང་ན་ཨ་ཕྱིའི་རོ་དང་གསེར་གཡུ་གོ་ཁྲབ་སོགས་ནོར་བསམ་གྱིས་མི་ཁྱབ་པ་མཐོང་ངོ་། །དེ་མཐོང་བ་དང་ཁྱོད་རང་གསུམ་པོ་སོང་ལ་ནོར་རྣམས་ཡར་ལ་ཟར་ཐག་གིས་ཐོངས། ངས་འཐེན་མཁན་བྱ་ཡི། འོ་ན་ངས་གཏོང་ཁྱོད་རང་གསུམ་གྱིས་འཐེན་ཟེར། ཨ་ཕྱི་བདུད་མོར་འདུག་པས་ངེད་རྣམས་འགྲོ་རྒྱུ་མ་སངས་ཀྱི་འབྱོན་འགྲིགས་གྱིས་ཟེར། དེར་ཡ་རུ་ཁ་ཁྲ་ཞུར་ཐག་ལ་ཕྱིན་པས། ནོར་རྣམས་ཡར་ལ་བཏང་ངོ་། །བཏང་ཟིན་པ་དང་ཁོང་གསུམ་གྱིས་གྲོས་ངན་བཤམས་ཏེ། མ་སངས་ཐོན་ན་ནོར་རྣམས་མ་སངས་ལ་འཆོར། དེ་བས་ངེད་རང་གསུམ་པོ་བྱེད་པ་དགའ་ཟེར་བ་བྱས་ནས་མ་སངས་མ་འཐེན་པར་ཕུག་པའི་ནང་དུ་ལུས་སོ།།
དེར་མ་སངས་ཀྱི་བསམ་པ་ལ། ཁོང་ཚོས་ངན་བྱས་ཀྱིས་ད་ནི་འཆི་ལས་ཆེ། འདིའི་བང་སྟེང་གི་སྤྲག་ཚོ་ལ་ཅི་ཟ་རྒྱུ་ཡོད་དམ་བསམས་ནས་བཙལ་བས་ཁམ་རྩིག་གསུམ་རྙེད་པ་དང་། དེའི་དཀྱིལ་དེར་ས་བྲུས་ནས་ཁོ་རང་གི་ཆུ་བཟོས་ཏེ། ང་མ་སངས་ཡིན་ངེས་ཤེས་ན་གཉིད་སད་དུས་ཁམ་སྡོང་གསུམ་དུ་ཤོག་ཅིག །མིན་ན་ཤི་བར་གྱུར་ཅིག་བྱས་ནས། ཨ་ཕྱིའི་རོ་ལ་སྔས་བྱས་ནས་ཉལ་བའི་རོ་གྲིབ་ཀྱི་ལོ་མང་པོའི་བར་གཉིད་དུ་སོང་སྟེ་གཉིད་སད་པ་དང་། ཁམ་བུའི་ཤིང་བྲག་གི་སེར་ཀའི་ཁ་དང་མཉམ་པ་སྐྱེས་འདུག་པས། ཡིད་དགའ་སྟེ་འཛེགས་ནས་སྔར་གྱི་ཁང་པ་ཡོད་ས་དེར་ཕྱིན་པ་དང་། སུ་ཡང་མི་འདུག་ཅིང་། ཁོ་རང་གི་ལྕགས་མདའ་ལྕགས་གཞུ་དེ་འདུག་པ་ཐོགས་ཏེ་སོང་བ་དང་། ཁོང་གྲོགས་པོ་གསུམ་པོས་ཁང་པ་གསུམ་བརྩིགས། ཆུང་མ་རེ་བཀུག་འདུག་པས། ཆུང་མ་གསུམ་པོ་ལ། ཁྱོད་ཚོའི་ཁྱོ་གར་སོང་དྲིས་པས། ཤྭ་བ་ཤོར་དུ་སོང་ཟེར། ལྕགས་གཞུ་བཀུག་སྟེ་ལྟར་ཕྱིན་པས། ཤྭ་རོ་འཁྱེར་ནས་བྱུང་ངོ་།།
མ་སངས་ཀྱི་ལྕགས་མདའ་འཕངས་པས་ཁོང་གསུམ་སྐྲག་ནས་ངོ་ཚ་སྟེ། མ་སངས་བདེན་པར་ཡོད། ད་དུང་ངེད་གསུམ་པོ་ཁྱེད་རང་དང་གྲོགས་བྱས་ནས་ཐོན་འགྲོ་ཟེར། ཁྱེད་གྲོགས་པོ་གསུམ་གྱི་བྱེད་ལུགས་བལྟས་ན་དེ་འདྲ་བ་མིན་ཏེ། ང་ཡང་ཕ་མའི་དྲིན་ལན་འཇལ་བར་འགྲོ་དགོས་ཡོད། ཁྱེད་རང་ཚོ་སྔར་བཞིན་སྡོད་ཟེར་ནས་སོང་ངོ་། །མ་སངས་སོང་བ་དང་ཆུ་མིག་གཅིག་ནས་བུ་མོ་མཛེས་མ་གཅིག་ཆུ་བླངས་ནས་སོང་བའི་རྐང་རྗེས་རེ་རེར་མེ་ཏོག་རེར་སྐྱེས་འདུག་པ་ཡ་མཚན་ནས་དེ་ཡི་ཕྱི་བཞིན་དུ་ཕྱིན་འདུག་པས་ལྷའི་ཡུལ་དུ་སླེབས། དབང་པོ་བརྒྱ་སྦྱིན་ན་རེ། ཤིན་ཏུ་རང་ལེགས་ཀྱིས། ད་ལྟ་བདུད་ནག་པོ་སྐྲག་མེད་དང་ཉིན་རེ་བཞིན་རྩོད་པ་བྱེད་དུ་ཡོད་པས་སང་ལྟད་མོ་གྱིས། གནངས་ཉིན་ངེས་ཀྱི་གྲོགས་བྱེད་དགོས་ཟེར། སང་སྔ་དྲོ་གཡག་དཀར་པོ་རྣམས་ཀྱིས་ནག་པོ་རྣམས་ཕར་དེད། ཕྱི་དྲོ་སོང་རྩ་ན་ནག་པོ་རྣམས་ཀྱིས་གཡག་དཀར་པོ་རྣམས་ཚུར་འདེད་པར་བྱེད་དོ།།
དེ་ནས་ནུབ་བརྒྱ་སྦྱིན་ན་རེ། གཡག་དཀར་པོ་རྣམས་ལྷ་ཡིན། ནག་པོ་རྣམས་བདུད་ཡིན། སང་ཉིན་ཕྱི་དྲོ་ངེད་ཚོ་འཐབ་དུས་ཁྱོད་ཀྱིས་གཡག་ནག་པོ་མདོངས་ཡོད་པའི་དཔྲལ་བའི་དཀྱིལ་དུ་ལྕགས་མདའ་རྒྱོབས་ཤིག་ངེད་ཀྱིས་བཟང་ལན་འཇལ་ཟེར། སང་ཉི་མ་ཕྱི་དྲོ་སོང་བ་དང་གཡག་ནག་པོ་མཇུག་མ་རྒྱབ་ལ་ལངས། ཁ་ནས་མེ་ལྕེ་ལྷབ་བེ་གཡག་དཀར་པོ་རྣམས་འདེད་དུ་བྱུང་བས། མ་སངས་ཀྱིས་ལྕགས་གཞུ་བཀང་སྟེ་ལྕགས་མདའ་གཅིག་དཔྲལ་བའི་མདོངས་ལ་བརྒྱབ་པས། གཡག་ནག་པོ་རྣམས་ཐམས་ཅད་འུར་སོང་། བརྒྱ་སྦྱིན་དགའ་སྟེ་ལྷའི་ནོར་བུ་སྦྱིན། ད་ཞག་འགའ་ཞིག་ང་ཡི་སར་སྡོད་ཟེར། ངས་ཕ་ཡི་དྲིན་ལན་འཇལ་བར་འགྲོ་དགོས་ཡོད་བྱས་ནོར་བུ་འཁྱེར་ནས་འགྲོ་གྲབས་བྱས་པས། བརྒྱ་བྱིན་ན་རེ། འོ་ན་ལམ་ལ་གཉིད་ལོག་པ་དང་ལམ་འཕྱུགས་ཏེ་བདུད་ཀྱི་སར་སླེབས་ཉེན་ཡོད་པས་བྲོས་ན་མི་ཐར་བདུད་ཀྱི་སྒོ་བརྡུངས་ནས་སྨན་པ་ཡིན་གྱིས། བདུད་མདའ་ཕོགས་པ་སྟོན་བྱུང་ན། མདའ་འདོན་པ་བཞིན་གྱིས་ལ་ཀླད་པའི་དཀྱིལ་ཕུག་ནས་གསོད་ཟེར། དེ་ནས་སོང་བ་དང་ཇི་ལྟར་ཟེར་བ་བཞིན་ལམ་ལ་འཕྱུགས་ཏེ་བདུད་ཀྱི་སྒོ་དྲུང་དུ་སླེབས་སོ། །སྒོ་བརྡུངས་པ་དང་བདུད་མོ་ཁ་ལ་མེ་འབར་ཞིག་བྱུང་སྟེ། ཁྱེད་ཅི་ཤེས་ཟེར། ལྷ་རྗེ་ཤེས་ཟེར། ནང་དུ་ཤོག་ཟེར་བདུད་རྒྱལ་ལ་མདའ་ཕོགས་པ་བསྟན། དེར་ཁོས་མདའ་འཐེན་པས་བདེ་རུ་སོང་ཟེར། དགའ་འདུག་པ་ལ་མདའ་ཀླད་པའི་དཀྱིལ་དུ་ཕུལ་བ་དང་། བདུད་ཀྱི་དཔོན་བསད་དོ། །ལྷས་ལྕགས་ཐག་སིལ་ཁྲོལ་ཟེར་བཏང་བྱུང་བ་དང་། དེ་ལ་འཆང་བས་བདུད་མོས་ལྕགས་རྡོ་མེ་འབར་བ་བརྒྱབ་བྱུང་བས། ཁོས་སྐེད་པ་ཀྱོག་བྱས་པས་སྐར་མ་སྨེ་བདུན་དུ་རེད་དོ། །རྒྱལ་པོ་བདེ་བྱེད་བཟང་པོས་ཕ་མའི་དྲིན་མ་གསོས་པར་ཨེ་ཡིན་བྱས་པས། རྒྱལ་པོའི་ཁ་ནས་གཏམ་བྱུང་། སརྦ་ཕ་ལ་མི་སྡོད་འཇག་ཀྱང་སྦིར་ཟེར་ཤོར་རོ། །རོ་དངོས་གྲུབ་ཅན་གྱི་སྒྲུང་ལས་ཡ་རུ་ཁ་ཁྲའི་ལེའུ་སྟེ་གསུམ་པའོ།། །།

༈ ཡང་དེ་ནས་རོ་དངོས་གྲུབ་ཅན་ལེན་དུ་ཕྱིན་ཏེ། སྔར་བཞིན་འཁུར་ནས་ཡོང་བ་དང་། རོ་ན་རེ། ཡང་མིན་ན་ཁྱོད་ཀྱིས་སྒྲུང་གཅིག་ཐོངས། ཡང་ན་ངས་སྒྲུང་བཏང་གིས། ཁྱེད་ཀྱིས་གཏོང་ན་མགོ་གུག་གུག་གྱིས། ངས་གཏོང་བ་མགོ་གྱེན་གྱེན་གྱིས་བྱས་པས། མགོ་གྱེན་བྱས་སོ། །འོ་ན་དང་པོ་གཅིག་ཡུལ་གྲོང་ཤིན་ཏུ་སྐྱིད་པ་གཅིག་ན། བཟའ་མི་གཉིས་ཡོད་པ་ལ། ཁྱོ་དེ་ཤིན་ཏུ་རུ་ལ་ངན་པ་བཟའ་བཏུང་ཙམ་ཡང་བྱེད་མི་ནུས་ཤིང་། ཉིན་མཚན་མེད་པར་ཉལ་བ་ཁོ་ན་ཉིད་དུ་སྡོད་པ་ཞིག་ཡོད་པ། ནམ་ཞིག་ཆུང་མ་དེས་འདི་འདྲ་མ་བྱེད། ཁྱེད་ཀྱིས་ཕས་བསགས་པའི་ནོར་རྣམས་ཀྱང་ཕལ་ཆེར་ཟད་དོ། །མལ་ས་ནས་ཡར་རོང་རོང་གྱིས་ལ། ང་ཞིང་ལས་ལ་སོང་བའི་ཤུལ་དུ་ཐོག་ཁ་ནས་བྱ་ར་ཙམ་གྱིས་ཞེས་སྨྲས་སོ།།
དེ་ལ་ཉན་ཏེ། ཉིན་གཅིག་ཐོག་ཁར་ཕྱིན་པས་ཁང་པའི་ལྟག་པ་ཞིག་ན་འབྲོག་པའི་ལྷས་ཡོད་པ། དེ་ན་རུ་བ་རྣམས་སྤོས་པའི་ཤུལ་ཞིག་ན། བྱ་དང་ཝ་ཁྱི་ཕན་ཚུན་འཐབ་པ་གཅིག་འདུག་པ། དེར་བལྟ་བར་ཕྱིན་པས། མར་བརྫིས་གཅིག་ལུས་འདུག་པ་ཁུར་ནས་བང་སྟེགས་ཁར་བཞག་གོ །ཆུང་མ་ཡོང་བས་དེ་མཐོང་ནས་མར་བརྫིས་དེ་གང་ནས་རྙེད་ཟེར་དྲིས་པས། ཁྱོད་ནས་ཐོག་ཏུ་སང་སང་གྱིས་ཟེར་བ་བྱས་པས་འབྲོག་པ་སྤོས་པའི་ཤུལ་ནས་རྙེད་པ་ཡིན་ཟེར། མོ་ན་རེ། སྐྱེས་པ་ཁྱོ་ག་ཟེར་བ་དེ་དལ་པོར་སྡོད་རྒྱུ་ག་ལ་ཡིན། ཉིན་གཅིག་ཐོག་ཏུ་ཕྱིན་པ་ལ་འདི་འདྲ་ཡོང་བ་ལ་ཟེར། ཁོ་དཔའ་བསྐྱེད་དེ། འོ་ན་ངས་འཁྱམས་ཀྱིས་ཁྱོད་རང་རྟ་སྒ་ཐག་ཆང་དང་བཅས་པ། འཕྱིང་པ་ཞྭ་དཀར། ཁྱི་དང་བཅས་པ་བསྡོགས་ཤིག །དེ་བཞིན་མོས་ཀྱང་འཛོམས་པར་བྱས་ཏེ། ད་ཆས་རྣམས་ཚང་ཡོད་འགྲོ་བར་འཐད་ཟེར་བ་དང་། ཁོས་ཞྭ་དཀར་དང་འཕྱིང་པ་གོན། འཁོར་གསུམ་བཏགས། ཁྱི་འཁྲིད་རྟ་ལ་བཞོན་གར་འགྲོའི་གཏད་རེ་མེད་རུང་། ལུང་པ་ཕྱོགས་མི་གཅིག་པ་ལ་ཕྱིན་པར། ཐང་སྟོང་ཞིག་ན་མར་ཕྱིན་ནས་ཝ་མོ་གཅིག་སོང་བས་སྔ་མ་འཕྲད་པའི་གྲོགས་ཀྱི་མཆོག །འདི་ལ་ཞྭ་གཅིག་མཆོད་ཟེར་དེད་པས། འཕྱི་ཁུང་གཅིག་གི་ནང་དུ་སོང་། དེར་རྟ་བབས་ཏེ་མདའ་གཞུ་འཕྱིང་པ་རྣམས་རྟའི་ཐོག་ཏུ་བརྒྱབ། ཁྱི་དེ་རྟའི་ཐུར་མདའ་ལ་བཏགས། ཁོ་རང་ལུས་གཅེར་བུར་བྱས་ནས་ཞྭ་དཀར་གྱིས་འཕྱི་ཁུང་བཀག་ནས་རྡོ་ཆེན་པོ་གཅིག་ཐོགས་ཏེ། ཝ་མོ་ཡོད་པའི་ཐོག་ཏུ་རྡིག་རྡིག་ཟེར་བརྒྱབ་པས་ཝ་མོ་ཞེད་དེ་འཇུར་གྱིས་ཐོན་ནོ། །ཞྭ་དཀར་དེ་ཝ་མགོ་ལ་གྱོན་པ་ལྟར་འཁོན་ཏེ་བྲོས་སོ།།
དེའི་ཕྱི་བཞིན་ཁྱི་དེ་ཡང་རྒྱུགས། ཁྱིའི་ལྕགས་ཐག་རྟ་ཐུར་ལ་བཏགས་པ་རྟ་འཁྲིད་དེ་སོང་བས། མིག་གིས་མི་མཐོང་བར་ལ་བུད་ནས་ཐལ་ལོ། །ཁོས་རྗེས་ཨེ་ཟིན་བསམས་ཏེ་ཕྱི་ལ་ཕྱིན་པས། ལ་གཅིག་བརྒལ་མཚམས་སུ་མི་གཞོན་འགའ་རེས་དང་འཕྲད་པས། ཁོས་ཁྱེད་རྣམས་ཀྱིས་ཝ་ཞྭ་གྱོན། ཁྱི་རྟ་འཁྲིད། རྟ་མདའ་གཞུ་ཅན་འདྲ་ཨེ་མཐོང་བྱས་པས། ཁོང་རྣམས་ན་རེ། ཁ་སྐད་འདྲི་ལུགས་འདི་འདྲ་རྔན་ཆེན་ཡིན་ཟེར། ཁོ་བརྡུངས་གོས་རྣམས་བཤུས་གཅེར་བུར་བཏང་ངོ་། །ལུང་པའི་མདའ་ན་རྒྱལ་པོ་སྟོབས་འབྱོར་ཤིན་ཏུ་ཆེ་བ་གཅིག་དེའི་རྭ་བར་ཕྱིན་ཏེ་གོས་མེད་པས། སྐེ་མན་ཆད་སོག་མ་དང་ངན་ནུབ་ཀྱི་དཀྱིལ་དུ་མགོ་རྡོག་གེར་བསྡད་པས། དར་གཅིག་སོང་བ་དང་། རྒྱལ་པོའི་སྲས་མོ་ཡིད་དུ་འོང་བ་གཅིག་དེ་ཁམས་སེང་དུ་བྱུང་བས་བླ་གཡུ་ཡུལ་ཁམས་རི་བ་གཅིག་ཡོད་པ་དེ་རྭ་བ་དེར་ལྷུང་ངོ་།།
ཁོས་གཡུ་ལེན་ནི་མ་ནུས་བལྟ་ཡིན་བསྡད་པས། ཉི་མ་ནུབ་པ་དང་བ་གཅིག་བྱུང་སྟེ་གཡུའི་སྟེང་དུ་ལྕི་བ་ཞིག་བཏང་སོང་། དེ་ནས་དར་གཅིག་སོང་བ་དང་གཡོག་མོས་བ་འདོགས་པར་བྱུང་བས། ལྕི་བ་གཡུ་དང་བཅས་པ་རྩིག་ལོག་ན་སྦྱར་སོང་། དེའི་སང་ཉིན་སྲས་མོའི་བླ་གཡུ་ཡིད་བཞིན་ནོར་བུ་དེ་བོར་ཟེར་ཞིང་རྒྱལ་པོ་འཁོར་བཅས་འཚབ་སྟེ་ཁྲིམས་ཀྱི་རྔ་བོ་ཆེ་བརྡུངས། མངའ་ཞབས་ཀྱི་མི་ཀུན་བསགས་ཏེ། མོ་རྩིས་པ་མཁན་རྩད་གཅོད་པར་བྱེད་དོ། །ཁོས་ཀྱང་སོག་མའི་དཀྱིལ་ནས་སྐེད་པ་ཡན་ལྷག་སྟེ་བསྡད་པས་མི་གཅིག་བྱུང་ནས་ཁྱོད་ཀྱིས་ཅི་ཤེས་ཟེར། ངས་མོ་ཤེས་བྱས་པས་འོ་ན་ངེད་ཀྱི་རྒྱལ་པོའི་བླ་གཡུ་བོར་ནས་མོ་རྩིས་པ་ཐམས་ཅད་ཚོགས་ཡོད་པས་ཁྱོད་རང་ཡང་ཤོག་ཟེར། ང་ལ་གོས་མེད་བྱས་པས་མི་དེ་རྒྱལ་པོའི་དྲུང་དུ་ཕྱིན་ནས་ངེད་རང་གི་རྭ་བ་མ་གི་ནས་མོ་མ་གོས་མེད་གཅིག་འདུག་ཞུས་པས། རྒྱལ་པོས་སྣམ་གོས་གཅིག་གནང་ནས་འདི་སྐོན་ལ་འཁྲིད་ཤོག་གསུངས། དེ་བཞིན་བྱས་པས། རྒྱལ་པོའི་དྲུང་དུ་ཕྱིན་ནས་ཕྱག་ཕུལ་ཏེ་བསྡད་པས། ཁྱོད་ལ་མོ་འདེབས་པའི་ཆས་ཅི་དགོས་ཟེར། མོ་ཆས་ཕག་མགོ་ཆེ་བ་གཅིག །དེ་ལ་འདོགས་པའི་དར་སྣ་ལྔ། གཏོར་མ་ཆེན་པོ་གཅིག་རྣམས་དགོས་བྱས་པས། དེ་རྣམས་བྱུང་བ་དང་གཏོར་མ་ཆེན་པོ་གཅིག་བྱས། དེ་ལ་དབྱུག་པ་རིང་པོ་གཅིག་བཙུགས། ཕག་མགོ་ལ་དར་སྣ་རྣམས་བཏགས་ཏེ། གཏོར་མར་བཙུགས། ཞག་གསུམ་སོང་བ་དང་མངའ་ཞབས་ཀྱི་མི་ཐམས་ཅད་བསོགས་ཤོག་བྱས། ཁོ་རང་གི་དབྱུག་པ་ལ་ཕག་མགོ་བསྐྱོན་པ་དེ་འཁྱེར་ནས་བསྡད། ལུས་ལ་ཕོད་ཁ་ནག་པོ་ཞིག་གྱོན། ཞྭ་ནག་གཅིག་མགོ་ལ་གྱོན་ནས་རྒྱ་ཐང་གཅིག་ཏུ་མི་ཐམས་ཅད་ཤར་དུ་བཅུག །ཁོས་མི་རྣམས་ཀྱི་མགོ་ལ་ཕག་མགོ་ཐུག་པ་རེ་བྱས། འདི་ལ་མི་འདུག་འདི་ལ་མི་འདུག་བྱས་པའི་མི་ཐམས་ཅད་རྫོགས་པ་དང་། བླ་གཡུ་དེ་མི་ལ་བྱུང་མི་འདུག་བྱས་ནས་མི་རྣམས་དགའ་སྟེ། ད་བླ་གཡུ་དེ་ཕོ་བྲང་གི་ནང་འཁོར་ན་འདུག་ཞུས་སོ།།
རྭ་བར་ཕྱིན་ཏེ་རྩིག་ལོགས་གཅིག་གི་ལྕི་བ་ལ་ཕག་མགོ་བཙུགས་ནས་འདི་ལ་ཡོད་བྱས་པས། ལྕི་བ་གཡེང་བས་གཡུ་ཐོན་ནོ། །རྒྱལ་པོ་ཤིན་ཏུ་དགའ་སྟེ། རྒྱལ་པོ་ན་རེ། ཁྱོད་མོ་སྟོན་ཁྱད་དུ་འཕགས་པ་རང་འདུག །མིང་ཡང་མོ་སྟོན་ཕག་མགོ་བཏགས། ད་ཁྱོད་ལ་བྱ་དགའ་ཅི་དགོས་གསུངས་པས། ཁོ་སྔར་གྱི་ལུས་ཆས་རྟ་སོགས་ཡིད་ལ་འཕྲེང་སྟེ། བདག་ལ་དགོས་རྫས་འཕྱིང་པ། ཞྭ་དཀར། མདའ་གཞུ་འཁོར་གསུམ། རྟ་སྒ་ཆས་ཆ་འགྲིགས་འདོགས་ཁྱི་དང་བཅས་པ་ཞུ་ཟེར། རྒྱལ་པོའི་ཞལ་ནས་མི་འདི་གཡས་ཆུང་ཞིག་འདུག །དེ་རྣམས་བློན་པོ་ཚོས་སྤྲོད་ཟེར། དེ་རྣམས་གནང་། ཤ་མར་སོགས་སྐྱོས་མ་གླང་པོ་ཆེའི་རྒྱབ་གཉིས་དང་བཅས་སྐྱེལ་མི་བཏང་ངོ་། །དེར་ཁོ་ཡོང་བ་ཆུང་མས་མཐོང་སྟེ་བསུ་བར་བྱུང་ནས་སྐྱེས་པ་ཁྱོ་ག་ཟེར་བ་འདི་འདྲ་ལ་ཟེར་བ་ཡིན་ཞེས་བསྟོད་པ་བྱས་པས། ཁོ་དགའ་སྟེ། ནང་དུ་སླེབས་པས་སྐྱེས་མས་འདི་འདྲ་ཅི་བྱས་ནས་བྱུང་བ་ཟེར་དྲིས་པས། ཞིབ་ཏུ་བཤད་པས་ཁྱོད་འདྲའི་ཁྱོ་ག་ཡོང་བ། རྒྱལ་པོ་ལ་ཕན་དེ་ཙམ་བཏགས་ནས་གནང་ཆ་འདི་ལས་མ་ཞུ་བ་ཟེར། སང་ཉིན་མོ་རང་གི་རྒྱལ་པོའི་དྲུང་དུ་ཕྱིན་ནས། ངེད་ཀྱི་མོ་སྟོན་འདི་གཞན་དང་མི་འདྲ་མངོན་ཤེས་ཅན་ཡིན། རྒྱལ་པོའི་སྐུ་ཆགས་ཆེ་ཆུང་གླ་གཡུ་བོར་བས་ཤེས་མོད། ཁ་སང་ཞུས་པ་དེ་རྣམས་རྒྱལ་པོའི་སྐུ་ཆགས་བཟློག་ཕྱིར་མོ་སྟོན་གྱི་རྟེན་འབྲེལ་འགྲིགས་པ་ཡིན། ད་བླ་གཡུ་རྙེད་པ་ལ་གནང་སྦྱིན་ཞུ་ཞུས་པས། རྒྱལ་པོའི་ཞལ་ནས་དེ་བདེན་ངེས། གནང་སྦྱིན་མང་པོ་ལུག་དང་བཅས་པ་བརྫངས་སོ།།
དེར་བཟའ་མི་གཉིས་ཤིན་ཏུ་དགའ་སྟེ་སྐྱིད་པར་ཡོད་པའི་ཚེ། ནམ་ཞིག་རྩ་ན་ཐག་རིང་བ་ཞིག་ན། རྒྱལ་པོ་སྐུ་མཆེད་བདུན་ཡོད་པས། སྐུ་མཆེད་རྣམས་ནགས་ཚལ་དུ་སྐྱོ་སངས་ལ་བྱོན་པས། ནགས་གསེབ་ཅིག་ན་བུ་མོ་ཤིན་ཏུ་མཛེས་པ་ཞིག་དང་མཛོ་ཕོ་ཞིག་འདུག །བུ་མོ་དེ་ལ་ཁྱོད་ག་ནས་ཡིན་གསུངས་པས། ངེད་ལྷོ་ཕྱོགས་ཀྱི་རྒྱལ་པོའི་བུ་མོ་ཡིན། མཛོ་འདིའི་ཕྱི་ལ་ཕྱིན་པས་ལམ་འཛོལ་ནས་འདིར་སླེབས་ཞུས་པས། དེ་མོ་གཟུགས་མཛེས་པ་མཐོང་ནས། ངེད་སྐུ་མཆེད་ལ་བཙུན་མོ་མེད་པས་ཁྱེད་ཀྱི་བཙུན་མོ་བྱེད་དམ་གསུངས་པས། རུང་ཟེར། དེ་མོ་བཙུན་མོ་བྱས། མཛོ་དེ་རྭ་བར་བཞག་གོ །དེ་ནི་སྲིན་པོས་མཛོ་རུ་སྤྲུལ། སྲིན་མོས་བུ་མོར་སྤྲུལ་ནས་བསྡད་སྐད། ལོ་རེ་ལ་རྒྱལ་པོ་སྐུ་བགྲེས་རིམ་ནས་བཟོས་པས་ནུ་བོ་ཐ་ཆུང་ལུས། དེ་ཡང་སྙུང་གཞི་དྲག་པོས་ཟིན་ནས་གྲོངས་ལ་ཐུག་གོ །དེར་བློན་པོ་རྣམས་ཀྱིས་གྲོས་བྱས་ཏེ། རྒྱལ་པོ་སྔོན་མ་རྣམས་སྨན་དཔྱད་ཀྱིས་ཕན་པ་མ་བྱུང་བས་ད་ལམ་ཡང་ཕན་པར་དཀའ། དེ་བས་ལ་འདི་བརྒྱབ་པའི་ཕ་རོལ་ན་མོ་སྟོན་ཕག་མགོ་ཟེར་བ་མངོན་ཤེས་མཁན་གཅིག་ཡོད་ཟེར་བ་དེ་གདན་འདྲེན་དགོས་ཟེར་བཀའ་གྲོས་འཆམ་མོ། །རྟ་པ་བཞི་གདན་འདྲེན་ལ་བཏང་ངོ་།།
དེ་ཁོང་བཞིའི་ཞུ་འཕྲིན་ཕུལ་བས་ད་ལྟ་མཚམས་ལ་ཡོད། གང་ལྟར་དོ་ནུབ་ཐུགས་དམ་བརྟག་པ་བྱས་ནས་སང་ཉིན་ལན་བྱེད་བྱས། དེའི་ནུབ་མོ་ཆུང་མ་ལ་ད་ཅི་དྲག་ན། སྔོན་གཡུ་དེ་ང་རང་གིས་མཐོང་བ་ཡིན། ད་ངས་ཅི་ཡང་མི་ཤེས་པས་ཅི་འདྲ་དྲག་བྱས་པས། མོ་ན་རེ། སྔར་ཡང་བསོད་ནམས་ཀྱིས་ལེགས་པར་བྱུང་འདུག །ད་དུང་སྡོད་པ་ལས་ཕྱིན་པ་རང་དྲག །རྒྱལ་པོས་གནང་བའི་ཆས་རྣམས་གྱོན། ཕག་མགོ་འཁྱེར་རྟ་བཞོན་ལས་སོང་ཟེར། དེར་སང་ཉིན་ཁོང་རྣམས་ལ། མདངས་བརྟག་པ་ཡག་པོ་བྱུང་ཟེར། དེ་རིང་འགྲོ་ཟེར། རྒྱལ་པོས་གནང་བའི་ཕོད་ཁ་ནག་པོ་དང་། ཞྭ་ནག་གྱོན། ལག་པ་གཡས་སུ་ཕག་མགོ་དར་སྣས་བརྒྱན་པ་དེ་ཁྱེར། ལག་པ་གཡོན་དུ་རཀྴའི་ཕྲེང་བ་ཐོགས། རྟ་ལ་བཞོན་ཏེ་གདན་འདྲེན་པའི་མི་དང་མཉམ་དུ་རྒྱལ་པོའི་ཕོ་བྲང་དུ་སླེབས་སོ།།
དེར་མོ་སྟོན་གྱིས་རྒྱལ་པོའི་དབུ་སྔས་ཙར་གཏོར་མ་མི་ལངས་པ་ཙམ་བཞེངས། ཕག་མགོ་དར་སྣས་བརྒྱན་པ་དེ་བཙུགས། ཁོ་རང་རཀྴའི་ཕྲེང་བ་ཤར་ནས་སྔགས་འདྲེན་པ་ཁད་བྱེད་ཀྱིན་བསྡད་པས་སྲིན་པོ་བཟའ་མི་ཞེད་ནས། འདིའི་ཆ་ལུགས་ཀྱང་འཇིགས་པས་ངོ་ཤེས་ཏེ་བསམ་འོངས་བསམ་ཡོད་པ་ལ། ནམ་སྲོད་འཁོར་དུ་སོང་རྩ་ན། བཙུན་མོས་རྒྱལ་པོའི་བླ་གཅོད་པའི་འཕྲོ་དེ་གཅོད་མ་ནུས་པས་སྒོ་བད་སྟེང་ན་བསམ་བློ་གཏོང་གིན་བློ་མ་བདེ་རོང་ངེར་བསྡད་པས། རྒྱལ་པོ་ཟུག་གཟེར་ཆགས་ནས་མནལ་དུ་སོང་ངོ་། །མོ་སྟོན་འདྲོགས་ཏ་ད་གིན་ཟུག་གཟེར་དང་ཕུང་པོ་དེ་འདྲ་འདུག་པ་ལ་། ད་ཁ་ཁུ་མི་འདུག་རྒྱལ་པོ་གཤེགས་པ་མིན་ལས་ཆེ་སྙམ། རྒྱལ་པོ་ལགས་ཞུས་པའི་གསུང་མ་བྱུང་། ད་གཤེགས་པ་ཡིན་པ་རང་འདྲ་བསམས་ནས་གཏོར་མ་ནས་ཕག་མགོ་བཏོན་ཏེ་བྲོས་ཕྱིན་པས། སྒོ་གཅིག་ནང་དུ་འཛུལ་བས་རྐུན་མ་བྱུང་ཟེར་ཕྱག་མཛོད་དང་འགྲིགས། ཡང་བྲོས་ཕྱིན་པས་ཐབ་ཚང་དང་འགྲིགས་རྐུན་མ་བྱུང་སྒོ་རྒྱབ་ཟེར། དེ་ནས་སྐས་གཅིག་འདུག་པ་ལ་མཆོངས་སྟབས་སུ་བབས་ནས། ད་དོ་ནུབ་ཡོང་བ་མི་འདུག །ར་བའི་སྦུག་དེར་སྡོད་དགོས་བསམ་ཕྱིན་པས། མཛོ་གཅིག་ཉལ་འདུག །དེ་མ་འདྲོགས་པ་བྱེད་བསམ་མཆོངས་པས་མཛོ་ཕོ་དེའི་སྟེང་དུ་ལྷུང་བ་འདྲ་བྱུང་། དེར་འདྲོགས་ཐབས་སུ་ཅི་བྱ་མེད་པ་ལ་སྙིང་ག་ནས་ཕག་མགོ་དེ་མཛོ་ཕོའི་རྭ་བ་རུ་ལན་གསུམ་བརྒྱབ་པས། མཛོ་ཕོ་རླུང་སྔོ་འཕྱུར་བ་གཅིག་བྱས་བཙུན་མོ་ཡོད་པའི་སྒོ་ནང་དུ་སོང་ངོ་།།
དེའི་ཕྱི་ལ་ཕྱིན་ནས་ཉན་བུ་བྱས་པས། མཛོ་ཕོ་སྲིན་པོར་གྱུར་ནས། བཙུན་མོ་ལ་ང་ར་བ་ན་ཡོད་པ་ངོ་ཤེས་ནས། ཁོའི་ཕྱག་མཚན་ཕག་མགོ་དེ་ང་ལ་ལན་གསུམ་བརྒྱབ་བྱུང་། ད་ཅི་དྲག་ཟེར། མོ་ན་རེ། ང་ཡང་ངོ་ཤེས་དོགས། དེའི་སྔོན་དུ་འགྲོ་མ་ནུས། ད་མངའ་ཞབས་ཀྱི་སྐྱེས་པ་ཐམས་ཅད་གོ་མཚོན་སྤྲད་ནས་ཤོག །བུད་མེད་ཐམས་ཅད་ཤིང་དང་སྣུམ་འཁྱེར་ཤོག །དེ་ནས་མཛོ་ཕོ་དེ་འཁྲིད་ཤོག་ཟེར་བར་བྱས་ལ་གཟུགས་བཤིག་བྱས་ན་མི་བཤིག་པ་ནི་མི་ཡོང་། གཟུགས་ཤིག་བ་མདའ་གཞུ་ཐོགས་ཏེ་མེ་ནང་བསྲེགས་འོང་། དེ་ནས་ང་ལ་ཡང་བྱེད་དགོས་ཟེར་ལབ་པར། མོ་སྟོན་གྱིས་ཐོས་ཏེ་ད་ལས་སླ་བར་འདུག་སྙམ་ཕག་མགོ་གཏོར་མ་ལ་བཙུགས། ངག་གྲོལ་བ་ལྟར་བྱས་ནས། རྒྱལ་པོའི་སྐུ་ཁམས་ཇི་ལྟར་བྱས་པས། མོ་སྟོན་ཕེབས་པའི་སྐུ་དྲིན་གྱིས་གཟུགས་ཟློ་གཉིད་དུ་སོང་བ་ཡིན་འདུག་གསུངས་སོ།།
འོ་ན་ཁྱེད་རང་གི་བློན་པོ་རྣམས་ལ་བཀའ་བསྒོས་ཏེ། སང་མངའ་ཞབས་ཀྱི་སྐྱེས་པ་ཐམས་ཅད་གོ་མཚོན་བགྱིས་ལ་ཤོག །བུད་མེད་རྣམས་ཤིང་དང་སྣུམ་འཁུར་ནས་ཤོག་གསུངས། ཐང་མ་གིར་འཛོམས་ཆུགས་ཞུས་པས་ཐམས་ཅད་འཛོམས་བྱུང་ངོ་། །དེར་མོ་སྟོན་གྱིས་ཤིང་རྣམས་ཧོམ་ཆེན་པོ་གཉིས་བརྩིགས་སྣུམ་བཏབ། མཛོ་ཕོ་དེ་ལ་སྒ་སྟན་བརྒྱབ་ནས་མོ་སྟོན་གྱིས་བཞོན་ནས་ཕག་མགོ་འཕྱར་རུང་། ཁྲོམ་གྱི་མཐའ་བསྐོར་ནས་ཡོང་། ད་སྒ་སྟན་ཤུས་ཟེར། བཤུས་ཟིན་པ་དང་ཕག་མགོ་མཛོ་ཕོའི་མགོ་ལ་སྣུན་ནས་གཟུགས་གཤིག་བྱས་པས་མཛོ་ཕོ་དེ་སྲིན་པོ་ཤིན་ཏུ་འཇིགས་སུ་རུང་བ། བྲང་ལ་ཤའི་གཉེར་ཐེམ་ཡོད་པ། མིག་ནས་ཁྲག་འཛག་པ་ཡས་ཀྱི་མཆེ་བ་མར་སླེབས། མས་ཀྱི་མཆེ་བ་མིག་མཚམས་སུ་སླེབས་པ་ཞིག་བྱུང་ངོ་།།
ད་བཙུན་མོ་ཁྲིད་ཤོག་བྱས་པས། དེར་བཙུན་མོ་ངུ་ཞིང་མི་མང་པོས་འཁྲིད་བྱུང་བས་མོ་སྟོན་གྱིས་ཕག་མགོ་བསྟན་ཅིང་གཟུགས་གཤིག་བྱས་པས། བཙུན་མོ་དེ་གཟུགས་ཤིན་ཏུ་འཇིགས་པ་ནུ་མ་ཕྲག་ལ་གཟེད་པ། མཆེ་བ་རིང་ཞིང་། མིག་དམར་བ་ཞིག་བྱུང་ངོ་། །དེར་མོ་སྟོན་གྱིས་སྔར་རྒྱལ་པོ་སྐུ་མཆེད་དྲུག་པོ་སྲིན་པོའི་བཟའ་མི་འདི་གཉིས་ཀྱིས་བཟོས་པ་ཡིན། ད་ལམ་ངའི་ནུས་མཐུས་ཟ་མ་ཐུབ་པ་ཡིན། ད་མཚོན་ཆ་སྣ་ཚོགས་བརྒྱབ་ལ་མེའི་ཧོམ་དེར་རྒྱོབས་ཟེར། དེ་ལྟར་བྱས། སྲིན་པོ་བཟའ་མི་བསད་དོ། །དེར་མི་ཐམས་ཅད་མོ་སྟོན་ལ་ངོ་མཚར་ཆེ་ཟེར། ཕྱག་འཚལ་བ་དང་། གུས་པས་མཆི་མ་འདོན་པ་དང་ནས་འཐོར་ཞིང་དངོས་པོ་འབུལ་བ་སོགས་ཀྱིས་ལམ་འགགས་ཏེ། ཕོ་བྲང་དུ་མ་ལོག་པ་ཞག་གཅིག་ལུས་སོ། །སང་དེ་ཕོ་བྲང་དུ་ལོག་ནས་རྒྱལ་པོ་ཤིན་ཏུ་དགའ་སྟེ། ཁྱོད་ལས་དྲིན་ཆེ་བ་མེད་པས་བྱ་དགའ་ཅི་དགོས་ཟེར། ད་མོ་སྟོན་ངའི་ཡུལ་ལ་ནོར་སྣ་དཀོན་པས་ཞུ་བྱས་སོ།།
རྒྱལ་པོས་དེ་དང་ལོས་བྱེད་ཟེར་ནས་སྣ་འཇུ་སྒྱེ་གསུམ་དང་། སྐྱོས་མ་གླང་པོ་ཆེའི་ཁལ་བདུན་གྱི་ཤ་མར་སྐྱེལ་མི་དང་བཅས་ཡུལ་དུ་བརྫངས་སོ། །ཡུལ་དུ་ཁད་ཉེར་སླེབས་པ་ན། ཆུང་མས་བསུ་ཆང་ལ་ཡོང་ནས། གླང་པོ་ཆེའི་ཁལ་མཐོང་ནས་མི་རྒོད་པོ་ཡོད་ཟེར་ན་འདི་འདྲ་མོ་ཟེར། དགའ་ནས་ནང་དུ་སླེབས་སོ། །དེའི་ནུབ་མོ་ལོ་རྒྱུས་རྣམས་དྲིས་པས། མོ་སྟོན་གྱི་རྒྱལ་པོ་སྙུང་ཚུལ་དང་སྲིན་མོ་བཟའ་མི་མེར་བསྲེགས་ཚུལ་རྣམས་རྒྱས་པར་བཤད་པས། མོ་ན་རེ་སྤྲང་ཆལ་ཁྱོད་འདྲ་འོང་ཟེར། ཕན་བདེ་དེ་ཙམ་བྱས་ནས་སྣ་འཇུས་ཅི་བྱེད་ངས་སང་རྒྱལ་པོའི་དྲུང་དུ་འགྲོ་ཟེར། སང་ཉིན་མོ་སྟོན་གྱིས་ཤོག་འཕྲིན་རྫུན་མ་འདི་ལྟར་བྲིས་ཏེ། རྒྱལ་པོའི་སྐུ་ཆགས་ཆེ་ཆུང་མཁྱེན་པ་ལྟར་ལགས་མོད། ཆག་སྒོ་ལྷག་མ་ཅུང་ཟད་འདུག་པ་བཟློག་པའི་ཕྱིར་སྣ་འཇུ་ཞུས་པ་ལགས། ད་གནང་སྦྱིན་ཅི་གནང་རྒྱལ་པོ་རང་གིས་མཁྱེན་ཟེར་བ་ཕུལ་བས། རྒྱལ་པོའི་ཞལ་ནས་མོ་སྟོན་ཁྱོད་དྲིན་ཤིན་ཏུ་ཆེ་བས། གཏང་རག་གཅིག་བྱས་པས་མི་ཡོང་། ངེས་རང་དང་བློན་འབངས་སྲིན་པོས་མི་བཟའ་བ། རྒྱལ་སྲིད་མི་ཉམས་པ་ཁྱོད་ཀྱི་དྲིན་ཡིན་པས། ད་ངེས་རང་གཉིས་སྲིད་ཀྱང་ཁྱད་མེད་དུ་བྱེད། ཁྱོད་ཀྱི་ཆུང་མ་ཡང་རིག་པ་ཅན་ཞིག་འདུག་པས། ངེད་རང་གཉིས་ཁྱད་མེད་དུ་བཙུན་མོ་བྱེད་གསུངས། དེ་ལྟར་བྱས་པས། རྒྱལ་པོ་བདེ་བྱེད་བཟང་པོས། དེ་འདྲའི་བཟའ་མིའི་བསོད་ནམས་ཆེ་བ་ལ་བྱས་པས། རོས་རྒྱལ་པོ་ལས་ཟད་ཀྱི་ཁ་ནས་གཏམ་བྱུང་། སརྦ་ཕ་ལ་མི་སྡོད་འཇག་ཀྱང་སྦིར་ཟེར་ཤོར་རོ། །དངོས་གྲུབ་ཅན་གྱི་སྒྲུང་ལས་མོ་སྟོན་ཕག་མགོའི་ལེའུ་སྟེ་བཞི་པའོ།། །།

༈ ཡང་སྔར་ལྟར་རོ་ལེན་དུ་ཕྱིན་ནས་འཁུར་ཡོང་བས། རོ་ན་རེ། ངས་སྒྲུང་བཤད་དགོས་ན་མགོ་གྱེན་གྱིས་ཟེར། མགོ་གྱེན་བྱས་པས། འོ་ན་དང་པོ་ཙ་ན་ཡུལ་ཤིན་ཏུ་སྐྱིད་པ་གཅིག་ན། རྒྱལ་པོ་ཀུན་སྣང་ཞེས་བྱ་བ་ཡོད་དོ། དེ་ལ་བཙུན་མོ་བཀུག་པས་སྲས་ཉི་མའི་འོད་ཟེར་ཞེས་བྱ་བ་ཞིག་བཙས་སོ། །ནམ་ཞིག་བཙུན་མོ་དེ་ཚེའི་འདུས་བྱས་སོ། །ཡང་བཙུན་མོ་གཅིག་བསུས། དེ་ལ་སྲས་ཟླ་བའི་འོད་ཟེར་ཞེས་བྱ་བ་ཞིག་བཙས་སོ། །བཙུན་མོའི་བསམ་པ་ལ་ཉི་བའི་འོད་ཟེར་ཡོད་པས། བདག་གི་བུས་རྒྱལ་སྲིད་མི་ཐོབ་བསམ། ཐབས་ཀྱིས་ཉི་མའི་འོད་ཟེར་འདི་མེད་པར་བྱས་ཏེ། ངའི་བུས་རྒྱལ་སྲིད་ཐོབ་པ་ཞིག་བྱ་སྙམ། དུས་ལན་གཅིག་བཙུན་མོས་ན་རྫུ་ཆེན་པོ་བཏབ་སྟེ་འདྲེས་ལོག་བྱེད་ཅིང་ཆོ་ངེ་ཆེན་པོ་འདེབས་པ་རྒྱལ་པོས་གཟིགས་པ་དང་། བཞིན་བཟང་མ་ཁྱེད་ནད་འདི་ཡོང་བ་ཡོད་དེ། ད་ལམ་སྔར་དང་མི་འདྲ་བའི་ཟུག་ཆེ་བ་ཞིག་འདུག །ཐབས་ཅི་ཞིག་ཡོད་དེ་འགྲུབ་པར་དཀའ། ད་ང་རང་འཆི་བ་འདྲ་ཞུས་པས། རྒྱལ་པོས་ཐབས་ཅི་ཡོད། ཁྱོད་ཤི་ན་ངའི་སྙིང་བཏོན་པ་དང་འདྲ་བས་རྒྱལ་སྲིད་སྤོང་དགོས་བྱུང་ཡང་ཐབས་ཅི་ཡོད། སྨོས་ཤིག་ཟེར། བཙུན་མོ་ན་རེ། བུ་གཉིས་གང་རུང་གི་སྙིང་རིལ་མར་ལ་བཙོས་ནས་ཟོས་ན་འོང་བ་འདུག་སྟེ། ཉི་མའི་འོད་ཟེར་ནི་རྒྱལ་པོས་སྤོང་བ་དཀའ། ཟླ་བའི་འོད་ཟེར་ནི་བདག་རང་ལས་སྐྱེས་པ་ཡིན་པས་སྙིང་ཁར་མི་འགྲོ། ད་ང་འཆི་བ་ལས་འོས་མེད་ཞུས་པས་རྒྱལ་པོས་བཙུན་མོའི་ཚིག་ནད་མ་ཐེག་པ་སྙིང་རྗེ་བ་ལ་ནི་ཚད་མི་འོང་། ད་ཁྱོད་འཆི་བ་འདུག་ན་ཉི་མའི་འོད་ཟེར་ཤན་པ་ལ་སྤྲོད་ཟེར་ཁས་བླངས་སོ།།
དེ་བསད་ཟེར་བ་ཟླ་བའི་འོད་ཟེར་གྱིས་ཐོས་ཏེ། ཨ་བུ་ཉི་མའི་འོད་ཟེར་གྱི་གན་དུ་ཕྱིན་ནས། ཨ་ཕ་ཨ་མས་གྲོས་འདི་བྱེད་ཀྱི་འདུག །གནངས་ཉིན་ནི་ཨ་བུ་ཁྱོད་གསོད་ངེས་པར་འདུག་བྱས་པས། དེ་བཞིན་ཡིན་ན་ཁྱོད་ཀྱིས་ཡབ་ཀྱི་ཞབས་ཏོག་དང་ཁམས་བདེ་བར་གྱིས། ང་ནི་བྲོས་པའི་དུས་ལ་བབས་པ་ཡིན་ཟེར་བས། ཟླ་བའི་འོད་ཟེར་སྡུག་བསྔལ་ནས། ཨ་བུ་མ་བཞུགས་པའི་ཤུལ་མི་བཅགས། གར་བྱོན་རུང་ཕྱི་བཞིན་འགྲོ་ཟེར། སང་གསོད་པའི་ནུབ་མོ་དེ་ལམ་རྒྱགས་ནི་བཙུན་མོར་སློང་བས་མི་ཡོང་། མཆོད་གནས་གཅིག་ལ་གཏོར་སྐམ་སྒྲོ་ཆུང་གང་སློང་སྟེ། ཚེས་བཅོ་ལྔ་ཟླ་བ་ཤར་བ་དང་སྤུན་གཉིས་ཀྱིས་ཤར་ཕྱོགས་སུ་བྲོས་སོ། །ལ་ལུང་བཅད་དེ་ཉིན་མཚན་མེད་པར་ཕྱིན་པ་ལས། ཉིན་གཅིག་ལུང་གསུམ་ཆུ་མེད་གཅིག་ཏུ་སླེབས། དེར་གཏོར་སྐམ་ཡང་ཟད། ཆུ་མེད་ནས་ཟླ་བའི་འོད་ཟེར་ཁ་སྐོམ་ནས་འགྲོ་མ་འཕེར་ཏེ། ཉི་མའི་འོད་ཟེར་སྙིང་རྗེ་དྲགས་ནས། ཨ་བུས་ཆུ་ཞིག་བལྟས་འོང་། དེ་བར་སྡུག་སྲན་སྐྱེད་ཅིག་ཟེར་ནས། རི་ཟུར་གཅིག་ལ་བལྟ་བར་ཕྱིན་པས་ཆུ་མ་རྙེད་ནས་ལོག་ཡོང་བས། སྤུན་ཟླ་སྐོམ་དྲགས་ནས་ཤི་འདུག །ཨ་བུ་ཉི་མའི་འོད་ཟེར་མྱ་ངན་གྱིས་ནོན་ནས་རོ་ལ་རྡོ་བསྐོར་བཏང་སྟེ་ཕྱི་མ་མཉམ་དུ་འོང་བའི་སྨོན་ལམ་བཏབ་བོ།།
དེ་ནས་ལ་གཉིས་བགྲོད་དེ་ཕྱིན་པ་ན་བྲག་གི་སེར་ཀ་གཅིག་ན་སྒོ་དམར་པོ་ཞིག་བཙུགས་པ་དེའི་ནང་དུ་ཕྱིན་པས། དྲང་སྲོང་བགྲེས་པོ་ཞིག་འདུག་པ་དེ་ན་རེ། ཁྱེའུ་ཁྱོད་གང་ནས་འོང་སྙིང་རྗེ་ཟེར། ལོ་རྒྱུས་ཞིབ་ཏུ་སྨྲས་པས། དེ་ན་རེ་བདག་གི་བུ་གྱིས་ཟེར་བ་ལྟར་བྱས་སོ། །སྐྱིད་པར་ཡོད་པ་ལས། ནམ་ཞིག་ཡུལ་དེ་ན་རྒྱལ་པོ་སྟོབས་དང་མངའ་ཐང་གི་དཔལ་དང་ལྡན་པ་ཞིག་ཡོད་པ་ལ། དེའི་ཆབ་འོག་གི་འབངས་རྣམས་ལ་ཞིང་གི་ཆུ་གཏོང་བའི་དུས་སུ། ལུང་པའི་ཕུ་ན་རྫིང་ཆེན་པོ་གཅིག་ཡོད་དེ་རྫིང་དེ་ལ་གནས་པའི་ཀླུ་མཆོད་པའི་ཕྱིར་དུ་ཁྱེའུ་སྟག་ལོ་པ་རེ་སྐྱུར་བར་བྱེད་དོ། །ལོ་གཅིག་ཡུལ་དེའི་ཁྱེའུ་སྟག་ལོ་པ་ཟད་ནས་ཕྱོགས་ཐམས་ཅད་དུ་བཙལ་བས་མ་རྙེད་དེ། བྱིས་པ་གཅིག་ན་རེ། ལུང་པའི་ཕུ་ཡ་གི་ན་དྲང་སྲོང་བགྲེས་པོ་གཅིག་ལ་ཁྱེའུ་སྟག་ལོ་པ་གཅིག །ངེད་རྣམས་ཀྱིས་ཕྱུགས་སྐྱོང་བར་ཕྱིན་པས་མཐོང་བ་ཡིན་ཟེར། དེར་རྒྱལ་པོས་ཐོས་ནས་ཁུག་ཤོག་ཟེར་མི་གསུམ་བཏང་ངོ་།།
དེ་གསུམ་ཕྱིན་ནས་དྲང་སྲོང་གི་སྒོ་བརྡུངས་པས། དྲང་སྲོང་ཕྱིར་དོན་ཏེ་ཅི་བྱེད་པ་ཡིན་ཟེར། རྒྱལ་པོའི་ཞལ་ནས་ཁྱོད་ལ་ཁྱེའུ་སྟག་ལོ་པ་གཅིག་ཡོད་འདུག་པས་ངེད་ཀྱི་རྒྱལ་ཁམས་དོན་ལ་སྤྲོད་དགོས་གསུངས། ང་དྲང་སྲོང་ལ་བུ་མེད་ཟེར་ནང་དུ་སོང་ངོ་། །བུ་རྫ་མའི་ནང་དུ་བཅུག་ཁ་བཅོད་བརྒྱབ་ནས་འདམ་ཞལ་བྱས། འབྲས་ཆང་གི་རྫ་མ་ཡིན་པ་ཁད་དུ་ཡོད་པ་ལ། རྒྱལ་པོས་བཏང་བའི་མི་གསུམ་གྱིས་སྒོ་བཅག་སྟེ་ཁྱིམ་འཚོལ་བྱེད་དགོས་ཟེར་ནང་དུ་བྱུང་། བཙལ་བས་མ་རྙེད་དེ་ཁྱོད་ལ་མེད་ན་ངེད་རྣམས་དོན་མེད་ལ་ཡོང་། ཐང་ཆད་ཟེར་ནས་དྲང་སྲོང་ལ་དབྱུག་པ་བརྒྱབ་པས། ཉི་མའི་འོད་ཟེར་སེམས་ཀྱིས་མ་བཟོད་དེ་ཕ་མ་བརྡུངས་ང་འདི་ན་ཡོད་ཅེས་ཟེར་ཐོན་བྱུང་། དེ་འཕྲལ་མི་རྣམས་ཀྱིས་བུ་འཇུས་ནས་འཁྲིད་སོང་ངོ་། །དྲང་སྲོང་ནི་སྡུག་བསྔལ་གྱིས་ནོན་ནས་ངུ་འབོད་ཆེན་པོ་བྱེད་དོ། །བུ་དེ་ཕོ་བྲང་དུ་འཁྲིད་པ་དང་། རྒྱལ་པོའི་སྲས་མོས་མཐོང་ནས་ཁྱེའུ་དེ་ལ་ཡིད་ཆགས་ནས་འབྲལ་མ་ཕོད་དེ་སྐེད་ལ་འཁྱུད་ནས་སྨྲས་པར། འབངས་རྣམས་ཀྱིས་ཞུས་པ། སྟག་ལོ་པ་བསྐྱུར་བའི་དུས་ཚེས་དེ་རིང་ཡིན་པས་དེ་བཞིན་ཞུ་ཟེར། རྒྱལ་པོས་ཀྱང་དེ་བཞིན་བྱེད་དོ་གསུངས། དེ་རྣམས་ཀྱིས་འཁྲིད་པ་དང་སྲས་མོས་འདི་ཆུ་ལ་མི་བསྐྱུར་བ་གྱིས། གལ་ཏེ་མི་ཉན་ན་བདག་ཀྱང་མཉམ་དུ་སྐྱུར་ཅིག་ཟེར་རོ།།
དེ་རྒྱལ་པོས་ཐོས་ནས། བུ་མོ་རྒྱལ་སྲིད་ལ་མི་རྩི་བ་ཞིག་འདུག །སྟག་ལོ་པ་དང་མཉམ་དུ་ཀོ་འཐུམ་བརྒྱབ་ལ་བསྐྱུར་ཟེར་རོ། །རྒྱལ་པོའི་སྨྲ་བ་ལན་གཅིག་ཡིན་པས། འབངས་རྣམས་ཀྱིས་བཀའ་བཞིན་འཚལ་ལོ་ཟེར་ནས་ལྷན་ཅིག་ཏུ་བཅིངས་ནས་ཀོ་འཐུམ་བརྒྱབ་ནས་ཀླུ་མཆོད་པའི་ཕྱིར་ཆུར་བསྐྱུར་རོ། །ཉི་མའི་འོད་ཟེར་གྱིས་བསམ་པ་ལ། ཀྱེ་མ་ང་སྟག་ལོ་པ་ཡིན་རུང་ཆུར་བསྐྱུར་རུང་ང་ལ་ཡིད་ཆགས་པའི་བུ་མོ་འདི་ཡང་ངའི་ཞོར་ལ་འཆི་བར་འདུག་སྙམ་མོ། །སྲས་མོའི་བསམ་པ་ལ། ང་བུད་མེད་ཡིན་པས་ཡབ་ཀྱི་འདི་ལྟར་བསྐྱུར་ཕོད་རུང་། ཁྱེའུ་ཡིད་དུ་འོང་བ་འདི་དོར་ཕོད་པ་སྙམ་སྟེ། སྙིང་ཕར་རྗེ་ཚུར་རྗེ་འདུག་པ་ཀླུས་ཤེས་ཏེ། རྫིང་གི་མཐར་ཕུད་དོ། །དེར་ཁོང་གཉིས་ཆུ་ལས་ཐར་ཏེ། འབངས་རྣམས་ལ་དགོས་པའི་ཆུ་ཆེན་པོ་ཡང་བརྡོལ་ཏེ་ཐམས་ཅད་ཚིམས་སོ།།
དེ་ནས་ཁོང་གཉིས་ཡུལ་དུ་ལོག་སོང་བ་དང་། སྲས་མོ་ལན་གཅིག་ཕོ་བྲང་དུ་ལོག་ཅིག །ང་ཡང་དྲང་སྲོང་བལྟ་བར་འགྲོ་འོ། ཕ་ལྟ་བར་ཕྱིན་ནས་ལོག་ཡོང་སྟེ། བདག་ཅག་གཉིས་ཚེ་འདི་ལ་འབྲལ་མི་ཕོད་པས་བཟའ་མི་བྱའོ། །ཞེས་དམ་བཅས་ཏེ་སྲས་མོ་ཕོ་བྲང་དུ་སོང་ངོ་། །ཉི་མའི་འོད་ཟེར་གྱིས་ཀྱང་ཕ་དྲང་སྲོང་ཡོད་པ་དེར་ཕྱིན་ནས་སྒོ་བརྡུངས་པས། སྐད་གདངས་ཕྲ་མོ་གཅིག་གིས་སུ་ཡིན་ཟེར། ངའི་བུ་གཅིག་ཡོད་པ་རྒྱལ་པོས་འཕྲོགས་ནས་བསད་སོང་། ང་ད་ལྟ་དེའི་མྱ་ངན་ལ་བསྡད་པ་ཡིན་ཟེར། ང་བུ་ཡིན་རྒྱལ་པོས་ཆུ་ལ་བསྐྱུར་རུང་ཀླུས་མ་བཟོས་ཏེ་ཐོན་པ་ཡིན་པ་སྡུག་བསྔལ་མ་བྱེད་པར་སྒོ་ཕྱེ་སྨྲས་པས། འོ་ན་དྲག་བྱུང་ཟེར་སྒོ་ཕྱེ་བྱུང་། དྲང་སྲོང་ཤིན་ཏུ་རང་རིད་པར་གྱུར་ཅིང་སྐྲ་དང་ཁ་སྤུ་ལ་ལེ་བ་ཆགས་ཤི་ལ་ཁད་འདུག་པས་ཉི་མའི་འོད་ཟེར་གྱིས་འོ་མ་དང་ཆུ་བསྲེས་པས་དྲང་སྲོང་གི་ལུས་བཀྲུས་ཚིག་སྙན་པོས་སྡུག་བསྔལ་ཞི་བར་བྱས་སོ།།
སྲས་མོ་དེས་ཀྱང་རྒྱལ་པོའི་ཕོ་བྲང་དུ་ཕྱིན་ནས། རྒྱལ་པོ་དཔོན་གཡོག་འབངས་རྣམས་ཧ་ལས་ཏེ། ཨ་བ་ཀླུ་བདུད་གནས་པའི་མཚོ་དེར་བསྐྱུར་ནས་ཐོན་པའི་དཔེ་མེད་སྲས་མོ་ཐོན་པ་ཡ་མཚན་ཆེ་ཟེར་ཏེ་ཐམས་ཅད་ཀྱང་ཕྱག་འཚལ་བ་དང་། སྐོར་བ་བྱེད་པ་བསམ་གྱིས་མི་ཁྱབ་བྱུང་ཞིང་། རྒྱལ་པོ་ཡང་བུ་མོ་མ་ཤི་བས་དགའ་ཟེར། བྱིས་པ་སྟག་ལོ་པ་ཤིའམ་གསུངས། མ་ཤི་དེའི་ཐུགས་རྗེ་ལ་བརྟེན་ནས་ང་ཡང་མ་ཤི་བ་ཡིན། ཀླུ་དེས་ཀྱང་ཕྱིས་ནས་སྟག་ལོ་པ་སྐྱུར་མི་དགོས་པར་ཆུ་ཡང་རྒྱུན་དུ་བབས་པ་ཡོད་ཞུས་པས། དེ་ལྟ་བུའི་ངོ་མཚར་ཆེ། ཁྱེའུ་ད་ལྟ་གང་ན་ཡོད་པའི་ས་ནས་སྤྱན་འདྲོངས་ཤིག་ཅེས་བློན་པོ་རྣམས་ལ་བསྒོ་བོ། བློན་པོ་རྣམས་ཀྱིས་ལུང་པའི་ཕུར་སྤྱན་འདྲེན་མི་བཏང་སྟེ། དྲང་སྲོང་ཡབ་སྲས་གཉིས་མར་བྱོན་ལམ་ལ། ཉི་མའི་འོད་ཟེར་གྱི་ནུ་བོའི་རོ་བཞག་ས་གང་ན་ཡོད་གསུངས། ལ་རྒྱབ་ཕ་གི་ནང་གི་གྲོག་སུལ་ཞིག་ན་ཡོད་དེ། རུས་པ་ཡང་བཤུལ་མེད་ལས་ཆེ་ཞུས་པས། འོ་ན་ངེད་རང་གཉིས་ལམ་ཞོར་དེར་འགྲོ་གསུངས་ནས་བྱོན་པས་རྡོ་སྐྱོར་གསང་སྟེ། ཟླ་བའི་འོད་ཟེར་ལ་ཨ་བུ་སེམས་ཆགས་ནས་མཇལ་ཕྱིན་པས། རྨ་མེད་པའི་ཕུང་པོ་བྱ་ཁྱིས་ཟས་མི་ཉན་པ་དང་ཟིལ་པ་འཁྲུངས་ངེར་འདུག་པ། ཉི་མའི་འོད་ཟེར་གྱིས་མཐོང་སྟེ། མྱ་ངན་གྱི་ས་ལ་འགྱེལ་ལོ། །དེར་དྲང་སྲོང་གིས་ཕུང་པོ་ལ་རྨ་མི་འདུག་པས་ཐབས་ཡོད་དམ། རོའི་ཁར་འཆི་མེད་ཀྱི་བདུད་རྩི་བླུགས་པས་ཟླ་བའི་འོད་ཟེར་དེ་མ་ཐག་གསོས་སོ།།
དེར་དྲང་སྲོང་ཡབ་སྲས་གསུམ་བྱུང་སྟེ། རྒྱལ་པོའི་ཕོ་བྲང་དུ་ཉེ་བ་ན། རྒྱལ་པོས་ཀྱང་ཁྱེའུ་ངོ་མཚར་ཆེ་བའི་བསུ་བ་གྱིས་གསུངས་ནས། བསུ་བ་ལེགས་པར་བྱས་སོ། །དེ་ནས་ཕོ་བྲང་གི་ནང་དུ་ཕེབས་པ་དང་། གསེར་གྱི་ཁྲི་ལ་བཞག་གོ །རྒྱལ་པོའི་ཞལ་ནས་ཁྱེའུ་ཁྱེད་ངོ་མཚར་ཅན་ཞིག་འདུག་ལོ་རྒྱུས་ཞིབ་པར་ཤོད་གསུངས་པས། །བདག་ཀྱང་རྒྱལ་པོ་འདི་འདྲ་ཞིག་གི་བུ་ཡིན། མ་ཡར་གྱིས་གསོད་པར་བརྩམས་པས་བདག་དྲང་སྲོང་གི་རྩར་བྲོས་པ་ཡིན། འདི་བདག་གི་སྤུན་ཟླ་ཡིན་ཞེས་ཞིབ་ཏུ་བཤད་པས་རྒྱལ་པོ་སྔར་ལས་ཀྱང་ངོ་མཚར་ཆེ་བར་གྱུར་ཏེ། དེ་ལྟར་ཡིན་ན་བདག་གི་བུ་མོ་འདི་ཡང་ཁྱོད་སྐུ་མཆེད་གཉིས་ཀྱི་བཙུན་མོར་གཏོང་ཞིང་། ནོར་ལོངས་སྤྱོད་ཀྱང་དཔག་ཏུ་མེད་པ་རྫོང་བས་རང་ཡུལ་བྱོན་པ་འཐད་གསུངས་ནས་བཙུན་མོ་དང་རྫས་དཔག་ཏུ་མེད་པ་དཔུང་ཚོགས་དང་བཅས་བརྫངས་སོ། །དེར་ཡུལ་དུ་བྱོན་ཕོ་བྲང་དུ་ཉེ་བར་སླེབས་པའི་ཚེ། ཕོ་ཉ་བཏང་ནས་ཡབ་ལ་བདག་སྐུ་མཆེད་གཉིས་བཙུན་མོ་དང་བཅས་པ་ཡོང་བ་ཡོད་ཅེས་འཕྲིན་ཡིག་ཕུལ་བས། ཡབ་རྒྱལ་པོ་དེ་སྲས་གཉིས་མེད་པའི་མྱ་ངན་གྱིས་ནོན་ཞིང་། ཐུགས་མུག་ནས་བུ་དང་མི་མཇལ་བ་ལ་ལོ་མང་དུ་སོང་བ་ལ་འཕྲིན་ཡིག་བྱུང་བས་རབ་ཏུ་དགའ་སྟེ། སྐུ་མཆེད་གཉིས་ཀྱང་སྟོབས་བསམ་གྱིས་མི་ཁྱབ་པ་དང་བཅས་ཕོ་བྲང་དུ་ཕེབས་ནས་ཡབ་སྲས་མཇལ་བའི་སྔར་གྱི་བཙུན་མོ་དེ་ཧ་ལས་ཏེ། ཁ་ནས་ཁྲག་དྲོན་མོ་བསྐྱུགས་ནས་ཤིའོ་བྱས་པས། རྒྱལ་པོ་བདེ་བྱེད་ཀྱི་དེ་འདྲ་རང་ཕན་བྱས་པས། རོ་ན་རེ། རྒྱལ་པོ་ལས་ཟད་ཀྱི་ཁ་ནས་གཏམ་བྱུང་ཟེར། སརྦ་ཕ་ལ་མི་སྡོད་འཇག་ཀྱང་སྦིར་ཟེར་ཏེ་ཤོར་རོ། །རོ་དངོས་གྲུབ་ཅན་གྱི་སྒྲུང་ལས། ཉི་མའི་འོད་ཟེར་དང་། ཟླ་བའི་འོད་ཟེར་སྐུ་མཆེད་གཉིས་ཀྱི་ལེའུ་སྟེ་ལྔ་པའོ།། །།

༈ དེ་ནས་ཡང་རོ་དངོས་གྲུབ་ཅན་ལེན་པར་ཕྱིན་འཁུར་ཡོང་བས། རོ་ན་རེ། ལམ་ཐག་དང་ཉི་མ་རིང་བས། ཉི་མ་ཐུང་བའི་ཕྱིར། ཡང་ན་ཁྱེད་ཀྱི་སྒྲུང་ཐོངས་། ཡང་ན་ངས་བཏང་ཟེར་ལན་མི་གཏོང་ན། མགོ་དགྱེས་སྒུར་གྱིས་ཟེར། མགོ་སྒུར་བྱས་པས། འོ་ན་དང་པོ་ཙ་ན། ཡུལ་འབྲས་ཡུལ་ཟེར་བ་གཅིག་ན། མི་བཙན་པོ་གཅིག་ཡོད་དོ། །སུ་ལ་ཡང་མི་རྩིས་ཤིང་མཐའ་མེད་རང་བྱེད་པ་ཞིག་ཡོད་པས། ཡུལ་དེའི་རྒྱལ་པོ་ཐུགས་ཁྲོས་ཏེ་མི་ཁྱོད་སྤྱོད་པ་རྩིང་བར་འདུག་པས། ངའི་མངའ་ཞབས་སུ་མ་སྡོད་ཅིག །ཡུལ་གཞན་ཞིག་ཏུ་སོང་ཞེས་མཐར་སྤྲད་དོ། །དེས་ཀྱང་རྒྱལ་པོའི་བཀའ་བཙན་པས་ཡུལ་ཐོན་ནས་ཕྱིན་པས། ཞག་འགའ་ཞིག་སོང་བའི་རྗེས་ཉིན་གཅིག་ཉི་མ་ཕྱི་དྲོར་སོང་བའི་སྐབས་ཤིག་ན་ཐང་སྟོང་འཇག་སྐྱ་འཕྱོ་བ་གཅིག་གི་དཀྱིལ་དུ་སླེབས་པའི་ཚེ། དེ་ན་རྟ་རོ་གཅིག་འདུག་པས། ལམ་རྒྱགས་མེད་ནས་འདི་ལམ་རྒྱགས་བྱེད་བསམ་རྟའི་མགོ་དེ་བཅད་ནས་སྐེ་རགས་སྒྲོགས་ཏེ། དེ་ན་ཤིང་ཏ་ལའི་སྡོང་པོ་ཆེན་པོ་གཅིག་འདུག །དེ་ལ་འཛེགས་ཏེ་བསྡད་དོ།།
མུན་པ་རུབ་མཚམས་སུ་ཐང་གི་གཤམ་ནས་འདྲེ་རྟ་བཞོན་ནས་འགྲོ་བའི་ཚན་གཅིག་བྱུང་། ཏ་ལའི་སྡོང་པོའི་རྩར་འདུས་སོ། །ཐང་སྟོད་ནས་འདྲེ་ཤུ་མུའི་ལྤགས་གྱོན་པ་དང་། ཤུ་མུའི་རྟ་བཞོན་པ་ཚན་གཅིག་བྱུང་། ཏ་ལའི་སྡོང་པོའི་རྩར་འདུས་སོ། །འདྲེ་དེ་རྣམས་བཟའ་བཏུང་གི་གཡོས་མང་པོ་བྱེད། གཏམ་མང་པོ་སྨྲ་ཞིང་འདུག་པས། མི་དེ་སྐྲག་ནས་འདར་ཞིང་ལུས་པོ་གསིག་པས་རྟ་མགོ་བརྗིད་ནས་འདྲེ་རྣམས་ཀྱི་བཟའ་བཏུང་གི་དཀྱིལ་དུ་ལྷུང་བས། འདྲེ་རྣམས་སྐྲག་སྟེ་དྲན་པ་ཐོར་ལ་ཁད་སོ་སོར་ཐམས་ཅད་བྲོས་སོང་། སང་ཉིན་སྔ་བར་ཤིང་ཏ་ལ་ནས་བབས་ཏེ། མདང་ནུབ་དངོས་པོ་དེ་ཙམ་ཞིག་འདུག །ད་ཅི་ཡོད་དམ་སྙམ་བལྟས་པས། གསེར་གྱི་ཕོར་པ་ཆང་གིས་བཀང་བ་ཞིག་འདུག་ཁ་སྐོམས་ནས་ཆང་དེ་བཏུང་ནས་ཕོར་པ་ཁ་བུབ་པས། ཤ་གཟན་སོགས་བཟའ་བཏུང་མང་པོ་ཡོང་བའི་ལྟས་བྱུང་བས་གསེར་གྱི་ཕོར་པ་འདི་སྤྱི་ཤོག་སྒྲོམ་བུར་འདུག་པས་འདི་དངོས་གྲུབ་ཡིན་པས་ནོར་བྱེད་སྙམ་ནས་འཁྱེར་ཕྱིན་པས། ལམ་དུ་མི་དབྱུག་པ་འདོམ་གང་འཁྱེར་བ་ཞིག་དང་འཕྲད་པས། ཁྱེད་ཀྱི་དབྱུག་པ་འདི་ཅི་ཡོང་དྲིས་པས། ངའི་དབྱུག་པ་འདིས་མིང་ལ་སྐོར་རྒྱུག་བྱེད་ཟེར། སྐོར་རྒྱུག་སོང་ལ་མི་བདག་གི་ངའི་ཆས་འཁྱེར་བས་ལོངས་ཤོག་བྱས་པ་ཙམ་གྱིས་བརྒྱུགས་ཏེ། མི་ཡི་མཇིང་པ་ལ་ལན་གསུམ་བརྒྱབ་སྟེ་མི་དེ་བསད་ནོར་ཐམས་ཅད་འཕྲོག་ནས་ཁྱེར་ཡོང་བ་ཞིག་ཡིན་ཟེར། འོ་ན་ངའི་ཟས་ནོར་གང་འདོད་ཡོང་བའི་སྤྱི་ཤོག་སྒྲོམ་བུ་ཡིན་པས། འདི་དང་ཚོང་བྱའམ་བྱས་པས་རུང་ཟེར། བརྗེས་སོ། །ཅུང་ཟད་སོང་བ་དང་སྐོར་རྒྱུག་སོང་ལ་མི་དེ་གསོད་ལས་གསེར་ཕོར་ལོངས་ཤོག་སྨྲས་པས། དབྱུག་པ་དེ་ནམ་མཁའ་ལ་སོང་ནས་མི་དེ་བསད་གསེར་ཕོར་འཁྱེར་བྱུང་ངོ་།།
ཡང་ཕྱིན་པས་མི་ལྕགས་ཀྱི་ཐོ་བ་ཁྱེར་བ་གཅིག་དང་འཕྲད་དེ་ཁྱེད་ཀྱི་ཐོ་བས་ཅི་ཡོང་དྲིས་པས། ངའི་ལྕགས་ཀྱི་ཐོ་བ་འདི་ལན་དགུ་ས་ལ་བརྒྱབ་ན། ལྕགས་ཀྱི་མཁར་དགུ་ཐོག་ཞིག་ཡོང་ཟེར། འོ་ན་ངའི་སྤྱི་ཤོག་སྒྲོམ་བུ་འདི་དང་ཚོང་བྱའམ་བྱས་པས། ཆོག་ཟེར་ནས་བརྗེས་སོ། །ཡང་སྔར་ལྟར་སྐོར་རྒྱུག་བཏང་ནས་མི་དེ་བསད་གསེར་ཕོར་འཁྱེར་བྱུང་ངོ་། །ཡང་ཕྱིན་པས་མི་རའི་སློག་པ་གྱོན་པ་ཞིག་དང་འཕྲད་དེ། ཁྱོད་ཀྱི་རའི་སློག་པ་འདིས་ཅི་ཡོང་བྱས་པས། ངའི་རའི་སློག་པ་འདི་ཡ་མཚན་ཅན་ཡིན། འདི་སྤྲུག་པ་ཙམ་གྱིས་ཆར་ཆེན་པོ་འབབ་པ་ཡིན་ཟེར། འོ་ན་གསེར་ཕོར་འདི་ཡང་ངའི་སྤྱི་ཤོག་སྒྲོམ་བུར་ཡོད། ཚོང་བྱེད་དམ་བྱས་པས་བྱེད་ཆོག་ཟེར་བརྗེས་སོ། །ཡང་སྐོར་རྒྱུག་སོང་ལ་མི་དེ་གསོད་གསེར་ཕོར་ལོངས་ཤོག་བྱས་པས། སྐད་ཅིག་དེ་ཉིད་ལ་མི་དེ་བསད་གསེར་ཕོར་འཁྱེར་བྱུང་ངོ་།།
དེ་ནས་ཆས་རྣམས་འཁྱེར་ཏེ་བསམ་བློ་གཅིག་ལ་ཡུལ་གྱི་རྒྱལ་པོ་དེ་གཏུམ་ཞིང་དབང་ཆེ་བས་ང་ཡུལ་ནས་བཏོན་པ་ཡིན། ད་ནི་ངན་ལན་འཇལ་ཐུབ་པར་འདུག་བསམས་ནས། རང་ཡུལ་ལ་ཕྱིན་པས་མུན་མཚམས་སུ་རྒྱལ་པོའི་ཕོ་བྲང་ལྟག་དེར་སླེབས་པས་དེར་བསྡད། ནམ་ཕྱེད་ཟིན་པ་དང་ལྕགས་ཀྱི་ཐོ་བ་དེ་ལན་དགུ་ས་ལ་བརྡབས་པས། ལྕགས་ཀྱི་མཁར་དགུ་ཐོག་ཞིག་བྱུང་ངོ་། །སང་ནམ་ལངས་པ་དང་། རྒྱལ་པོའི་ཞལ་ནས། མདང་ཁང་པའི་ལྟག་ཡ་གི་ན། སྡིགས་སྡིགས་མང་པོ་ཞིག་བྱུང་། བཙུན་མོས་ལྟོས་དང་གསུངས་བལྟས་པས། ཕོ་བྲང་གི་ལྟག་ཡ་གི་ན་ལྕགས་ཀྱི་མཁར་དགུ་ཐོག་ཅིག་འདུག་ཞུས་པས། རྒྱལ་པོ་ཁྲོས་ཏེ། ཡ་གི་བྱེད་མཁན་མི་མ་རུང་བ་དེ་ཡིན་ཐག་ཆོད། ད་ནི་རྒྱལ་ཕམ་ཤན་འབྱེད་རན་པ་ཡིན་པས། མངའ་ཞབས་ཀྱི་མི་ཐམས་ཅད་སོལ་བ་བསྡུས་ཏེ་ལྕགས་མཁར་ཧྲིལ་དེ་གཏུམ་མགར་བ་རྣམས་ཀྱིས་སྦུད་པ་ཐམས་ཅད་སྦུད་ཤིག་གསུངས་པས། དེ་བཞིན་བྱས་ཏེ་མེ་ཚན་ཆེར་འབར་བ་དང་། འཕྲུལ་ཅན་ཟེར་བའི་མི་དེས་ལྕགས་མཁར་དགུ་ཐོག་སྟེང་དུ་བསྡད་དེ། ཨ་མ་དེ་བརྒྱད་ཐོག་ཏུ་བཅུག །སྤྱི་ཤོག་སྒྲོམ་བུ་ལས་ཅི་འདོད་ལོངས་སྤྱོད་ཅིང་ཡོད་པ་ལས། མེས་མ་དེའི་གཞོག་ཕྱེད་ཚིག་སྟེ། མ་ན་རེ་འཕྲུལ་ཅན་ལ་གནོད་པ་བྱུང་གིས། ད་ནི་མ་བུ་གཉིས་འཆི་བར་ངེས་སོ་སྨྲས་པ་དང་། འཕྲུལ་ཅན་ན་རེ། ཨ་མ་རང་སྐྲག་མི་དགོས། ང་ལ་ཐབས་འདི་འདྲ་ཡོད་སྨྲས་སོ།།
ལྕགས་མཁར་གྱི་རྩེར་ཕྱིན། རའི་སློག་པ་ལན་གསུམ་དཀྲུགས་པས། ཆར་ཤིན་ཏུ་ཆེ་བ་བབས་ནས་ལྕགས་མཁར་ལ་གཡོགས་པའི་སོལ་བ་དང་། མགར་བ་ཐམས་ཅད་འོལ་པ་ཆེན་པོས་བདས་ཏེ། གྲོག་རོང་ཆེན་པོར་སོང་བྱས་པས། རྒྱལ་པོ་བདེ་བྱེད་བཟང་པོས་ཡུལ་དེའི་རྒྱལ་པོ་ལས་འཕྲུལ་ཅན་ཟེར་བ་དེ་འཇིགས་ཨང་བྱས་པས། རོ་ན་རེ། རྒྱལ་པོའི་ཁ་ནས་གཏམ་བྱུང་ཟེར། སརྦ་ཕ་ལ་མི་སྡོད་འཇག་ཀྱང་སྦིར་ཟེར་ཤོར་རོ། །རོ་དངོས་གྲུབ་ཅན་གྱི་སྒྲུང་ལས། འཕྲུལ་ཅན་གྱིས་རྒྱལ་པོ་བཏུལ་བའི་ལེའུ་སྟེ་དྲུག་པའོ།། །།

༈ དེ་ནས་ཡང་སྔར་ལྟར་བླངས་ཏེ་འཁུར་ཡོང་བས། རོ་ན་རེ། ཡང་ན་ཁྱོད་རང་སྒྲུང་ཐོངས། ངས་བཏང་དགོས་ན་མགོ་གྱེན་གྱེན་གྱིས་ཇི་ལྟར་བྱས་སོ། །འོ་ན་དང་པོ་ཙ་ན། ཡུལ་སྐྱིད་མོའི་ཚལ་ཞེས་བྱ་བ་ན། ཁྱིམ་བདག་གཅིག་ལ་བུ་མོ་སྤུན་གསུམ་ཡོད་པས། ཉི་མ་རེ་མོས་བྱས་ཏེ་མ་ཧེ་འཚོ་རུ་ཕྱིན་པས། ཉིན་གཅིག་བུ་མོ་ཆེ་བ་དེས་མ་ཧེ་འཚོ་རུ་ཕྱིན་པས། ཆར་པ་བྱུང་སྟེ་བྲག་སྐྱིབས་སུ་བསྡད་པས་གཉིད་དུམ་ཞིག་ཏུ་སོང་བས། མ་ཧེ་བོར་ནས་མི་འདུག་པ་འཚོལ་དུ་ཕྱིན་པས། བྲག་བར་ཞིག་ན་སྒོ་དམར་པོ་གཅིག་འདུག་སྟེ། དེ་ཕྱེ་ནས་ཕྱིན་པས་གསེར་གྱི་སྒོ་གཅིག་འདུག་དེ་ཕྱེ་ནས་ཕྱིན་པས་དུང་གི་སྒོ་གཅིག་འདུག །དེ་ཕྱེ་ནས་ཕྱིན་པས་གཡུའི་སྒོ་གཅིག་འདུག །དེ་ཕྱེ་ནས་ཕྱིན་པས་ཁང་པ་ཤིན་ཏུ་སྐྱིད་པ་ཉམས་དགའ་བ་གསེར་གཡུ་ལ་སོགས་པའི་ནོར་གྱིས་གང་བ་ཞིག་འདུག །དེ་ན་མི་ནི་སུ་ཡང་མི་འདུག །རིན་པོ་ཆེའི་ཁྲི་གཅིག་གི་སྟེང་ན་བྱ་དཀར་པོ་ཤིན་ཏུ་མཛེས་པ་ཞིག་འདུག །བུ་མོ་དེས་བྱ་དེ་ལ་ང་ཡི་མ་ཧེ་བོར་བས་མཐོང་ངམ་བྱས་པས། ཁྱོད་རང་ངའི་ཆུང་མ་བྱས་ན་བཤད་ཀྱིས། མི་བྱེད་ན་ང་ལ་ཆ་མེད་ཟེར། བུ་མོ་དེས་སྤྱིར་འཇིག་རྟེན་ང་མི་བྱེད། ཁྱད་པར་དུ་བྱ་བྱས་ཀྱང་དུད་འགྲོ་ཡིན། མ་ཧེ་མ་བྱུང་ཡང་ཁྱོད་ཀྱི་ཆུང་མ་མི་བྱེད་བྱས་ལོག་ཡོང་ངོ་།།
སང་ཉིན་དེ་བུ་མོ་བར་པ་དེས་མ་ཧེ་འཚོལ་དུ་ཕྱིན་པས། བྱ་དེས་སྔར་བཞིན་ཟེར་བས། བུ་མོས་ཀྱང་སྔར་བཞིན་ཁྱོད་ཀྱི་ཆུང་མ་མི་བྱེད་བྱས་ལོག་གོ །དེའི་སང་ཉིན་བུ་མོ་ཆུང་བས་མ་ཧེ་འཚོལ་དུ་ཕྱིན་པས། ཡང་བྱ་དེས་སྔར་བཞིན་ཟེར་བ་ལ། བུ་མོས་སྤྱིར་གྱི་སྐྱེས་པ་ཁྱོ་ག་གང་ཟེར་བ་བདེན། ཁྱད་པར་དུ་བྱ་ཁྱོད་གང་ཟེར་ཉན་བྱས་ཏེ། དེའི་ཆུང་མ་བྱས་སོ། །ནམ་ཞིག་ཡུལ་དེར་གཙུག་ལག་ཁང་ཞིག་ལ་ལྟད་མོ་ཉི་མ་བཅུ་གསུམ་ཙམ་ཡོད་པས་བུ་མོ་དེ་ཡང་ལྟད་མོ་ལ་ཕྱིན་ཏོ། །དེར་མོས་ཕྱིན་པས་ཁྲོམ་བསམ་གྱིས་མི་ཁྱབ་པ་འདུག །ཟ་མ་མོའི་ཁྲོམ་ཐོག་མོ་རང་གིས་ཆོད། སྐྱེས་པ་ཕོའི་ཁྲོམ་ཐོག་དེ་མི་རྟ་སྔོན་པོ་ཤིན་ཏུ་མཛེས་པ་ཞིག་གིས་ཁྲོམ་ཐོག་ཆོད་སོང་ཞེས་གླེང་ངོ་། །བུ་མོ་ལོག་ཡོང་བས། བྱ་དེས་དེ་རིང་ཕོ་མོའི་ཁྲོམ་ཐོག་སུས་ཆོད་སོང་ཟེར། བུ་མོས་སྐྱེས་པ་ཕོའི་ཁྲོམ་ཐོག་དེ་མི་རྟ་སྔོན་པོ་བཞོན་པས་མཛེས་པ་གཅིག་གིས་ཆོད་སོང་། ཟ་མ་མོའི་ཁྲོམ་ཐོག་དེ་ང་རང་ཡིན་པ་འདྲ་བྱས་པས། དེ་ཁ་ཙམ་ཡིན་པ་འཐད་ཟེར་ཏེ་དེ་ནས་ཉི་མ་བཅུ་གཉིས་བར་དུ་དེ་ཁ་ལྟར་བྱས་ནས། ཉི་མ་བཅུ་གཉིས་ཉིན་མོ་ཁྲོམ་འཁོར་ནས་ཡོང་བས་ཁྱིམ་མཚེས་ལ་ཨ་ཕྱི་གཅིག་ཡོད་པས་དེའི་རྩར་བསྡད། ཨ་ཕྱི་ན་རེ་དེ་རིང་ཕོ་མོའི་ཁྲོམ་ཐོག་སུས་ཆོད་ཟེར། བུ་མོས་ཕོའི་ཁྲོམ་ཐོག་རྟ་སྔོན་པོ་བཞོན་པའི་མཛེས་པ་གཅིག་ཆོད་སོང་། མོའི་ཁྲོམ་ཐོག་ང་རང་ཡིན་པ་འདྲ་སྟེ། ཀྱེ་མ་དེ་རིང་གི་མི་རྟ་སྔོན་པོ་བཞོན་པ་དེ་འདྲ་ཞིག་ཁྱོ་ལ་བྱུང་ན་ཚེ་འདིར་གཞན་ཅི་ཡང་མི་དགོས་ཏེ། ངའི་ཁྱོ་ལ་དུད་འགྲོ་བྱ་ཞིག་བསྐོས་བྱུང་བྱས་ངུས་པས། ཨ་ཕྱི་ན་རེ། བུ་མོ་དེ་སྐད་མ་ཟེར། མོའི་ཁྲོམ་ཐོག་དེ་ཁྱོད་རང་གི་ཆོད་པ་དེ་བདེན་ཡང་། རྟ་སྔོན་པོ་བཞོན་པའི་ཁྲོམ་ཐོག་ཆོད་མི་དེ་ག་ཁྱོད་རང་གི་ཁྱོ་ག་ཡིན་མོད་བྱས། ད་སང་ཉི་མ་བཅུ་གསུམ་པ་ཡིན་པས། ཁྱོད་རང་མི་འགྲོ་ཡང་ཁྲོམ་ལ་འགྲོ་བརྫུ་ཐོབ་ལ། སྒོ་རྒྱབ་ཏུ་ཡིབས་ཤིག །ཁོས་བྱ་ཤུབས་ཕུད་དེ་བཞག །རྭ་བ་ནས་རྟ་འཁྲིད་དེ་འགྲོ་ཡོང་། དེ་རྗེས་ཁྱོད་རང་ཁོའི་བྱ་ཤུབས་དེ་མེ་ལ་སྲེགས་དང་། དེ་ནས་ཁོའི་གཟུགས་དངོས་འགྲོགས་ཆོག་པ་ཡོང་ཟེར་བསླབས་སོ། །མོས་ཀྱང་ཁྲོམ་ལ་འགྲོ་བ་ལྟར་བྱས་སྒོ་རྒྱབ་ཏུ་ཡིབས་སོ། །ཁྱོས་བྱ་ཤུབས་ཕུད་དེ་རྟ་སྔོན་པོ་བཞོན་ཏེ་ཁྲོམ་ལ་སོང་ངོ་། །མོས་བྱ་ཤུབས་མེ་ལ་བསྲེགས་ཏེ་ཁོ་སྡོད་པའི་ཕྱིར་ཐབ་ཁར་སྨུགས་སོ།།
དེར་ཉི་མ་ཟེར་མཚམས་སུ་ཁོ་བྱུང་སྟེ། ཨ་ཙ་མ་རྔམས་ཆེ་བ་གཅིག་ཁྱོད་ཀྱིས་བྱས་འདུག །དེ་ངའི་བླ་ཡིན་ཟེར། མོ་ན་རེ། འོ་ན་ཅི་དྲག་ཟེར། གཞན་ཐབས་མེད། ཁྱོད་རང་སྒོའི་རྩར་སྡོད་ལ་སང་ཉིན་མཚན་སྐད་ཅིག་ཀྱང་མ་གཡེངས་པ་ནས་བདུད་ལ་དབྱུག་པ་འདི་དབྱུག་ཅིག །གལ་ཏེ་འཕྲོ་ཆད་ན་ང་ལྷ་འདྲེས་ཁྱེར་ཡོང་ཟེར་རོ། །ང་རང་ཞག་བདུན་གྱི་བར་འདྲེ་དང་འཛིང་ཟེར་རོ། །དེ་ནས་མོས་ལག་ལ་དབྱུག་པ་ཐོགས། མིག་ལ་འཇག་མའི་ཀ་བ་བཙུགས་ཏེ་དབྱུག་པ་དབྱུགས་པས་ཞག་དྲུག་འཁྱོངས་རུང་། དེ་ནས་ཉི་མ་བཅུ་གཅིག་པ་སོང་བའི་ཚེ། བྱ་ཤུབས་རྒྱལ་ལེ་ཞེས་ངུ་ཞིང་གདངས་རིང་པོས་འབོད་ཅིང་ཉིན་མཚན་མེད་པར་བཙལ་ཀྱང་མ་རྙེད། ཉིན་གཅིག་བྱ་ཤུབས་རྒྱལ་ལེའི་སྐད་རི་མཐོན་པོ་ཞིག་གི་རྩེ་ནས་བྱུང་བས། དེར་ཕྱིན་པས། ཡང་ལུང་པའི་མཐིལ་དུ་སྐད་འདུག་པས་མོས་ཀྱང་དྲན་པས། ལྷ་ཐོ་གཅིག་གི་རྩར་བྱ་ཤུབས་རྒྱལ་ལེ་ལྷམ་ཁྲེས་པོ་གཅིག་འཁུར་ཏེ་འཕྲད་བྱུང་། ཁོ་ན་རེ། ཁྱོད་རང་འཕྲད་པས་སེམས་དགའ་སྟེ། ང་ནི་ལྷ་འདྲེའི་ཆུ་ལེན་བབས་ཏེ་ལྷམ་འདི་རྣམས་མ་ཟད་ཀྱི་བར་དུ་ཕྱིན། ད་དེ་ཁྱོད་རང་འཚོལ་བ་ལས་ཁྱིམ་དུ་སོང་། བྱ་ཤུབས་གཅིག་བཟོས་དེ་དེ་ལ་བླ་བསླུ་བགྱིས་དེ་ནས་ང་ཡོང་ཆོག་པ་གཅིག་ཡོང་ལས་ཆེ་ཟེར། ཡང་སྐད་གཅིག་གིས་དེ་ཉིད་ལ་རླུང་པོས་འཁྱེར་བ་བཞིན་ལྷ་འདྲེས་ཁྱེར་སོང་། དེ་ནས་མོ་རང་ཁྱིམ་དུ་ཕྱིན་བྱ་ཤུབས་གསར་པ་གཅིག་བཟོས། བླ་བསླུ་དྲག་པོ་བྱས་པས་བྱ་ཤུབས་རྒྱལ་ལེ་ཁོ། སྒོ་ཁར་ཀྲོང་གིས་སླེབས་བྱུང་བས། རྒྱལ་པོ་བདེ་བྱེད་བཟང་པོས་བུད་མེད་དེ་དགའ་ཡོད་འགྲོ་བྱས་པས་རོ་ན་རེ། སརྦ་ཕ་ལ་མི་སྡོད་འཇག་ཀྱང་སྦིར་ཟེར་རོ། །རོ་དངོས་གྲུབ་ཅན་གྱི་སྒྲུང་ལས་བྱ་ཤུབས་རྒྱལ་པོའི་ལེའུ་སྟེ་བདུན་པའོ།། །།

༈ ཡང་སྔར་ལྟར་རོ་ལེན་དུ་ཕྱིན་པས། ཁྱོད་སྒྲུང་གཅིག་གཏོང་ངམ་ངས་གཏོང་། སུས་གཏོང་ཡང་མགོ་གྱེན་སྒུར་གྱིས་དང་ཟེར། མགོ་གྱེན་བྱས་པས། འོ་ན་དང་པོ་ཙ་ན་ཡུལ་ཀུན་སྨོན་བྱ་བ་ན། རྒྱལ་པོ་ཀུན་སྣང་བྱ་བ་ཡོད། ནམ་ཞིག་རྒྱལ་པོ་དེ་སྐུ་གཤེགས་ནས། དེའི་སྲས་ཀུན་སྐྱོང་ཞེས་བྱ་བ་རྒྱལ་སྲིད་སྐྱོང་བར་བྱེད་དོ། །དེའི་མངའ་འོག་ན་རི་མོ་མཁན་ཀུན་དགའ་ཞེས་བྱ་བ་ཞིག་དང་། ཤིང་བཟོ་བ་ཀུན་དགའ་ཞེས་བྱ་བ་ཞིག་ཡོད། དེ་གཉིས་ཤིན་ཏུ་ཆགས་སྡང་ཆེ་བ་ཡོད་པས། ནམ་ཞིག་རི་མོ་མཁན་དེ་རྒྱལ་པོའི་དྲུང་དུ་ཕྱིན་ནས། ཁྱོད་ཀྱི་ཡབ་དེ་ལྷར་འཁྲུངས་འདུག །ང་ལ་དེར་ཤོག་གསུངས་འདུག་པས་ཕྱིན། སྟོབས་ནི་བསམ་གྱིས་མི་ཁྱབ་པ་འདུག །ཡབ་ཀྱིས་ཆབ་ཤོག་འདི་ཡིན་ཟེར་སྤྲད་དོ། །དེའི་ནང་ན་ངའི་བུ་ཀུན་སྐྱོང་ལ་སྤྲིང་པ། ང་དེ་ནས་ཚེ་འཕོས་ནས་ལྷར་སྐྱེས། ད་ལྟར་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡོད། འདིར་ལྷ་ཁང་ཞིག་བཞེངས་པ་ལ་ཤིང་བཟོ་བ་མ་རྙེད་པས་ངེད་རང་གི་ཤིང་བཟོ་བ་ཀུན་དགའ་དེ་ཡར་བརྫོང་བ་གྱིས། ཡར་ཡོང་ལུགས་རི་མོ་མཁན་གྱིས་སློབས་པ་ཡོད། ཅེས་པའི་འཕྲིན་ཡིག་རྫུན་མ་གཅིག་རྒྱལ་པོ་ལ་ཕུལ་བས། རྒྱལ་པོ་ཀུན་སྐྱོང་གིས་དེ་མཐོང་བ་དང་བདག་གི་ཕ་དེ་བཞིན་ཡིན་ན་ལགས་སོ། །ཤིང་བཟོ་བ་ལ་ཤོག་གསུངས་པ་དང་དེ་ཡང་བྱུང་ངོ་།།
བདག་གི་ཡབ་རྒྱལ་པོ་དེ་ལྷའི་ཡུལ་ན་འཁྲུངས་ཡོད་འདུག །གཙུག་ལག་བཞེངས་པའི་བཀའ་ཡིག་འདི་བཞིན་འདུག་གསུངས་བསྟན་པས། དེ་མཐོང་བ་དང་ཁོའི་བསམ་པ་ལ་འདི་བཞིན་མི་སྲིད། འདི་ནི་རི་མོ་མཁན་ཀུན་དགའི་ངན་ཁོ་ན་ཡིན་པས་ཐབས་ཤིག་བྱེད་དགོས་བསམ། དེ་བཞིན་ཞུ་ལྷའི་ཡུལ་ལ་འགྲོ་ལུགས་ཇི་ལྟར་བྱེད་ཞུས་པས། རི་མོ་མཁན་ཀུན་དགའ་ལ་འདྲིའོ། །ཁོ་ལ་ཤོག་གྱིས་གསུངས་པས་བྱུང་ངོ་། །ཁོ་ན་རེ། འགྲོ་ལུགས་བཟོ་ཆས་རྣམས་འཁུར། ཤིང་ཏིལ་མར་བླུགས་པས་མཐའ་བསྐོར་ཏེ་དུ་བའི་རྟ་བྱས་རོལ་མོ་སྣ་ཚོགས་སྒྲོགས་ཤིང་། མེ་སྤོར་ལ་དུ་བའི་རྟ་ལ་བཞོན་ལས་ཤོག་གསུངས་འདུག་བྱས། ཤིང་བཟོ་ཀུན་དགའ་དེ་བཞིན་བྱེད་འགྲོ་བ་དེ་ངེད་རང་གི་ཁང་པའི་རྩ་ན་ཤིང་གཅིག་ཡོད་པ་དེ་ནས་ཞག་བདུན་ལ་འགྲོ་བར་བྱའོ། །ཤིང་བཟོ་བས་ཆུང་མ་ལ་སྨྲས་པ། རི་མོ་མཁན་ཀུན་དགའ་ཞེ་སྡང་གིས་འདི་བཞིན་བྱས་འདུག་པས། ཞག་བདུན་ལ་འགྲོ་བར་བྱས་ཡོད་པས། ཐབས་འདི་བྱེད་དགོས་ཡོད་ཟེར་ནས་ཁང་པའི་རྨང་ནས་དོང་དྲུས་ཤིང་། ཞིང་གི་དཀྱིལ་དུ་ཕུག་གཅིག །དེ་གཡམ་པས་ཁ་བཅད་ཅིང་ས་གཡོགས་ལ་བཞག་གོ །ཞག་བདུན་སོང་བ་དང་། རྒྱལ་པོས་དེ་རིང་ཤིང་བཟོ་བ་ཡབ་ཀྱི་དྲུང་དུ་འགྲོ་རྒྱུ་ཡིན་པས། མངའ་ཞབས་ཀྱི་མི་རྣམས་ཀྱིས་ཤིང་ཁུར་རེ་ཏིལ་མར་བྲེ་རེ་ཁུར་ཤོག་ཅེས་གསུངས། དེ་བཞིན་བྱུང་བའི་ཤིང་བཟོ་བའི་ཞིང་གི་དཀྱིལ་དུ་ཧོམ་ཆེན་པོ་གཅིག་བརྩིགས། དེའི་དབུས་སུ་ཤིང་བཟོ་བ་བཟོ་ཆས་དང་བཅས་པ་བཞག །ཁོས་སྔར་དྲུས་པའི་དོང་ལ་ཞུགས་རང་གི་ཁྱིམ་དུ་ཞུགས་སོ། །རི་མོ་མཁན་དགའ་དྲག་སྟེ་ཤིང་བཟོ་བ་དུ་བའི་དཀྱིལ་དུ་སོང་ཟེར་གླེང་ཞིང་མཛུབ་མོ་གནམ་དུ་སྒྲེང་ངོ་།།
དེ་ནས་ཁྲོམ་གྱི་མི་ཐམས་ཅད་དེ་རིང་ཤིང་བཟོ་བ་རྒྱལ་པོ་སྐུ་གཤེགས་ཀྱི་བཟོ་ལ་ལྷ་ཡུལ་དུ་སོང་ཟེར་གླེང་ངོ་། ཤིང་བཟོ་བས་ཟླ་བ་གཅིག་གི་བར་དུ་མིས་མ་མཐོང་བ་བྱས་ཏེ་ཉིན་རེ་བཞིན་ལུས་འོ་མས་བཀྲུས་ནས་གྲིབ་མ་ཁོ་ནར་བསྡད་དོ། །དེ་ནས་དར་དཀར་གྱི་གོས་གཅིག་གྱོན། ཡང་ཡིག་རྫུས་གཅིག་བྱས་ཏེ། བུ་ཀུན་སྐྱོང་ལ་སྤྲིང་པ། ཁམས་བདེ་བ་ནས་རྒྱལ་སྲིད་ཆོས་བཞིན་བསྐྱངས་འདུག་པ་ལེགས། འདིར་གཙུག་ལག་ཁང་བརྩིགས་པ་ལ་ཤིང་བཟོ་བ་ཞབས་ཏོག་ཤིན་ཏུ་མྱུར་བ་བྱུང་བས་ཤིང་བཟོ་བ་རྣམས་ཀྱང་ཚར་བས་དེར་ཁོ་ལ་བྱ་དགའ་ཆེན་པོ་བསྟེར་བ་གྱིས། ངའི་གཙུག་ལག་ཁང་འདི་ལ་རི་མོ་མཁན་ཞིག་དགོས་འདུག་པ་རི་མོ་མཁན་ཀུན་དགའ་འཕྲལ་དུ་གཏོང་བ་གལ་ཆེ། ཡང་ཡོང་ལུགས་སྔར་བཞིན་བྱས་པས་འཐུས་པ་འདུག་ཅེས་པའི་ཤོག་འཕྲིན་ཁྱེར་ཏེ། དེ་རྒྱལ་པོས་གཟིགས་པ་དང་། ཨ་ཕ་འདིས་ལྷ་ཡུལ་འཁོར་བྱུང་བ། ཡབ་དགྱེས་སམ་ཟེར། ཁོས་ཡིག་རྫུས་ཕུལ་ཏེ་ལྷའི་ཡུལ་དུ་ཕྱིན་ཚུལ་ཞིབ་རྒྱས་ཞུས་པས། རྒྱལ་པོ་མཉེས་ཏེ་བྱ་དགའ་ལེགས་པར་བྱིན་ནོ། །གཙུག་ལག་ཁང་ལ་རི་མོ་ཞིག་དགོས་འདུག་པས། རི་མོ་མཁན་ཀུན་དགའ་ཡར་རྫོངས་ཤོག་གསུངས་ཞུས་པས། དེ་ནས་རི་མོ་མཁན་ཀུན་དགའ་ལ་ཤོག་གྱིས་གསུངས། རི་མོ་མཁན་གྱིས་ཡོང་བས་ཤིང་བཟོ་བ་ཀུན་དགའ་ཤིན་ཏུ་ཡག་པོ་བྱས། དར་དཀར་གྱི་གོས་གྱོན། རིན་པོ་ཆེ་སྣ་ཚོགས་བཏགས་འདུག་པ་མཐོང་ནས། ཅི་ཟེར་འདི་མ་ཤི་བར་སླེབས་འདུག་སྙམ་མོ། །རྒྱལ་པོས་ཁོ་ལ་ཡབ་ཀྱི་ཕྱག་རྟགས་སྤྲད་དེ་འགྲོ་དགོས་ཚུལ་གསུངས་པས། རི་མོ་མཁན་གྱི་བསམ་པ་ལ། ད་རིང་དུ་བའི་རྟ་ལ་ཕྱིན་ན་ངེས་པར་སླེབས་པ་ཞིག་ཡོད་པ་ཡིན་པ་འདྲ། ཤིང་བཟོ་བ་ཁ་ཡོད་ལག་ཡོད་བསྲེགས་པ་ལ་ད་མི་འགྲོ་ཟེར་བ་སྔར་དེས་ཕྱིན་ལམ་ཡིན་པས་མི་ཡོང་བསམ་པ་ཞག་བདུན་ལ་འགྲོ་བར་ཁས་བླངས་སོ།།
འགྲོ་ལུགས་ཇི་ལྟར་བྱེད་ཞུས་པས། སྔ་མ་ལྟར་ཡིན་གསུངས། ཞག་བདུན་སོང་བ་དང་། མི་རྣམས་ཀྱི་ཤིང་ཁུར་པོ་རེ་དང་ཏིལ་མར་ཐོགས་ཏེ་ཞིང་གཅིག་གི་དཀྱིལ་དུ་ཧོམ་ཆེན་པོ་གཅིག་བརྩིགས། དེའི་དཀྱིལ་དུ་རི་མོ་མཁན་བཟོ་ཆས་དང་རྒྱལ་པོས་ཡབ་ལ་ཞུ་ཡིག་དང་བཅས་བཞུགས་པ་ལ། ཕྱོགས་ཕྱོགས་ནས་མེ་སྤར་རོལ་མོ་དཀྲོལ་བས། རི་མོ་མཁན་གྱིས་མ་བཟོད་པར་སྨྲེ་ངག་འདོན་ཞིང་ཚུར་མཆོངས་པས། རོལ་མོའི་སྒྲས་མི་མངོན་པར་གཞོབ་ཐུལ་གྱིས་ཚིག་གོ་བྱས་པས། རྒྱལ་པོ་བདེ་བྱེད་བཟང་པོས་ལ་གཡོག་འཕྲལ་དུ་བྱུང་བ་ཡིན་འདུག་བྱས་པས། རྒྱལ་པོའི་ཁ་ནས་གཏམ་བྱུང་ཟེར་ཤོར་རོ། །རོ་དངོས་གྲུབ་ཅན་གྱི་སྒྲུང་ལས་རི་མོ་མཁན་དང་། ཤིང་བཟོ་བ་གཉིས་ཀྱི་ལེའུ་སྟེ་བརྒྱད་པའོ།། །།

༈ དེ་ནས་ཡང་སྔར་བཞིན་རོ་ལེན་དུ་ཕྱིན་ཁུར་ཡོང་བས། ཡང་སྒྲུང་འདི་བཏང་ངོ་། །དང་པོ་ཙ་ན་ཡུལ་གྲུ་ཆེན་པོ་བུ་རམ་ཤིང་འཕེལ་བྱ་བ་ན། རྒྱལ་པོ་ནང་མཛད་བྱ་བ་ཡོད་དེ། དེ་སྐུ་གཤེགས་ནས། སྲས་གཟུགས་མཛེས་པ་སྟོབས་ཆེ་བ་རྩལ་དང་ལྡན་པ་ཡིད་དུ་འོང་བ་ཞིག་ཡོད་དེ། དེ་ལ་ལྷོ་ཕྱོགས་ཀྱི་རྒྱལ་པོའི་སྲས་མོ་ཞིག་བཙུན་མོར་བཀུག །དེ་ནས་རྒྱལ་པོ་དེས་སྲས་མོ་དེ་ལ་མ་དགའ་ནས། དེ་ནས་དཔག་ཚད་གཅིག་ཕྱིན་པ་ནས་ཁྱིམ་བདག་གི་བུ་མོ་གཟུགས་མཛེས་པ་ལང་ཚོ་ཕུན་སུམ་ཚོགས་པ་གཅིག་ཡོད་པ་ལ། དེ་ལ་རྒྱལ་པོ་སེམས་ཆགས་ནས་རྒྱུན་དུ་འགྲོ་བར་བྱེད་དོ། །ནམ་ཞིག་རྒྱལ་པོ་དེ་ན་ཚ་དྲག་པོས་ཚེའི་དུས་བྱས་སོ། །བུ་མོ་དེས་དེ་ལྟར་མ་ཐོས་ནས་རྒྱལ་པོའི་སྲས་གཅིག་སྦྲུམ་ན་ཡོད་པ་ལས། མུན་སྟུག་ནས་ཟླ་བའི་འོད་ལ་བུ་མོའི་སྒོ་བརྡུངས་བྱུང་ནས། བུ་མོས་ཞལ་དཀར་ནས་བལྟས་པས། རྒྱལ་པོས་རྒྱན་རྣམས་བཞག་ནས་བྱོན་བྱུང་བ། བུ་མོ་དགའ་ནས་སྒོ་དྲུང་ཕྱིན། རྒྱལ་པོའི་ཕྱག་ནས་འཇུས་ནང་དུ་གདན་དྲངས་སོ།།
དེ་ནས་འབྲས་ཆང་དང་གོ་ལ་ཞུས་ནས་ཁྱོད་འགའ་འདིར་ཤོག་གསུངས། ཕྱི་ལ་ཕྱིན་པས། དེ་ལས་མར་ཙམ་ཤོག་གསུངས། ཕྱིན་ནས་རྒྱལ་པོའི་ཕོ་བྲང་གི་རྩར་སླེབས། ཕོ་བྲང་གི་ནང་ན་རོལ་མོའི་སྒྲ་ཆེར་འདུག་པ། རྒྱལ་པོ་ལ་འདི་ཅི་ཡིན་ཞུས་པས། ཁྱེད་ཀྱི་མ་གོ་བ་ཨེ་ཡིན། འདི་ངའི་བདུན་ཚིགས་འཛིན་མཁན་ཡིན་གསུངས། ཅི་ལགས་ཞུས་པས། ང་ཤི་བ་ཡིན་གསུངས། ད་ཁྱོད་ལ་སྐྱེ་བའི་ལུས་པོ་འདི་བུར་སྐྱེ་ཞིང་། སྐྱེས་ས་ཡང་གླང་པོ་ཆེའི་རྭ་བར་གྱིས། ཕོ་བྲང་གི་ནང་འདི་ན་ངའི་ཡུམ་དང་། བཙུན་མོ་གཉིས་གཡུ་ལ་མ་འཆམས་པར་ཡོད་པས། གཡུ་དེ་ངས་རྟེན་མཆོད་ཀྱི་འོག་ན་སྦས་ཡོད། དེ་བཙུན་མོ་ལ་སྦྱིན་མོ་རང་གི་ཡུལ་དུ་སློག །ཡུམ་དང་ཁྱོད་གཉིས་ཀྱི་རྒྱལ་པོ་མ་བསྐོས་རིང་རྒྱལ་སྲིད་ཟུངས་ཟེར་ཏེ། རླུང་ཤར་བ་གཅིག་ལ་སོང་ངོ་། །དེར་མོ་ཤིན་ཏུ་སྐྱོ་ནས་བརྒྱལ་ལོ། །བརྒྱལ་བ་སངས་པ་དང་། རྒྱལ་པོ་རྒྱལ་པོ་ཟེར་ཞིང་ལུས་ཀྱང་སྐྱེས་ནད་ཀྱིས་ཐེབས་པ་དང་། གླང་པོའི་རྭ་བར་སོང་སྟེ། དེའི་ནུབ་བུ་གཅིག་བཙས་སོ། །སང་ནམ་དཀར་བ་དང་། གླང་རྫི་བྱུང་སྟེ། ཀྱེ་མ་རྒྱལ་པོའི་གླང་རར་བུད་མེད་བྱིས་པ་སྐྱེས་པར་མི་སྲིད། གླང་རར་གྲིབ་ཡོང་ཞེས་དེར་མོས་སྐྱོན་མེད་ཁྱོད་རང་རྒྱལ་པོ་གཤེགས་པ་དེའི་ཡུམ་ལ་འདིར་ཕེབས་གྱིས། ཁམ་ཆེ་བ་ཞིག་ཡོད་ཟེར། དེས་ཀྱང་ཡུམ་ལ་བྱོན་ཞུས་པས། བྱོན་ནོ། །བུ་མོ་དེས་རྒྱུ་མཚན་ཞུས་པས། ཨ་མ་ལ་གདུང་བརྒྱུད་འདི་ནི་ཡ་མཚན་ཏེ་ནང་དུ་དེངས་ཟེར་སྲས་དེ་ལ་རྩིས་ཤིན་ཏུ་ཆེ་བར་མཛད་དོ། །གཡུ་དེ་ཡང་ཇི་ལྟར་ཟེར་བ་བཞིན་བྱུང་བས་བཙུན་མོ་ལ་བྱིན་ནས་ཕྱིར་སློག་གོ །ཡུམ་དང་བུ་མོ་གཉིས་ཀྱིས་རྒྱལ་སྲིད་བཟུང་ངོ་།།
དེ་ནས་ཟླ་བ་བྱུང་ངོ་ཅོག་གི་ཚེས་བཅོ་ལྔ་དགོང་མོ་བུ་མོའི་རྩར་རྒྱལ་པོ་བྱུང་སྟེ། མཚན་གང་འགྲོགས་སོ། །ནམ་ལངས་ནས་མི་སྣང་བར་སོང་ངོ་། །དེ་ཡུམ་ལ་ཞུས་པས། ཡུམ་ན་རེ་མི་བདེན་པ་འདུག་གསུངས། བདེན་ན་རྒྱལ་པོའི་ཀ་ཅ་གཅིག་ཚགས་གྱིས་གསུངས། རྗེས་སུ་ཡང་མཇལ་བྱུང་བའི་སོར་གདུབ་གཅིག་ཡོད་པ་དེ་ཚགས་བྱས་པས། ཤིན་ཏུ་བདེན་པ་འདུག་གསུངས། ཁྱོད་ཀྱི་ངེས་མ་བུ་འཕྲད་པ་ཞིག་ཨེ་ཐུབ་བལྟོས་གསུངས། དེས་ཚེས་བཅོ་ལྔ་བྱུང་ངོ་ཅོག་ལ་བྱོན་པ་ལེགས་ཏེ། དུས་རྒྱུན་དུ་འགྲོགས་མི་ཆོག་པ་འདི་སྐྱོ་བ་ལ་བྱས་ངུས་པས། རྒྱལ་བུ་ན་རེ། ཁྱོད་ཀྱི་སྙིང་སྟོབས་ཀྱིས་ལྕོགས་ན་དུས་རྒྱུན་དུ་འགྲོགས་ཆོག་པ་ཡོང་སྟེ། བུད་མེད་སྙིང་རུས་ཆུང་བས་དཀའ་ཟེར། བུ་མོ་ན་རེ། སྙིང་རུས་ཀྱི་ཁམས་ཁྱག །རྒྱལ་བུ་དང་ཚེ་འདིར་འགྲོགས་ཆོག་པ་བྱུང་ན་ལས་ཀྱི་ཤ་རུས་འབྲལ་ཡང་འབྲལ་ནུས་བྱས་པས། འོ་ན་ཟླ་བ་རྟིང་མའི་དགོང་མོ་ཟླ་བ་ཤར་བ་དང་། ཤར་ལྷོའི་མཚམས་སུ་དཔག་ཚད་གཅིག་ཕྱིན་པ་དང་། ལྕགས་ཀྱི་མི་རྒན་ཁྲོ་ཆུ་ཁོལ་མ་འཐུང་ཞིང་སྐོམས་པ་ལ་ཟེར་བ་གཅིག་ཡོད། དེ་ལ་འབྲས་ཆང་རྐྱལ་པ་གང་བསྟེར། དེ་ནས་ཕྱིན་པ་དང་ལུག་ཐུག་གཉིས་རྡུང་ཁ་བྱེད་པ་ཡོད་པ། དེ་ལ་ལྤགས་ཟན་རེ་བསྟེར། དེ་ནས་གོ་མཚོན་ཐོགས་པ་མང་པོ་ཞིག་ཡོད། དེ་ལ་ཤ་ཟན་རེ་བསྟེར། དེ་ནས་ཁང་པ་ནག་པོ་འཇིགས་སུ་རུང་བ་ཁྲག་གི་ཞལ་བ་བྱས་པ། མི་ལྤགས་ཀྱི་རྒྱལ་མཚན་བྱས་པ། དེའི་སྒོ་དྲུང་བ་གཤིན་རྗེ་ཁྲག་གི་རལ་པ་ཅན་གཉིས་ཡོད། དེ་ལ་ཁྲག་ཕུད་རེ་གཏོར། དེ་ནས་ཁང་པ་དེའི་ནང་དུ་ཕྱིན་པ་དང་། སྔགས་པ་འཇིགས་སུ་རུང་བ་བརྒྱད་ཀྱིས་བསྐོར་བའི་དབུས་ན་དཀྱིལ་འཁོར་ཞིག་ཡོད། དེའི་མཐའ་ལ་སྙིང་དགུས་བསྐོར་ནས་ཡོད། སྙིང་རྙིང་པ་བརྒྱད་ཀྱིས་འཁུར་ཟེར་ཡོང་ངོ་། །གསར་པ་དེས་ང་མ་འཁུར་ཟེར་ཡོང་། ཉམ་ང་བག་ཚ་མེད་པར་སྙིང་གསར་པ་དེ་འཁྱེར་ནས་ཕྱི་མིག་མ་བལྟ་བར་ཐེ་ཚོམ་མེད་པར་བྲོས་ན་ཚེ་འདིར་རྒྱུན་དུ་འགྲོགས་ཆོག་པ་ཡོང་ཟེར་རོ། །བུ་མོས་དེ་སེམས་ལ་ངེས་པར་བཞག་ནས། ཚེས་བཅོ་ལྔའི་ཟླ་བ་ཤར་བ་དང་། སུ་ལའང་རྒྱུས་མེད་པར་བྱས་ནས། སྙིང་སྟོབས་བསྐྱེད་དེ་ལྷོ་ཕྱོགས་སུ་ཕྱིན། རིམ་པ་བཞིན་ལམ་གྱི་འཇིགས་པ་སེལ་ཏེ་ཁང་པའི་ནང་དུ་ཕྱིན་ཏོ། །དེར་སླེབས་ནས་སྙིང་གསར་པ་ང་མ་ཁུར་ཟེར་བ་དེ་ཁྱེར་ནས་བྲོས་སོ། །སྔགས་པ་རྗེས་ལ་རྒྱུགས་ནས་སྙིང་ལ་རྐུན་མ་བྱུང་ཟེར་ནས་གཤིན་རྗེའི་སྒོ་དྲུང་རྣམས་ལ་རྒྱུགས་བྱས་པས། དེ་གཉིས་ཀྱིས་ཁྱོད་ཀྱི་ངེད་ལ་ཁྲག་བྱིན་ཟེར་ནས་བཏང་ངོ་། །དེ་ནས་དམག་མི་རྣམས་ལ་ཟུངས་བྱས་པས། ཤ་ཟན་བྱིན་ཟེར་བཏང་ངོ་། །ལུག་ཐུག་གཉིས་ཀྱིས་ལྤགས་ཟན་བྱིན་ཟེར་བཏང་ངོ་། །དེ་ནས་བུ་མོ་ཕོ་བྲང་དུ་ལེགས་པར་སླེབས། རྒྱལ་སྒོ་ཤག་གིས་ཕྱེ་བ་དང་། བུ་མོ་རང་གི་ཁྱོ་རྒྱལ་བུ་དེ་རྒྱན་སྣ་ཚོགས་ཀྱིས་བརྒྱན་ནས་བཅར་ཏེ་བྱོན། འགྲོགས་ཆོག་པ་བྱུང་འདུག་བྱས་པས། རྒྱལ་པོ་བདེ་བྱེད་བཟང་པོས་ཡབ་ཡུམ་གཉིས་ལ་དགའ་རབ་བྱུང་ཡོད་ཟེར་ཤོར་བས། རྒྱལ་པོའི་ཁ་ནས་གཏམ་བྱུང་ཟེར་ཤོར་རོ། །རོ་དངོས་གྲུབ་ཅན་གྱི་སྒྲུང་ལས། བུ་མོ་སྙིང་སྟོབས་ཅན་གྱི་ལེའུ་སྟེ་དགུ་པའོ།། །།

༈ དེ་ནས། ཡང་སྔར་བཞིན་རོ་ལེན་པར་ཕྱིན་འཁུར་ཡོང་བས་ཡང་སྒྲུང་འདི་བཏང་ངོ་། །དང་པོ་ཙ་ན་ཡུལ་འོད་མའི་ལྗོངས་ཞེས་བྱ་བ་ན། མི་སྤུན་གཉིས་ཡོད་དེ། རིགས་མཉམ་པ་ལས་ཆུང་མ་བཀུག །རྒན་པས་མིག་སེར་གྱིས་མ་འཆམས་པར་གཞོན་པ་དེ་ཕྱིར་ཕུད་དོ། །ནམ་ཞིག་རྒན་པ་དེ་འབྱོར་པ་དང་ལྡན་པར་གྱུར་ཅིང་། ཡུལ་མི་རྣམས་ལ་སྟོན་མོ་བཟང་པོ་བྱིན་པར་བརྩམ་མོ། །སྤུན་ཟླ་དེའི་བསམ་པ་ལ་ཁོ་བོས་གཞན་ལེགས་སོ་མ་བྱས་ཀྱང་སྟོན་མོ་བ་མང་པོ་བྱེད་ན་བདག་ཀྱང་ནང་མིར་འཕོང་ཡོང་བསམ་མོ། །འདིར་ཤོག་མ་བྱས་ཏེ་ཁོའི་བསམ་པ་ལ་ཁ་སང་ཤོག་མ་བྱས་རུང་། དེ་རིང་དངོས་གཞི་ཡིན་པས་འབོད་ཡོང་བསམ་པ་ལ་ཡང་མ་འབོད། ཡང་དེའི་སང་ཆང་གཞུག་ལ་འབོད་ཡོང་བསམ་པ་ལ་ཡང་མ་འབོད་པས། ཁོ་ཡིད་སྐྱོ་ནས་ད་དོ་དགོང་ཁྱིམ་མི་ཐམས་ཅད་ཆང་གིས་བཟི་ཡོད་པས་ནོར་དྲག་པ་རྣམས་རྐུའོ་སྙམ་ནས་ཁང་པའི་ནང་ལ་ཕྱིན་མཛོད་ཀྱི་ཆས་ཁྲོད་དུ་ཡིབས་སོ། །དེའི་མི་རྣམས་ནི་སྲོད་ཚུན་ལ་ཆང་བཏུང་ནས་བཟི་སྟེ་ཉལ་ལོ། །མནའ་མ་དེས་ཀྱང་། ཇོ་བོ་མཛོད་ནང་དུ་བཅུག་སྟེ་ཉལ། ཇོ་བོ་གཉིད་དུ་སོང་བ་དང་། མནའ་མ་ལངས་ཏེ་སྣོད་ཀྱི་ནང་དུ་ཟས་བཙོས་པ་དང་། ཤ་དང་ཟས་སྣ་ཆང་སྒོག་བཙོང་ལ་སོགས་བཞེས་སྤྲོ་མང་བར་བཅུག་སྟེ་ཕྱིར་སོང་ངོ་། །དེར་ཁོ་ཡང་མར་དང་ཤ་ནས་རྐུ་ཐོབ་ཕྱིར་ཐོན་འདི་ཅི་བྱེད་བལྟ་དགོས་བསམ་ཕྱི་ལ་ལངས་ནས་བལྟས་པས། བུད་མེས་དེ་ཁང་པའི་ལྟག་གི་རི་མཐོན་པོ་གཅིག་ན་དུར་ཁྲོད་ཤིན་ཏུ་འཇིགས་པ་ཞིག་ཡོད་པ་དེ་ལ་འཛེགས་སོ།།
སྤུན་ཟླ་དེས་ཀྱང་དེར་ཕྱིན་པས། སྤང་སྔོ་མཐིང་བ་གཅིག་གི་དཀྱིལ་ན་རྡོ་དཀར་ཙམ་ཡོད་པ་སོང་ངོ་། །དེར་སོང་བ་དང་དེ་ན་མི་གཅིག་སྐྱ་ནར་བྱུང་བས། མོ་དེའི་མཛའ་གྲོགས་སྙིང་སྡུག་ཡིན་ཏེ། མོ་ལ་ཆགས་ནས་བྱ་དང་གཅན་གཟན་རྣམས་ཀྱིས་མ་ཟོས་པར་འདུག་གོ་ཟེར་བ་མོས་ཐོས་ནས་བརྒྱུགས་པར། དེ་ནས་རོ་དེ་མཐོང་བ་དང་ཕ་ཚད་ནས་དེའི་མིང་ནས་འབོད་ཅིང་ཆོ་ངེས་འདེབས་རུང་རོ་དེའི་གན་དུ་ཕྱིན་ནས་མཇིང་པ་ལ་འཁྱུད་པར་བྱེད་དོ། །སྤུན་ཟླ་དེས་ཀྱང་དེ་ལ་ཉེ་བར་ལྟ་ཞིང་བསྡད། བུད་མེད་དེས་ཟས་རྣམས་རོའི་རྩར་སྤུངས་ནས་བསྟེར་བར་བྱེད་དོ། །རོའི་སོ་འགྲིགས་པས་འགྲོར་མ་ཉན་པས། མོ་རང་གི་ལིའི་ཁ་ཐུར་གཅིག་ཡོད་པ་དེས་རོའི་སོ་འགྲིགས་པ་དེ་བྱེད་དེ་ཟས་མོ་རང་གིས་ཟོས་པའི་ལྡུར་མོ་རོའི་ཁ་ནང་དུ་བསྐྱལ་བ་དང་། ལི་ཁྱེམ་དེ་སྦད་དེ་ཆད་ནས་འཕར་བས། མོ་རང་གི་ལྕེའི་རྩེ་ཡང་ཆད་ནས་རོའི་ཁ་ནང་དུ་ལུས་སོ། །དེར་ཁྲག་མང་པོ་ཤོར་ཞིང་སྡུག་བསྔལ་ནས་ཟ་མའི་སྣོད་རྣམས་ཐོགས་ནས་ཕྱིར་ལོག་གོ །སྤུན་ཟླ་དེས་ཀྱང་མོའི་སྔོན་ལ་སླེབས་པར་བུས་ནས་མཛོད་དུ་ཡིབས་སོ། །ཡུད་ཅིག་ནས་ཁྱོ་བོ་དེས་གཉིད་འཁུན་བྱས་ནས་དེ་ག་ཁད་མོད་ལ་ཨ་ཚ་ཟེར་ཏེ། འདི་འདྲའི་ཁྱོ་གཅིག་ཡོང་བ་མིས་ཅི་ཟེར་ཉན་པས། ལྕེ་དང་སྣ་གཉིས་ཀའི་རྩེ་ལ་སོ་འདྲས་བྱས་བྱུང་སྟེ། བུད་མེད་ལ་འདི་གཉིད་མེད་ན་ཅི་ཡོང་ཟེར། ཁྱོ་དེས་ཀྱང་མ་བྱས་ཟེར། མོས་ཡུད་ཆེས་ཀྱང་རྒྱལ་པོ་ལ་ཞུས་ནས་བལྟའོ་ཟེར། སྤུན་ཟླ་དེས་ཀྱང་དེའི་ནུབ་ཆས་མ་རྐུས་པར་གཞན་ཞིག་ཏུ་སོང་ངོ་།།
སང་དེ་མོ་སྔ་བར་རྒྱལ་པོའི་དྲུང་དུ་སོང་ནས་ཕྱིར་འདི་མཚན་བྱས་པས་དེས་མེད་པར་མདང་ཁོས་ང་ལ་འདི་བཞིན་བྱས་བྱུང་བས་ཁྲིམས་ཇི་ལྟར་འཚམ་པ་སྤྱོད་པ་ཞུས། དེར་ཁྱོ་བཀུག་ནས་ངོ་འཛོམས་མོས་བདེན་བདེན་འདྲ་པོའི་ཚིག་མང་པོ་སྨྲས་པས། ཁྱོ་ན་རེ་མདང་མ་དྲན་ཟེར་བ་མིན་པ་གཞན་ལབ་རྒྱུ་མ་བྱུང་། རྒྱལ་པོས་དེས་ཀྱང་མི་འོས་ཟེར་ནས་གསལ་ཤིང་རྩེ་ལ་བསྐྱོན། དེའི་དུས་འཆི་བ་ལ་ཐུག་པར་ཡོད་པ་ལ། སྤུན་ཟླ་དེས་དེའི་གཏམ་ཐོས་ནས་ཡོང་། ཕུ་བོ་གསལ་ཤིང་རྩེ་ལ་བསྐྱོན་པ་ཅི་ཉེས་དྲིས་པས། རྒྱུ་མཚན་སྨྲས་པས་སྤུན་ཟླ་དེས་རྒྱལ་པོའི་དྲུང་དུ་ཕྱིན། ལྷ་མཁྱེན་པར་མཛོད་ཅིག །མ་བརྟག་པའི་བྱ་བ་གང་ལ་ཡང་ཡིད་རྟོན་མི་རུང་། ད་མནའ་མ་དང་ཕུ་བོ་གཉིས་ངོ་འཛོམས་ཤིག །དེ་ནས་ངེས་གསལ་བར་སྨྲས་ཟེར། དེའི་ཉིན་བསགས་པའི་སྤུན་ཟླ་དེས་མནའ་མ་རོའི་རྩར་འགྲོ་ལུགས་སོགས་ཞིབ་པར་བཤད་ནས། རྒྱལ་པོ་རང་ཡིད་མི་ཆེས་ན་རོའི་ཁ་ནང་ན་ལྕེ་རྩེ་ཡོད་པ་དང་། ལི་ཁྱེམ་ཆག་རོའི་སྣའི་རྩེ་མོ་རྣམས་ཡོད་པས་བལྟ་བར་ཐོངས་སྨྲས་སོ། །རྒྱལ་པོས་བལྟ་བར་བཏང་བས་ཁོས་ཇི་ལྟར་ཟེར་བ་བཞིན་འདུག་པ། ཁྱོ་བདེན་པར་འདུག་ཟེར་ཕུ་བོ་གསལ་ཤིང་རྩེ་ལས་ཐར། ཆུང་མ་གསལ་ཤིང་ལ་བསྐྱོན་ཏེ་བསད་དོ། །བྱས་པས། རྒྱལ་པོ་བདེ་བྱེད་བཟང་པོས་དེ་རང་ཕན་པ་ལ་ཟེར་ཤོར་བས། རྒྱལ་པོའི་ཁ་ནས་གཏམ་བྱུང་ཟེར་ཤོར་རོ། །རོ་དངོས་གྲུབ་ཅན་གྱི་སྒྲུང་ལས་བཟའ་མི་གཉིས་ཀྱི་ལེའུ་སྟེ་བཅུ་པའོ།། །།

༈ དེ་ནས་ཡང་རོ་ལེན་པར་ཕྱིན་འཁུར་ཡོང་བས། རོ་སྒྲུང་འདི་བཏང་ངོ་། །དང་པོ་ཙ་ན། ཡུལ་ལྗོངས་མང་པོ་ཞིག་གི་དཀྱིལ་ན། ཕྱོགས་གང་ནས་ཡོང་ཡང་ཞག་ས་ཕོག་པའི་ས་ནས། སྤྱན་རས་གཟིགས་ཀྱི་སྐུ་ཆེན་པོ་གཅིག་ཡོད་པའི་ལྷ་ཁང་གོག་པོ་གཅིག་གི་རྩ་ན་ཁང་ཆུང་ཞིག་ཡོད་དེ། དེ་ན་མི་རྒན་བཟའ་མི་གཉིས་ལ་བུ་མོ་ཞིག་ཡོད་དོ། །ནམ་ཞིག་དེའི་ལུང་པའི་མདའ་ན་མི་དབུལ་པོ་གཅིག་གིས་སྒྲོམ་འདིའི་ནང་ཤིང་ཏོག་ཁུར་ཏེ། ལུང་པའི་ཕུར་ཚོང་འདུས་ལ་ཕྱིན་ནས་ལོག་ཡོང་བས་ཞག་ས་ལྷ་ཁང་འདིའི་འགྲམ་དུ་བྱས་སོ། །དབུལ་པོ་དེས་མི་རྒན་བཟའ་མིའི་ཁང་ཆུང་དེའི་སྐར་ཁུང་ལ་ཉན་བུ་བྱས་པས། ཨ་ཕྱི་ན་རེ་ངེད་རང་གཉིས་ཀྱང་ན་སོ་རྒས། བུ་མོ་བསིར་ཁྲོད་འདི་ཡང་བག་མར་གཏོང་བ་དྲག་ཟེར། ཕ་ན་རེ། དེ་བདེན་ངེད་རང་ཚོའི་བདེ་སྐྱིད་བུ་མོ་ནོར་གཡུ་ཕུལ་གང་དང་བཅས་པ་སྤྱན་རས་གཟིགས་ཀྱི་སྐུ་འདི་ལ་ཞབས་ཏོག་དང་གུས་འདུད་བྱས་པས་བྱུང་བ་ཡིན་པས། བུ་མོ་བསིར་ཁྲོད་ཀྱང་སུ་ལ་བསྟེར། ཆོས་འཇིག་རྟེན་གང་བྱེད་ཀྱང་སང་ཚེས་བརྒྱད་ཡིན་པས་མཆོད་པ་བཤམས་ཏེ་སྤྱན་རས་གཟིགས་ལ་འདྲི་ཟེར་ཐག་བཅད་སོང་ངོ་། །དེ་མི་དབུལ་པོས་ཐོས་ཏེ་གླགས་བརྙེད་པར་འདུག་སྙམ་ནས་དེའི་ནུབ་མོ་མཆོད་ཁང་གི་སྒོ་ཕྱེ་ནས་སྤྱན་རས་གཟིགས་ཀྱི་སྐུའི་རྒྱབ་དུ་ཁོ་རང་ལྷའི་ནང་དུ་འཚང་ནས་བསྡད་དོ།།
སང་བཟའ་མི་གཉིས་དང་བུ་མོ་བྱུང་ནས་མཆོད་པ་བཤམས་ཤིང་ཕྱག་བཙལ་ཏེ་ཨ་མས་འཕགས་པ་སྤྱན་རས་གཟིགས་བདག་གི་བུ་མོ་འདི་ཆོས་འཇིག་རྟེན་གང་བྱེད། འཇིག་རྟེན་བྱེད་ན་མི་སུ་ལ་བསྟེར། རབ་གསུང་འབྱོན་པ་ཞུ། དེ་མིན་ལུང་བསྟན་རྨི་ལམ་དུ་ཞུ་ཟེར། དེ་ལ་དབུལ་པོ་དེས་འཕགས་པའི་ཤངས་ཀྱི་ནང་ནས་ཁ་མར་བཅུག་ནས་གསུང་བྱོན་པ་ལྟར་བྱས་ནས། ཁྱོད་ཀྱི་བུ་མོ་འཇིག་རྟེན་འཐད་པས་སང་སྔ་བར་ཁྱོད་ཀྱི་སྒོ་དྲུང་དུ་མི་སུ་སྔ་བར་བྱིན་ན་དོན་རྣམས་འགྲུབ་པར་འགྱུར་བྱས་སོ། །མི་རྒན་བཟའ་མི་གཉིས་འཕགས་པས་གསུང་བྱོན་ཟེར་ནས། ཡིད་རང་ཕྱག་མང་དུ་བཙལ་ནས་སོང་ངོ་། །དབུལ་པོ་དེས་ཀྱང་འཕགས་པའི་ནང་ནས་ཐོན་ནས་སང་སྔ་བར་སྒོ་དྲུང་དུ་ཕྱིན་ནོ། །སྒོ་བརྡུངས་པས་ཨ་ཕྱི་བྱུང་སྟེ་ཁོ་མཐོང་བ་དང་། དེ་མ་ཐག་ནང་དུ་སོང་སྟེ། ཨ་ཕ་ལགས་འཕགས་པའི་ལུང་བསྟན་པའི་མི་དེ་སླེབས་འདུག་བྱས་པས། དེ་ལེགས་ནང་དུ་ཤོག་གྱིས་ཟེར་བྱུང་བ་དང་བཟའ་བཏུང་ཕུན་སུམ་ཚོགས་པ་བསྐྱལ། བུ་མོ་དང་གཡུ་ཕུལ་གང་པོ་ཁོ་ལ་གཏད་དེ་ཞིབ་ཏུ་སྨྲས་སོ། །ཁོས་ཀྱང་དེ་བཞིན་བྱེད་ཟེར། བུ་མོ་འཁྲིད། ཤིང་སྒམ་དེ་ཡང་འཁུར་གཡུ་རྣམས་ཐོགས་ཏེ་སོང་ངོ་།།
ལུང་པའི་མདའ་ཁོ་རང་གི་ཡུལ་དུ་སླེབས་པར་ཉེ་བ་ན་ཁོའི་བསམ་པ་ལ། ད་ཨ་ཕྱི་རྒན་མོ་ལ་གཡོ་རྩེད་ཁར་སོང་། ད་བུ་མོ་འདི་ཤིང་སྒམ་ནང་དུ་བཅུག་ཐང་འདི་ན་སྦས་ནས་ཐབས་གཅིག་བྱའོ་སྙམ་གཡུ་དང་བུ་མོ་ཤིང་སྒམ་ནང་དུ་བཅུག་སྟེ་བྱེ་ཐང་ལ་སྦས། ཁོ་རང་ཡུལ་དུ་སོང་ངོ་། །ཡུལ་མི་རྣམས་ལ་སྔར་ནས་ངས་ཇི་ལྟར་བྱས་ཀྱང་ཕྱུག་པོ་གཅིག་མ་བྱུང་། ད་ལྟོག་འགོང་འུར་འདེད་ཀྱི་ཆོ་ག་བྱེད་པ་ལ་དགོས་བྱུང་བ་ཡིན་ཟེར་རྫས་རྣམས་སློང་ངོ་། །སྐབས་དེར་ཡུལ་གཞན་ཞིག་ནས་རྒྱལ་པོའི་བུ་ཞིག་གིས་སྐྱོ་སངས་ལ་མདའ་གཞུ་ཐོགས་སྟག་གཅིག་འཁྲིད། དཔོན་གཡོག་གསུམ་བྱོན་ནས་བུ་མོ་བསིར་ཁྲོད་སྦས་པའི་བྱེ་ཐང་དེར་སླེབས་ཏེ། བྱེ་མ་ནག་ལོང་ངེ་བ་ཞིག་ལ་མདའ་བརྒྱབ་ཟེར་བས། མདའ་ཕོག་སྟེ་བྱེ་མ་དྲུས་པས། ཤིང་སྒམ་གཅིག་ལ་གཟུག་འདུག་པ་དེ་ཁ་ཕྱེ་བས་བུ་མོ་དང་གཡུ་ཐོན་ཏེ། ཨ་ཕ་བུ་མོ་ཁྱོད་ཇི་ལྟར་ཡིན་དྲིས་པས། ང་ཀླུའི་བུ་མོ་ཡིན་ཟེར། ངའི་བཙུན་མོ་བྱའོ་ཞེས་བྱས་པས། ང་མི་འགྲོ་ཤིང་སྒམ་འདི་ལ་སྡོད་དགོས་ཡོད་བྱས་པས། ཤིང་སྒམ་དུ་སྟག་བཅུག་པས་ཆོག་བྱས་ཏེ། སྟག་བཅུག་སྟེ་སྦས་ནས་བཞག་གོ །བུ་མོ་གཡུ་དང་བཅས་པ་རྒྱལ་བུའི་ཡུལ་དུ་ཕྱིན་ནོ།།
དེ་ནས་མི་དབུལ་པོ་དེ་བསོད་ནམས་འཕྲལ་བསོགས་ཚར་ནས། བུ་མོ་དང་གཡུ་བླང་བུ་མོ་བསད་གཡུ་རྣམས་ཀྱི་ནོར་དང་ནས་ཉོས་ནས་ཕྱུག་པོ་ཞིག་བྱེད་བསམ་མོ། །ལེན་པར་ཕྱིན། བྱེ་དོང་ནས་སྒམ་བཏོན་འཁུར་ནས་ཡོང་། ཁང་པའི་དཀར་ཁྱིམ་དུ་བཀལ་ནས་བཞག །ཡང་ཁོས་ཕྱི་མི་རྣམས་ལ་བསོད་ནམས་འཕྲལ་བསོགས་ཀྱི་ཆོ་ག་བསྐྱར་མ་ཞིག་བྱེད་དགོས་བྱུང་བས། སྭ་ཅོ་དང་ཀུ་ཅོ་ཅི་བྱུང་ཡང་ལྟ་བར་མ་ཡོང་ཞིག་སྨྲས་སོ། །དེ་ནས་བུ་མོ་ཤོར་གྱིས་དོགས་སྟོང་ཁ་ཕུག་དེར་མལ་ས་བཅོས་ཏེ། ཁོ་རང་ལུས་ཚགས་བཤིགས་ཤིང་སྒམ་ཁ་ཕྱེ་ནས་བུ་མོ་ཉལ་སར་ཐོན་ཤོག་བྱས་པས། སྟག་གིས་རྒྱང་སྟེ་མཆོངས་པས་ཁོ་ཞེད་ནས། ཀྱེ་མ་སྟག་བྱུང་བུད་མེད་ཚོ་རམ་ཟླ་ལ་འུར་ཤོག་ཅེས་ཀུ་ཅོ་འདོན་པ་བྱུང་། གཅེར་བུར་སྟག་དང་འཛིངས་པས་བུད་མེད་ཚོས་ཨ་ཕ་ཨ་མའི་བསོད་ནམས་འཕྲལ་བསོགས་ཀྱི་ཆོ་ག་བྲེལ་ལ་ཚུབ་པ་ཞིག་འདུག་ཟེར་བཞད་བགད་བྱེད་དོ།།
སང་ཞོག་དེ་ལྟ་བར་ཕྱིན་པས་ཁྱིམ་གྱི་ཕག་ན་སྟག་ཆེན་པོ་ཞིག་ཁ་དང་ལག་པ་ཁྲག་གིས་སྦག་པ་ཞིག་ཁྲ་ཆིལ་ལེར་འདུག་ཅིང་། ཕ་ནི་ཤི་ནས་འདུག་གོ །དེའི་བུ་མོ་དེས་རྒྱལ་པོའི་བཙུན་མོ་བྱས་སྲས་གསུམ་བྱུང་། ཕུན་གསུམ་ཚོགས་པར་ཡོད་པ་ལས། ནང་བློན་དང་འབངས་རྣམས་ངེད་རང་གི་རྒྱལ་པོ་བཅོལ་ཆུང་ས་འོག་ནས་བཏོན་པའི་བུ་མོས་བཙུན་མོ་བྱས་སྲས་བྱུང་ཡང་ཞང་པོ་མེད་པ་ཅི་ཡོང་ཟེར་གླེང་ངོ་། །དེ་བཙུན་མོས་ཐོས་པས་ཡིད་ཤིན་ཏུ་མ་དགའ་སྟེ། བདག་ལ་སྲས་གསུམ་ཡོད་རུང་། མི་རྣམས་ཀྱིས་ཟེར་ལུགས་འདི་ང་རང་གི་ཕ་མ་རྒན་རྒོན་གྱི་སར་འགྲོ་སྙམ་ནས། ཚེས་བཅོ་ལྔ་ཟླ་བ་ཤར་བ་དང་ཕོ་བྲང་ནས་ཐོན་ཏེ་སོང་ངོ་། །ཉི་མ་དྲོད་ཀ་ཙམ་ལ་ཕ་མ་ཡོད་སར་ཁད་ཉེ་བ་ན་སླེབས་པ་དང་། དེ་ནས་སྔར་མེད་པའི་ཞིང་མང་པོ་འདུག་སྟེ། མི་མང་པོ་རྨོས་བྱེད་ཅིང་འདུག་པ་དེའི་ནང་ནས་མི་སྨུག་པོ་རྒྱན་མཆོར་པོ་ཞིག་བཟའ་བཏུང་སྣ་ཚོགས་བྱེད་ཅིང་འདུག་པ་དེ་ན་རེ། བུ་མོ་ཁྱོད་གང་ནས་ཡོང་ཟེར། ས་ཐག་རིང་པོ་ཞིག་ནས་ཡིན་བྱས་པས། ད་གར་འགྲོ་ཟེར། རི་ཟུར་དེའི་རྒྱབ་ན་བདག་གི་ཕ་མ་རྒན་རྒོན་གཉིས་ཡོད་པ་ཁམས་ཨེ་བཟང་བལྟ་བར་འགྲོ་བྱས་པས། འོ་ན་དེའི་བུ་མོ་ཡིན་ནམ་ཟེར། ཡིན་བྱས་པས། འོ་ན་ང་ཡང་དེའི་བུ་ཡིན། ང་ལ་ཨ་ལྕེ་གཅིག་ཡོད་ཟེར་བ་དེ་ཁྱེད་ཡིན་པ་འདུག །འདིར་སྡོད་ལ་བཟའ་འཐུང་གྱིས་ཟེར། དེ་ནས་ཕྱིན་པས་ཁང་པ་གཟི་བརྗིད་ཤིན་ཏུ་ཆེ་བ་རྒྱལ་པོའི་ཕོ་བྲང་ལས་ལྷག་པ་རྒྱལ་མཚན་དང་འཕན་གྱིས་བརྒྱན་པ་ཞིག་འདུག་གོ །དེའི་གཞོག་འཕགས་པའི་སྐུ་དེ་བཞུགས་པའི་ལྷ་ཁང་དེ་ཡང་སྔར་ལས་ཆེས་འཕགས་པ་གསེར་ཏོག་གིས་བརྒྱན་པ་འཕན་དང་དྲིལ་བུ་གཡེར་ཁའི་སྒྲ་སྒྲོག་པ་ཞིག་འདུག་པ་རྣམས་སུའི་ཡིན་དྲིས་པས། འདི་རྣམས་ངེད་རང་གི་ཡིན་ཞིང་རྗེས་སུ་མཁར་ལས་བྱས་པ་ཡིན། ཕ་མ་གཉིས་ཀྱང་དར་ཟབ་ཀྱི་འབོལ་ལ་བསྡད་འདུག །བུ་མོ་དེ་མཐོང་བ་དང་ཁྱོད་ཁམས་བཟང་ངམ། ངེད་གཉིས་མ་ཤི་ལ་འཕྲད་པ་དགའ་ཟེར། བུ་མོས་རྒྱུ་མཚན་རྣམས་ཞིབ་ཏུ་བཤད། རྒྱལ་བློན་འབངས་རྣམས་ཀྱི་འདི་བཞིན་ཟེར་བྱུང་སྨྲས་པས། ཕ་ན་རེ། འོ་ན་རྒྱལ་པོ་འཁོར་བཅས་གདན་འདྲེན་དགོས་ཟེར། དེ་ལྟར་རྒྱལ་པོ་འཁོར་བཅས་གདན་དྲངས་ནས་ལོངས་སྤྱོད་ཕུན་སུམ་ཚོགས་པའི་ཞབས་ཏོག་ཞག་གསུམ་ཞུས་པས་ཐུགས་ཤིན་ཏུ་དགྱེས་ནས་བཙུན་མོ་ལ་ཕ་མིང་མེད་ཟེར་བ་མི་བདེན་པ་འདུག་ཟེར་ཏེ་རྒྱལ་བློན་འཁོར་བཅས་ཡིད་ཆེས་ནས་བཞུད་དོ།།
དེར་བཙུན་མོས་ཕ་མ་འབྲལ་མི་ཕོད་པར་ཞག་གཅིག་ཕྱིར་འཐེན་བྱས་ནས་བསྡད་དེ་གཏམ་གྱིས་འཚིམས་པར་བྱས་སོ། །སང་ཐོ་རང་ཉལ་བའི་སྔས་མཁྲེགས་ཤིང་འོག་གྲང་བ་ཞིག་བྱུང་བས། ཅི་ཡིན་མདང་ནི་ཕ་མ་དང་ལྷན་དུ་ཡོད། ཅི་ཡིན་མ་གོ་སངས་བྱས་པས་ཅི་ཡང་མི་འདུག་སྟེ། སྔར་གྱི་ཁང་ཆུང་དེ་ཡང་ཞིག་ཕ་མ་གཉིས་ཀྱང་ཤི་ནས་གོ་ཀ་ན་རུས་པ་ཁྲོལ་ལེར་འདུག །སྔས་ལ་རྡོ་ལེབ་མིན་པ་གཞན་མི་འདུག་ཅིང་གཅིག་པུར་ཉལ་འདུག་པས་ཡིད་ཤིན་ཏུ་མ་དགའ་ཞིང་། ད་ཆོས་ཁང་ལ་བལྟ་བོ་སྙམ་ཡོང་བས། དེ་ཡང་ཞིག་ནས་མི་འདུག །འཕགས་པའི་སྐུ་དེ་ཡང་ཞིག་འདུག་པ། དེ་ནས་མོའི་བསམ་པ་ལ་འཕགས་པས་སྤྲུལ་པ་མཛད། ངའི་ཕ་མིང་མཛད་པ་ཡིན་འདུག །ད་རྒྱལ་པོ་འཁོར་བཅས་དགྱེས་ཡོད་པས་དེར་འགྲོ་བསམ་ཕྱིན་པ་དང་། བློན་འབངས་རྣམས་ཀྱིས་བཙུན་མོ་རྒྱང་རིང་བར་ནས་བྱུང་བ་མཐོང་བ་དང་བཙུན་མོ་འདིའི་ཕ་མ་སྟོབས་ཆེ་ཞིང་། སྲས་རྣམས་ཀྱང་སྐུ་འབྲས་གཙང་བ། བཙུན་མོ་རང་ཡང་སྐུ་འབྲས་ཕུན་སུམ་ཚོགས་པ་ཡིན་ཟེར། བསུ་བ་རྒྱ་ཆེན་པོ་བྱས། དེ་ནས་ཕོ་བྲང་དུ་བྱོན་ནོ་བྱས་པས། རྒྱལ་པོ་བདེ་བྱེད་བཟང་པོས། དེ་འདྲའི་བུ་མོའི་བསོད་ནམས་ཆེ་བ་ལ་བྱས་པས། རྒྱལ་པོའི་ཁ་ནས་གཏམ་བྱུང་ཟེར་ཤོར་རོ། །རོ་དངོས་གྲུབ་ཅན་གྱི་སྒྲུང་ལས་དགོས་བསིར་སྒྲོལ་མའི་ལེའུ་སྟེ་བཅུ་གཅིག་པའོ།། །།

༈ དེ་ནས་ཡང་བསིལ་བའི་ཚལ་ནས་རོ་ལེན་པར་ཕྱིན་ཁུར་ཡོང་བས། ཡང་རོས་སྒྲུང་འདི་བཏང་ངོ་། །འོ་ན་དང་པོ་ཙ་ན། ཡུལ་མེ་ཏོག་གིས་བརྒྱན་པ་ཤིན་ཏུ་སྐྱིད་པ་མཐའ་སྐོར་ཐམས་ཅད་ལ་ཨ་འབྲས་དང་། ཙན་དན་གུར་གུམ་ལ་སོགས་ཤིང་སྣ་ཚོགས་དང་ཆུ་བོའི་རྒྱུན་དལ་བུར་བབས་པའི་དབུས་ན་ཕོ་བྲང་གསེར་ལྡན་ཞེས་བྱ་བ་མཐའ་གྲོང་གིས་བསྐོར་བ་ཞིག་ཡོད་དོ། །དེ་ན་རྒྱལ་པོ་བྱིས་པའི་བློ་ཅན་ཞེས་བྱ་བ་ཞིག་ཡོད་པས། ནམ་ཞིག་འབངས་དྲན་གསལ་ཞེས་བྱ་བ་ཞིག་ཡོད་པ་ལ་ཁྱོད་དྲན་པ་གསལ་པོ་ཡོད་ཟེར་བ་དེ་བདེན་པ་ཡིན་ན་ངའི་བླ་གཡུ་འདི་རྐུ་ཐུབ་པ་གྱིས། རྐུ་ཐུབ་ན་ཁྱོད་ལ་བྱ་དགའ་ཆེན་པོ་སྟེར། མ་ཐུབ་ན་ཁྱོད་རང་གི་གཞིས་འཕྲོག་ཅིང་ཡུལ་ནས་འདོན་ཟེར། དེས་མི་བྱེད་པའི་རྒྱུ་མཚན་ཕུལ་ཡང་མ་གནང་ངོ་།།
ཚེས་བཅོ་ལྔའི་དགོང་མོར་རྐུ་བར་དམ་བཅས། དེ་ནས་རྒྱལ་པོས་གཡུ་ཀ་བ་ལ་བཏགས་ཤིང་སྒོ་མི་གཅད་པར་འཆད། དེ་ནས་མི་དྲན་གསལ་ཟེར་བ་དེས་ཚེས་བཅོ་ལྔའི་ཕྱི་དྲོར་འབྲས་ཆང་ཤིན་ཏུ་གར་བ་ཞིག་ཐོགས་ནས་ཕྱིན་པ་དང་། རྒྱལ་པོའི་རྟ་རྫི་རྣམས་སྒོ་དྲུང་དུ་འདུག་པ་ལ་ཆང་བྱིན། ད་སང་གཡུ་གར་རྐུ་ཐུབ་རྒྱལ་པོས་ནི་གསན་དུ་མ་ཐུབ་བྱས་ཏེ། དེ་རྣམས་བཟི་བར་བྱས་སོ། །དེ་ནས་སེམས་ཅན་གྱི་གྲོད་པ་སྐམ་རྙིད་གཅིག །སོག་མའི་ཞྭ་གཅིག་ཆུ་རྡོ་གསུམ་ཐོགས་ནས་གུང་མཚམས་ལ་ཕོ་བྲང་དུ་ཕྱིན་པས་སྒོ་དྲུང་ན་རྟ་རྫི་རྣམས་རྟ་ལ་བསྐྱོན་ནས་བཞག་འདུག་པ་རྣམས་གཉིད་ཁུག་འདུག་པས། གླགས་བརྙེད་ནས་རེ་རེ་ནས་རྟ་གོང་ནས་ཕབ་ནས་གྱང་རེར་བསྐྱོན་ནས་བཞག་གོ །དེ་ནས་ནང་དུ་ཕྱིན་པ་དང་། གཡོག་མོ་རྣམས་སྐེ་རགས་མ་དཀྲོལ་བར་མེ་འབུད་ཆོག་པ་བྱས་གཉིད་དུ་སོང་འདུག་པ་མེ་ལ་ཉེ་ཤོས་མའི་མགོ་ལ་སོག་མའི་ཞྭ་དེ་བཀོན། དེའི་གཞོག་ན་ཡོད་པ་དེའི་ཕུ་ཐུང་ནང་དུ་ཆུ་རྡོ་གསུམ་བཅུག །དེ་ནས་ཚོམས་སུ་ཕྱིན་པ་དང་། རྒྱལ་པོ་མནལ་དུ་སོང་འདུག་པའི་དབུ་ལ་གྲོད་པ་སྐམ་རྙིད་དེ་གཡོགས། གཡུ་ཀ་བ་ལ་བཀལ་འདུག་པའི་མཐར་མིས་བསྐོར་ནས་འདུག་པའི་མཐའ་མི་རྣམས་ཀྱི་ལྟག་ཚར་སྦྲེལ་ནས་བཞག་གོ །དེར་ཁོས་ཀ་བ་ནས་གཡུ་དཀྲོལ་ནས་ཐོགས་ཏེ་སྐས་ལ་རྡིག་སྒྲ་དང་བཅས་བྲོས་པས་ཐམས་ཅད་ནས་རྐུན་མ་བྱུང་ཟེར། ལྟག་ཚར་རྣམས་སྦྲེལ་བས་ངའི་སྐྲ་ནས་མ་འཐེན་ཟེར་ཐམས་ཅད་ཕར་འཐེན་ཚུར་འཐེན་བྱེད། རྒྱལ་པོས་རྟབ་རྟབ་པོར་མགྱོགས་པར་རྒྱུགས་ཟེར། གཡུ་བརླགས་པ་ལས་ང་རང་གི་མགོ་ཡང་སྐམ་འདུག་ཟེར། གཡོག་མོ་ལ་མེ་འབུད་བྱས་པས་མེ་བུས་པས་སོག་མའི་ཞྭ་ལ་མེ་འབར་ཏེ་ཚིག །གཡོག་མོ་གཞན་རྣམས་ཀྱི་གཡབ་རྒྱག་བརྒྱབ་པས། ཆུ་རྡོ་ཕུ་ཐུང་ནས་གཟར་ཏེ་མགོར་རྨ་གསུམ་བྱུང་། གཡོག་མོས་རྗེས་ལ་མི་འགྲོ་བར་རྨ་བཅོས་བྱེད་དོ།།
དེ་ནས་རྟ་རྫི་རྣམས་ལ་རྐུན་མ་ཟུངས་ཤོག་བྱས་པས། ཆང་གི་བཟི་བའི་དབང་གིས་གྱང་ལ་རྡོག་ཁྲབ་བྱེད་པ་ཙམ་མིན་པ་གཞན་བྱེད་རྒྱུ་མ་བྱུང་། ཁོས་གཡུ་ཐོགས་ཏེ་རང་གི་སར་ཕྱིན་ཏོ། །སང་དེར་བླ་གཡུ་འཁྱེར་ནས་རྒྱལ་པོའི་དྲུང་དུ་ཕྱིན་པས། རྒྱལ་པོ་ཐུགས་ཁྲོས་ནས་འདུག །མི་དྲན་གསལ་ན་རེ། ཐུགས་མ་ལོག་གཡུ་འབུལ་ཞུས་པས། གཡུ་གང་དགའ་གྱིས། མདང་ཁ་ངན་ངེ་བ་ཡིན་ཏེ། ཁྱོད་ཀྱིས་ངའི་མགོ་ལ་གྲོད་པ་སྐམ་རྙིད་གཡོགས་པས། མགོ་སྐམ་འདུག་བསམས་བྲེད་བྱུང་། འདི་མི་འོས་པས་ཁྲིམས་རར་ཆུག་ལ་སྐེ་བྲེག་ཟེར་བས། མི་དྲན་གསལ་གྱི་བསམ་པ་ལ། ངས་གང་བྱས་ཀྱང་རྒྱལ་པོ་འདིས་སྐྱིད་དུ་མི་སྟེར་བ་འདུག་བསམས་ནས། འཚིག་པ་བཟོས་ནས་བླ་གཡུ་བྲག་ལ་བརྡབས་པས། རྒྱལ་པོ་སྣ་ཁྲག་འཁྲུལ་ལེར་ཤིའོ་བྱས་པས། རྒྱལ་པོ་བདེ་བྱེད་བཟང་པོས་དེ་འདྲའི་རྒྱལ་པོ་དཔྲ་འཆལ་ཟེར་ཤོར་བས། རྒྱལ་པོའི་ཁ་ནས་གཏམ་བྱུང་ཟེར་ཤོར་རོ། །རོ་དངོས་གྲུབ་ཅན་གྱི་སྒྲུང་ལས། རྒྱལ་པོ་བྱིས་པའི་བློ་ཅན་གྱི་ལེའུ་སྟེ་བཅུ་གཉིས་པའོ།། །།

༈ དེ་ནས་ཡང་བསིལ་བའི་ཚལ་ནས་རོ་ལེན་པར་ཕྱིན་འཁུར་ཡོང་བས། ཁྱོད་རང་སྒྲུང་གཏོང་ན་མགོ་སྒུར་གྱིས། ངས་གཏོང་ན་མགོ་གྱེན་གྱིས་ཟེར། རྒྱལ་པོས་མགོ་གྱེན་བྱས་པས། འོ་ན་དང་པོ་ཙ་ན། ཡུལ་མཐའ་འཁོབ་ཅིག་ན་ཕོ་ཧྲེང་བ་གཅིག་ཡོད་དེ། ནམ་ཞིག་ཁོ་རང་གི་ཞིང་གཅིག་ཡོད་པ་དེ་སྣམ་དོས་གསུམ་དང་བརྒྱབ་སྟེ་བོང་བུ་གཅིག་ལ་བཀལ་ཏེ། ཡུལ་གཞན་ཞིག་ཏུ་སོང་ངོ་། །སོང་བ་དང་ལམ་སྲང་གཅིག་ལ་བྱིས་པ་མང་པོས་བྱི་བ་གཅིག་བཟུང་ནས་དེའི་སྐེ་ལ་ཐི་གུ་བཏགས་ནས་ཆུར་འཇུག་པ་དང་། འདྲུད་པ་ལ་སོགས་མང་པོ་བྱེད་ཅིང་འདུག་པས། སྙིང་རྗེ་དྲག་པོ་སྐྱེས་ཏེ། བྱིས་པ་ཚོ་སྡིག་པ་ཆེ་བས་བྱི་བ་འདི་ཐོངས་བྱས་པས། བྱིས་པ་རྣམས་ན་རེ། འདི་ངེད་རང་རྣམས་ལ་དགོས་ནས་བཟུང་བ་ཡིན། མི་དཔྲ་འཆལ་ཞིག་འདུག་ཟེར། ངས་བླུས་ལ་གཞལ་གྱིས་ཟེར་ནས་སྣམ་དོས་གཅིག་སྤྲད་ནས་བྱི་བ་དེ་རྩིག་དབྲག་ལ་བཏང་ངོ་། །ཡང་ཕྱིན་པ་དང་ལམ་མདོ་གཅིག་ན་བྱིས་པ་མང་པོས་སྤྲེལ་ཕྲུག་གཅིག་བཟུང་ནས་སྤྲེལ་རྩེད་མི་ཤེས་བཞིན་དབྱུག་པས་བརྡུང་གིན་འདུག་པས། སྙིང་རྗེས་ཐོངས་སྨྲས་པས། གཏོང་མ་ཉན་པས་སྣམ་དོས་གཅིག་སྤྲད་ནས་ནགས་གསེབ་ཏུ་བཏང་ངོ་།།
ཡང་ཕྱིན་པའི་གྲོང་ཁྱེར་གྱི་བཞི་མདོ་ན་བྱིས་པ་མང་པོས་དོམ་ཕྲུག་གཅིག་བཟུང་འདུག་སྟེ། ཞོན་པ་སོགས་སྣ་ཚོགས་བྱེད་ཀྱི་འདུག་པས། སྙིང་རྗེ་དྲགས་ལ་མ་བཟོད་དེ་སྣམ་དོས་གཅིག་པོ་དེ་ཡང་སྤྲད་དེ་ནགས་གསེབ་ཏུ་བཏང་ངོ་། །དེ་ནས་ཁོ་ལ་སྣམ་བུ་མེད་ནས་བོང་བུ་དེ་དེད་དེ་སོང་བ་ལས། ཁོའི་བསམ་པ་ལ་བདག་གི་ཚོང་ལ་ཡོང་བ་ཡིན་ནའང་ད་ནི་ཚོང་མེད་པས་ཐབས་གཞན་མེད། རྒྱལ་པོའི་ཕོ་བྲང་དུ་རྐུན་མ་བྱེད་བསམ་མོ། །བོང་བུ་ནགས་མཐུག་པོ་ལ་བཏགས་ཏེ། རྒྱལ་པོའི་ཕོ་བྲང་དུ་སྒོའི་བསང་ཤོར་ནས་ཕྱིན་པ་དང་། ཕྱག་མཛོད་ཁང་ནས་དར་གཟབ་ཀྱི་ཕྲེད་པོ་བརྐུས་ནས་ཡོང་བས། སྒོ་དྲུང་དུ་བཙུན་མོ་དང་འཕྲད་དེ། ཀྱེ་མ་མི་འདིས་ཕོ་བྲང་དུ་རྐུན་མ་བྱས་སོ་ཞེས་ཀུ་ཅོ་བཏོན་པས་མི་རྣམས་འདུས་ཏེ་བཟུང་ངོ་། །རྒྱལ་པོ་ན་རེ། ཤིང་སྒམ་འགྲིགས་ལ་དེའི་ནང་དུ་བཅུག་ནས་ལྕགས་གཟེར་ཐོབ་ལ་ཆུ་གཞུང་ལ་དོར་ཅིག་ཅེས་གསུངས་པས་ཆུ་ལ་དོར་རོ། །ཆུ་དེ་བདས་པས་མཐར་སའི་དབུས་ཀྱི་ཚལ་ཞིག་ཏུ་ཆགས་པ་དང་། དབུགས་འཐུམ་ནས་འཆི་བར་ཡོད་འདུག་པ་ལས། ནམ་ཞིག་སྒྲོམ་གྱི་ཁ་ནས་འཕྲད་མཁན་ཞིག་བྱུང་སྟེ། ཅུང་ཟད་ཐོན་ནས་བལྟས་པས་སྔར་ཁོ་རང་གིས་སྣམ་བུ་སྤྲད་ནས་བསླུས་པའི་བྱི་བ་དེ་ཡིན་པར་འདུག །བྱི་བ་ན་རེ། སེམས་ལྷོད་གྱིས་ངེས་གྲོགས་པོ་གཉིས་བཀུག་ཡོང་ཟེར་ནས་སོང་། །དེར་དབུག་ཐོན་ནས་མ་ཤི་བ་དང་། བྱི་བས་སྤྲེའུ་རྩར་ཕྱིན་ནས་རྒྱུ་མཚན་བཤད་པས། སྤྲེའུ་དེས་ཀྱང་ཡོང་ནས་སྒམ་དཀྲུག་པས་ཕལ་ཆེར་འཕྲལ་ལོ།།
དེ་ནས་དོམ་བྱུང་སྟེ་སྒམ་གཤགས་འཕྲལ་སྤང་ལེབ་ཀྱི་སྟེང་དུ་སྟོན་ནོ། །དེ་ནས་ཁོ་གསུམ་གྱིས་ཤིང་ཏོག་དང་བཅས་པའི་ཁ་ཟས་བསྐྱལ་བ་ཟ་ཞིང་ཆུ་ལ་མ་ཐར་བས་ཚལ་དེར་བསྡད་དོ། །དུས་ནམ་ཞིག་མཚན་མོར་གྱུར་པ་ན་ཕ་རིའི་ཐང་དེའི་དཀྱིལ་ན་འོད་ཤིན་ཏུ་ཆེ་བ་ཞིག་འདུག་པས། སྤྲེའུ་བལྟ་བར་བཏང་བས་ཡིད་བཞིན་ནོར་བུ་བྱ་སེར་གྱི་སྒོ་ང་ཙམ་ཞིག་རྙེད་ནས་བྲམ་ཟེའི་ཁྱེའུའི་ལག་ཏུ་བྱུང་བ་དང་། ཆུ་ཕ་རིར་སླེབས་པའི་སྨོན་ལམ་བཏབ་པས། དེ་ག་བཞིན་བྱུང་སྟེ་ཐང་གི་དཀྱིལ་དུ་མཁར་ལས་བརྒྱབ་ཅེས་ཐོག་དེ་ལ་རྟ་ར་དང་ཀླུ་ཁང་ཐོག་པ་དེའི་མཐར་ཞིང་གིས་བསྐོར་བ་ཤིང་སྣ་ཚོགས་སྐྱེས་པ། བདུད་རྩིའི་ཆུ་མིག་ཡོད་པ། ནང་ཐམས་ཅད་ནོར་གྱིས་ཁེངས་པ་གཅིག་ཏུ་སྨོན་ལམ་རྒྱ་ཆེར་བཏབ་ནས། མིག་ཁ་ཕྱེ་ནས་བལྟས་པས་གང་བསམ་པ་བཞིན་བྱུང་སྟེ། དེར་སྐྱིད་པར་ཡོད་པ་ལ། དུས་ལན་གཅིག་ཚོང་པ་དལ་ཆེན་པོ་ཞིག་བྱུང་སྟེ། ཐམས་ཅད་ངོ་མཚར་སྐྱེས་ནས་ཅི་ཟེར་དང་པོ་ཐང་སྟོང་པ་ཞིག་ཡོད་པ་ལ། ད་འདི་འདྲ་བ་ཡ་མཚན་ཟེར། ཚོང་དཔོན་དེ་བྲམ་ཟེ་ཁྱེའུའི་གམ་དུ་བྱུང་སྟེ་དྲིས་པས་རྒྱུ་མཚན་ཞིབ་ཏུ་བརྗོད་ཅིང་ནོར་བུ་བསྟན་པས། ཚོང་དཔོན་ན་རེ། ཁྱེད་ཕུན་སུམ་ཚོགས་པ་འདུག་པ་དེས་ཆོག་ཚོང་དལ་འདིའི་སྟེང་ལ་ཁལ་འོས་ཁལ་རྣམས་ཁྱེད་ལ་འབུལ། ནོར་བུ་འདི་བདག་ལ་ཞུ་བྱས་པས་རུང་ཟེར། ཡིད་བཞིན་ནོར་བུ་ཚོང་དཔོན་ལ་བསྐུར་ཏེ། བྲམ་ཟེའི་བུས་དར་གཟབ་ལ་སོགས་པའི་སྟེང་དུ་ཉལ་བས། སང་ཞོགས་དེ་སྔ་བར་གཉིད་ཀྱི་ངང་ལ་མལ་ས་མཁྲེགས་ཤིང་གྲང་བ་འདུག་ཅིང་གཉིད་སད་པས་ཁང་པ་དང་ནོར་དངོས་པོ་ཅིས་ཀྱང་མི་འདུག་ཅིང་། སྔར་གྱི་ཆུའི་ཚལ་པ་ན། ཁོང་གསུམ་བྱུང་སྟེ། ཅི་ཉེས་ཟེར། རྒྱུ་མཚན་བཤད་པས་ཁྱོད་འདྲ་ཅོལ་ཆུང་ནོར་བུ་མི་ལ་བསྐུར་མཁན་གར་ཡོད། ད་ངེད་གསུམ་ཕྱིན་ནས་ཨེ་ལེན་བལྟ་ཟེར་ནས་སོང་ངོ་།།
དེར་ཕྱིན་པ་དང་། ཚོང་དཔོན་ནི་སྟོབས་ཕུན་སུམ་ཚོགས་པར་གྱུར་ཅིང་། སྒོའི་རྩ་ནས་དོམ་དང་སྤྲེའུ་ནི་མ་ཐར། བྱི་བ་ནོར་བུ་གར་བཞག་བལྟ་བར་བཏང་བས། བྱི་བས་ཡག་ཤིང་བུག་པ་ལ་འཛུལ་ནས་བལྟ་བར་ཕྱིན་པས། ཁང་པ་ཞལ་བྱས་པ་གཅིག་ན་ཚོང་དཔོན་ཉལ་འདུག །ཁྱིམ་དེའི་སྦུག་ན་འབྲས་ཀྱི་ཕུང་པོ་གཅིག་འདུག །དེ་ལ་མདའ་བཙུགས་མདའི་རྩེ་ལ་ནོར་བུ་བཏགས། འབྲས་ཕུང་པོའི་གཤམ་ན་བྱི་ལ་གཉིས་བཏག་འདུག །ནོར་བུའི་རྩར་འགྲོ་མ་ནུས་ཏེ་གྲོགས་པོ་གཉིས་ཀྱི་རྩར་ཡོང་ནས་རྒྱུ་མཚན་བཤད་པས། དོམ་ན་རེ་ཐབས་མེད་ལོག་འགྲོ་ཟེར། སྤྲེའུ་ན་རེ་ད་ཐབས་གཅིག་ང་ལ་ཡོད་ཟེར། བྱི་བ་རང་སོང་ལས་དོ་ནུབ་ཚོང་དཔོན་གྱི་རལ་པ་ཐམས་ཅད་བཏུབ་ཤོག །དེ་བྱས་པ་དང་སང་དགོང་ནས་བྱི་ལ་ངའི་སྔས་མགོར་ཐོགས་ཟེར་ཡོང་། དེ་བྱུང་བ་དང་ཡིད་བཞིན་ནོར་བུ་ཞུས་པས་ཆོག་ཟེར། དེ་ག་བཞིན་བྱས་ཏེ་ཁོའི་རལ་པ་བཏུབ་པས། སང་ཞོག་དེར་ཚོང་དཔོན་གཉིད་སད་པ་དང་། མགོ་སང་བྱས་པས་རལ་པ་རྣམས་ཉིལ་བྱུང་བས། མགོ་ཡང་ཆུང་ངུར་སོང་བ་དང་རྟོག་པ་བཟོས་ནས་མདང་བྱི་བས་ངའི་རལ་པ་བཏུབ་འདུག །དེ་རིང་རིམ་གྲོ་བཟང་པོ་གྱིས་ཟེར། རལ་པ་ལྷག་འདི་བསྲུང་དགོས་འདུག་པས་བྱི་ལ་ངའི་སྔས་སྲུང་དུ་གཉིས་ཀ་ཐོགས་ཟེར། དེ་ནས་དེའི་དགོང་མོ་དོམ་དང་སྤྲེའུ་གཉིས་ཀྱི་སྒོ་དྲུང་དུ་བསྒུགས་བྱི་བ་ཡིད་བཞིན་ནོར་བུ་རྐུ་བར་བཏང་ངོ་།།
བྱི་བས་ཕྱིན་པ་དང་འབྲས་ཕུང་གི་རྩ་ན་བྱི་ལ་མི་འདུག་པར། དགའ་ནས་ནོར་བུ་བླང་པར་བརྩམ་པ་དང་། ཡང་མདའ་ལ་མ་འཁྱོག་སྟེ་སྟོང་ལོག་བྱས་སོ། །དོམ་ན་རེ་ཐབས་མེད་ལོག་འགྲོ་ཟེར། སྤྲེའུ་ན་རེ་ད་འགྲིགས། ཁྱོད་རང་སོང་ལས་མདའ་མ་འཁྱོག་ན་མདའི་གཤམ་གྱི་འབྲས་ཕུང་དྲུས་ན་མདའ་འགྱེལ་ཡོང་། དེ་ནས་ནོར་བུ་བསྒྲིལ་ཤོག་ཟེར། བྱི་བས་དེ་ག་བྱས་ནས་ནོར་བུ་བསྒྲིལ་ནས་ར་བར་བསྐྱུར་ནས་སྒོ་དྲུང་དུ་བསྒྲིལ། གཡའ་ཤིང་གི་རྩར་ཚུན་བསྒྲིལ་བས། ཡང་འཐེན་མ་ཐུབ་པས་ཐང་ཆད་པ་ཞིག་བྱས་ལོག་བྱུང་བས། བྱི་བ་ན་རེ། འདིའི་ནང་གཡའ་ཤིང་བུ་གའི་རྩ་ན་སླེབས་ཡོད། དེ་ནས་འདྲེན་མི་ཐུབ་པ་འདུག་ཟེར། དོམ་ན་རེ། སྤྲེའུ་དང་ང་གཉིས་གཡའ་ཤིང་བུག་པ་ལ་མི་གཤོང་། ད་ཐབས་མེད་ཟེར། སྤྲེའུ་ན་རེ། ཐབས་ཡོད་ཟེར། བྱི་བའི་མཇུག་མ་ལ་སྐུད་པ་བཏགས་ཏེ་བྱི་བ་རང་ཡིད་བཞིན་ནོར་བུ་ལ་སུག་པ་བཞིས་འཁྱུད་ལ་ངས་སྐུད་པ་ནས་འཐེན་ནོ་ཟེར། དེ་བཞིན་བྱས་པས་བྱི་བ་དང་ནོར་བུ་མཉམ་དུ་བྱུང་ངོ་། །དེ་ནས་བྱི་བ་ཐང་ཆད་ཡོད། དོམ་ལ་སྤྲེའུ་བཞོན་སྤྲེའུ་རྣ་བར་བྱི་བ་ཉལ། ནོར་བུ་རིན་པོ་ཆེ་སྤྲེའུའི་ཁར་བཅུག་སྟེ་སོང་ངོ་། །དེའི་ལམ་ཞིག་ན་ཆུ་སྐེད་ནུབ་ཙམ་ཞིག་འདུག་དེ་བརྒལ་བ་དང་དོམ་གྱི་བསམ་པ་ལ་སྤྲེའུ་ནོར་བུ་དང་བཅས་པ་འཁུར་བ་ཡིན་པས། ང་རང་འཕྲང་མ་ལ་བྱས་པས་བྱི་བ་གཉིད་ལ་སོང་། སྤྲེའུས་ལན་འཇལ་བ་ལ་ཁ་ནས་ནོར་བུ་དོན་ཐོག་ལན་མ་བྱུང་བས་དོམ་ཁྲོས་ཏེ། ཁྱོད་གཉིས་ལན་མི་སྟེར་ན་ཆུའི་དཀྱིལ་དུ་སྐྱུར་རོ། །བྱས་པས། སྤྲེའུས་མ་བསྐྱུར་བྱས་པས། ནོར་བུ་ཁ་ནས་དོན་ཆུ་ནང་དུ་དྲུལ་ལོ།།
དེ་ནས་ཁོང་རྣམས་ཆུའི་མཐར་ཐོན་པ་དང་། དོམ་ལ་སྤྲེའུས་ཁ་གྱོད་བྱས་ཏེ་དོམ་ཟེར་བའི་སེམས་ཅན་ཁྱོད་ནོར་བ་གཅིག་འདུག་ཟེར། དེ་བྱི་བས་ཐོས་པ་དང་ཅི་བྱས་ཟེར། དེ་བཞིན་བྱས་སྨྲས་པས། ད་ཆུག་བྱེད་ཟེར། དོམ་ན་རེ། དངོས་ཆས་མི་འདུག་ལོག་འགྲོ་ཟེར། ཆུའི་དཀྱིལ་ནས་མི་རྙེད་ཟེར་བ་ལ། བྱི་བ་ན་རེ། ངས་ཐབས་ཤིག་ངེས་པར་ཨེ་འདུག་ལྟའོ། །ཁྱོད་རང་གཉིས་ཕ་ཚད་དུ་སྡོད་ཅིག་ཟེར། བྱི་བས་ཆུ་འགྲམ་ལ་རྩིག་རྩིག་ཟེར་ཡར་རྒྱུག་མར་རྒྱུག་བྱས་པས། ཆུ་ནང་སེམས་ཅན་ཐམས་ཅད་བྱུང་ནས་བྱི་བ་ཁྱོད་འདི་འདྲའི་བྲེལ་བ་ཅི་ཡིན་ཟེར། བྱི་བ་ན་རེ། ཁྱེད་ཚོས་མ་ཐོས་པ་ཡིན་ནམ། སྐམ་སྐམ་ལ་མི་ཆགས། གཤེར་གཤེར་ལ་མི་འཇོག་པའི་དམག་ཡོང་བར་འདུག་བྱས་པས། འོ་ན་ཅི་འཐད་ཟེར། གཞན་ཐབས་མེད་སྐམ་གཤེར་མཚམས་འདིར་རྫོང་རྩིག་པ་དྲག་ཟེར། དེ་ནས་བྱས་ཏེ་ཆུ་ནང་ནས་ཡོད་པའི་སེམས་ཅན་ཐམས་ཅད་གྱིས་རྡོ་བསྐྱལ། བྱི་བས་རྡོ་བཟོ་བྱས། མཐོ་གང་ཙམ་ཐེབས་པ་དང་། སྦལ་པ་ཆེན་པོ་ཞིག་གི་ནོར་བུ་བསྒྲིལ་བྱུང་སྟེ། རྡོ་གཅིག་ལ་འདི་ལས་ལྕི་བ་མ་བྱུང་ཟེར། དེ་འཕྲལ་བྱི་བས་སྤྲེའུ་འབོད་དེ་འདི་ནས་ནོར་བུ་ཡོད་དོ་བྱས་པས། སྤྲེའུ་དགའ་དྲགས་ནས་བྱི་བ་རིག་པ་རྣོ་ཟེར་ནས་ནོར་བུ་ཁར་བཅུག །བྱི་བ་རྣ་བར་བཅུག་ནས་དོམ་ལ་ཞོན་ཏེ་ཕྱིན་ཏོ། །ཕྱིན་ནས་བྲམ་ཟེའི་བུའི་རྩར་སླེབས། བྲམ་ཟེ་ལྟོགས་རིད་ཀྱིས་ཤི་ལ་ཁད་འདུག །སྤྲེའུའི་ནོར་བུ་སྤྲད་པས་གྲོགས་པོ་དྲིན་ཆེ་ཟེར། ཆུ་ཕ་རིར་ཕྱིན་ཏེ་སྔར་བཞིན་སྨོན་ལམ་བཏབ་པས་ཁང་པ་རྒྱལ་པོའི་ཕོ་བྲང་ལས་ལྷག་པ། མངའ་ཞབས་བསམ་གྱིས་མི་ཁྱབ་པ། ཤིང་སྣ་ཚོགས་ཀྱིས་སྤྲས་པར་བྱ་བྱེའུ་དུ་མས་དུས་རྟག་ཏུ་སྐད་སྙན་སྒྲོག་པ། མེ་ཏོག་སྣ་ཚོགས་བཀྲ་བ། འབྲས་བུ་མངར་བ། དགུན་གྱི་མིང་ཡང་མེད་ཅིང་། ལོངས་སྤྱོད་ཕུན་སུམ་ཚོགས་པ་བྱུང་བ་དང་། ནོར་བུ་རིན་པོ་ཆེ་ལ་གསོལ་བ་བཏབ་སྟེ། ཡིད་བཞིན་ནོར་བུ་ཡིན་ངེས་དང་། ང་ལ་ཆུང་མ་མེད་པས་ལྷའི་ཡུལ་ནས་ཚངས་པའི་བུ་མོ་ངའི་བཙུན་མོར་ཤོག་ཅིག་བྱས་མ་ཐག་ཏུ་བུ་མོ་འོད་ཟེར་དཔག་ཏུ་མེད་པ་ཞིག་བྱུང་ངོ་། །དེ་དང་དགའ་མགུར་སྤྱད་པས་སྲས་མོ་དགའ་ཞིག་ཀྱང་འཁྲུངས་ཏེ། ལོངས་སྤྱོད་དང་ལྡན་པ་བྱུང་ངོ་། །བྱས་པས། རྒྱལ་པོ་བདེ་བྱེད་བཟང་པོས་ན་རེ། དེ་འདྲའི་མི་བསོད་ནམས་ཆེ་བ་ལ་སྨྲས་པས། རོ་ན་རེ། རྒྱལ་པོས་ནི་ལེགས་སོ་ཟེར་ཏེ། སློབ་དཔོན་ཀླུ་སྒྲུབ་དང་ཐག་ཉེ་བ་ནས་ནམ་མཁའ་ལ་འཕུར་རོ།།
སློབ་དཔོན་ཀླུ་སྒྲུབ་སྙིང་པོའི་ཞལ་ནས་ཁྱོད་ཀྱི་སྙིང་རུས་ལ་སྐྱོན་མེད་རུང་འཛམ་གླིང་སྤྱི་མཐུན་གྱི་བསོད་ནམས་ལ་མ་ཤོང་བ་ཡིན། ཁྱོད་རང་གིས་རོ་དངོས་སྒྲུབ་ཅན་ཐེངས་བཅུ་གསུམ་འཁུར་ཡོང་བས། ཚེ་འདི་ལ་སྟོབས་དང་ལོངས་སྤྱོད་རྒྱལ་པོ་གཞན་གྱིས་འགྲན་མི་ནུས་པ་ཞིག་ཡོང་བ་འདུག་གོ་གསུངས། རོ་དེ་ལོན་ན་དམ་བཅའ་སྒྲུབ་བྱས་ན་འཛམ་བུ་གླིང་ལ་ཚེ་ལོ་སྟོང་ཐུབ་པའི་དངོས་གྲུབ་ཡོང་བ་ཡོད་དེ། སྤྱི་མཐུན་གྱི་བསོད་ནམས་ལ་མ་ཤོང་བ་ཡིན་གསུངས། རོ་དངོས་གྲུབ་ཅན་གྱི་སྒྲུང་ལས་བྲམ་ཟེའི་ཁྱེའུ་རྒྱལ་པོར་གྱུར་པའི་ལེའུ་སྟེ་བཅུ་གསུམ་པ་རྫོགས་སོ།། །།

༈ རོ་དངོས་གྲུབ་ཅན་གྱི་སྒྲུང་དཔེ་བྲིས་མ་ལེའུ་ ༡༦ ཡོད་པ་ཞིག་ལོ་མང་སྔོན་ནས་ཐབས་འཚོལ་བགྱིས་ཐུབ་པ་དཔར་འདེབས་ཞུ་འདུན་ཡོད་མུར་སྐབས་དེར་སུ་ཞིག་གིས་ཉིན་ཤས་རིང་གཡར་པོ་དགོས་ནན་ལ་བརྟེན་པས་ཕྲན་ནས་སྔ་གཡར་བཏང་རུང་། རྗེས་སུ་ཕྱིར་ལོག་སྤྲོད་དགོས་ལབ་མཚམས་སྤྲད་ཟིན་ཚུལ་སོགས་ཀྱིས་གང་ལྟར་ལག་སོན་མ་བྱུང་ཡང་། ཁ་སྔོན་མི་རྗེ་གྲོ་རྒྱལ་ཚོང་སྤྱི་ཟུར་པ་དཔལ་ལྡན་མེག་སྒྲོལ་ནེལ་ས་ཧེབ་མཆོག་ལ་རོ་སྒྲུང་ལེའུ་ ༡༣ ཡོད་པ་ཞིག་འདུག་པ་དེ་བཞིན་དཔར་འདེབས་ཆོག་པའི་བཀའ་བཟང་ཐོབ་པ་ཐུགས་རྗེ་ཆེ་བས། ཕྲན་ཁུ་ནུ་མཐར་ཕྱིན་པས་ད་ལམ་དཔར་འདེབས་ཞུས་པ་འདིས་ཀྱང་ཀུན་ཕན་རྣ་བའི་བཅུད་དུ་བསིམ་གྱུར་ཅིག། །།

 

ཡོང་ཁུངས། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་རོ་སྒྲུང་ཕྱོགས་བསྒྲིགས། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༥༥ ནས་ ༦༡༠ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *