༢༽ སློབ་དཔོན་སེངྒེ་བཟང་པོས་ཉི་ཁྲི་ལེ་བརྒྱད་མ་མཛད་ཚུལ།

༢༽ ཉི་ཁྲི་ལེ་བརྒྱད་མ་མཛད་ཚུལ།

 

དེ་ཡང་གཡག་སྟོན་སངས་རྒྱས་དཔལ་ (1350-1414) གྱིས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་དང་དེའི་འགྲེལ་པ་དོན་གསལ་བ་དང་བཅས་པ་ལེགས་པར་བཤད་པ་རིན་ཆེན་བསམ་འཕེལ་དབང་གི་རྒྱལ་པོ་ལས[1]།

སྟོང་ཉིད་སེངྒེའི་ང་རོ་རབ་བསྒྲགས་པས། །

ལོག་རྟོག་རི་དྭགས་ཚོགས་རྣམས་སྐྲག་མཛད་དེ། །

ཡང་དག་ལྟ་བའི་དཔལ་བཟང་རྒྱས་མཛད་པའི། །

འདྲེན་མཆོག་སེངྒེ་བཟང་པོ་རྒྱལ་གྱུར་ཅིག །

ཅེས་བསྟོད་ཕྱག་མཛད་པ་ལྟར། སློབ་དཔོན་སེངྒེ་བཟང་པོས་ཉི་ཁྲི་ལེ་བརྒྱད་མ་ཇི་ལྟར་མཛད་པའི་ཚུལ་ནི། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[2]། ཉི་ཁྲི་ལེ་བརྒྱད་མའི་ལོ་རྒྱུས་ལྟར་ན། རྒྱལ་པོས་བསྐུལ་བའི་འཕྲོས་མེད་པར་པོ་ཏ་ལར་ལན་གསུམ་བྱོན་པའི་དང་པོ་ཁོང་རང་ཉིད་ཀྱི་མཇལ་བའི་དོན་དང༌། གཉིས་པ་མངོན་རྟོགས་རྒྱན་དང་མདོ་མ་མཐུན་པའི་དོགས་གཅོད་ལ་ཝཱ་རཱ་ཎ་སཱིའི་[3]དགེ་འདུན་གྱིས་བཏང་བ་ཡིན་ནའང༌། དེ་མ་ཞུས་པར་འཕགས་པ་ཁ་སརྤ་ཎ་ཉིད་སྤྱན་དྲངས། ཁ་སརྤ་ཎ་ལ་ཞུས་པས། ང་སྤྲུལ་པ་ཡིན་པས་མི་ཤེས་གསུངས་ནས། ལན་གསུམ་པ་དེའི་དོགས་གཅོད་ལ་པོ་ཏ་ལར་བྱོན་ནས་ལེ་བརྒྱད་མ་ཡང་སྤྱན་དྲངས་ཟེར་རོ། །ཞེས་གསུངས་སོ།།

དེ་ཡང་པོ་ཏ་ལ་ནི། ཐང་སན་ (603-664) ལམ་ཡིག་ལས[4]། རི་བོ་པོ་ཏ་ལ། དེའི་ཤར་ཕྱོགས་སུ་མི་རིང་བར་པོ་ཏ་ལ་སྟེ་འཕགས་པ་སྤྱན་རས་གཟིགས་དང་རྗེ་བཙུན་སྒྲོལ་མ་དངོས་སུ་བཞུགས་པའི་གནས་སོ། །རི་དེ་ཤིན་ཏུ་བགྲོད་དཀའ་བ་སྤོ་ལ་མཚོ་ཆུ་ཡན་ལག་བརྒྱད་ལྡན་ཞིག་ཡོད་པ་ལས་ཆུ་མིག་བྱུང་སྟེ་འོག་ཏུ་འབབ་ཅིང་རི་ལ་གཡས་སྐོར་དུ་ལན་ཉི་ཤུ་བསྐོར་ནས་མཐར་ལྷོའི་རྒྱ་མཚོར་འབབ་བོ། །མཚོ་དེའི་གཡས་ལོགས་སུ་ལྷ་ཁང་ཡོད་པ་ནི་འཕགས་པ་གཤེགས་འཆག་མཛད་པའི་གནས་སོ། །རི་དེའི་ཉེ་འཁོར་དུ་གནས་པ་དག་གིས་འཕགས་པ་མཐོང་བར་མོས་པའི་སེམས་རྩེ་གཅིག་བསྐྱེད་ཅིང་གསོལ་བ་བཏབ་ན་མཐོང་སྣང་སྣ་ཚོགས་པའི་ཞལ་སྟོན་པ་ཡོད་དོ། །འགའ་ཞིག་ལ་ལྷའི་གཟུགས་ལ་ཕྱག་ན་རིལ་བ་སྤྱི་བླུགས་དང་། སྐུ་ལ་ཐལ་བས་བྱུགས་པ། དྲང་སྲོང་གི་རྣམ་པ་ཅན་སྟོན་པ་སོགས་མང་པོ། ཡུལ་ཐག་རིང་གི་དད་པ་ཅན་དག་གིས་ཀྱང་ལ་ཀླུང་བརྒལ་ཏེ་ལམ་གྱི་ངལ་དུབ་ཁྱད་དུ་བསད་དེ་རྒྱ་ལམ་ལ་འབྱོར་བ་དག་གིས་མཐོང་ཚུལ་ཡང་གོང་དང་མཚུངས་སོ། །ཞེས་གསལ་ལོ།།

སློབ་དཔོན་སེངྒེ་བཟང་པོས་ཉི་ཁྲི་ལེ་བརྒྱད་པའི་བསྡུས་དོན་ཇི་ལྟར་མཛད་ཚུལ་ནི། སློབ་དཔོན་སེང་བཟང་རང་ཉིད་ཀྱིས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་ལས[5]། ལྟ་བ་མང་པོས་ཀུན་ཏུ་དཀྲུགས་པས་ད་ལྟར་རྩོད་པའི་དུས་འདིར་ཀློག་པའང་ཤིན་ཏུ་ཉུང་། །གླེགས་བམ་དུ་མའི་ཚིག་རྣམས་མི་མཐུན་ཐ་དད་གྱུར་པ་མཐོང་ནས་དད་པས་འདིར། །རྒོལ་བའི་གླང་པོའི་དབང་པོ་ཁྲོས་པས་འོང་བའི་ཀླད་འགེམས་སེང་གེ་བཟང་པོ་བདག །གང་གིས་དག་པར་གཏུགས་པ་འཇིག་རྟེན་དོན་དུ་མཉམ་པར་གཞག་པ་མཁས་པས་བླང་བར་གྱིས། །ཞེས་གསུངས་པ་ལྟར། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་བདག་ཉིད་ཆེན་པོ་སློབ་དཔོན་སེངྒེ་བཟང་པོ་ལ་བསྔགས་པའི་རབ་ཏུ་བྱེད་པ་ཐེག་ཆེན་ཆོས་ཀྱི་སྒྲ་དབྱངས་ལས་[6]ཀྱང་། དེ་ལ་མངོན་རྟོགས་རྒྱན་ཉི་ཁྲི་དང་སྦྱར་ཏེ་བསྡུས་དོན་ལེ་བརྒྱད་མ་མཛད་ཚུལ་ནི། རྗེ་བཙུན་བྱམས་པ་མགོན་པོས་ཇི་ལྟར་གསུངས་པ་ལྟར། སྔོན་གྱི་མཁས་པ་རྣམས་ཀྱིས་མཛད་པའི་མངོན་རྟོགས་རྒྱན་གྱི་འགྲེལ་པ་རྣམས་ལ་དཔྱད་པ་ན། འཕགས་པ་རྣམ་པར་གྲོལ་བའི་སྡེས་མཛད་པའི་ཉི་ཁྲི་སྣང་བ་ཉིད་མདོ་རྒྱན་འབྱོར་ཞིང་། ཤིང་རྟ་ཆེན་པོ་གཉིས་ཀའི་མན་ངག་ཚང་ལ། ལྟ་བའི་གནད་ལ་འཁྲུལ་བ་མེད་པ་ཕུལ་དུ་བྱུང་བར་གཟིགས་ནས་ཉི་ཁྲི་སྣང་བ་དང་མཐུན་པར་ཉི་ཁྲིའི་བསྡུས་དོན་ལེ་བརྒྱད་མ་མཛད་དོ། །ཞེས་ཇི་ལྟར་མཛད་ཚུལ་དང་། མངོན་རྟོགས་རྒྱན་གྱི་སྐབས་བརྒྱད་ཉི་ཁྲི་དང་སྦྱར་ཚུལ་ནི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་སེང་བཟང་གི་རྟོགས་བརྗོད་[7]སོགས་ལ་སྤྱན་རས་གཡོ་བར་འཚལ་ལོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  གཞུང་འགྲེལ་སྐོར་ཤེར་ཕྱིན། གཡག་ཊཱིཀ །པོད། ༼༩༽ རྫོང་སར་ཁམས་བྱེའི་གློག་ཀླད་པར་མ། ཤོག་གྲངས་ ༡བ༤

[2]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༨༠

[3]  ཝཱ་རཱ་ཎ་སཱིའམ། དག་སྡེབ་ལ་ལར་བ་ར་ན་སེ་ཞེས་འབྱུང་ཞིང་། རྒྱ་གར་གྱི་བྱང་ཕྱོགས་སུ་ཡོད་པའི་ཆུ་བོ་ཝ་ར་དང་། ཎ་སི་གཉིས་ཀྱི་བར་དུ་ཡོད་པའི་ཡུལ་དེའི་སྤྱི་མིང་སྟེ། ནཻརྱ་པཱ་ལའི་ལྷོ་ནུབ་ཀྱི་མཚམས་ཆུ་བོ་གངྒཱའི་འགྲམ་དུ་ཡོད་པའི་གྲོང་ཁྱེར་གྱི་མིང་ཞིག་ཡིན་པར་ཐང་སན་ལམ་ཞིག་ལས་བཤད་ལ། སྔར་སྟོན་པ་ཤཱཀྱ་ཐུབ་མངོན་པར་རྫོགས་པར་སངས་རྒྱས་པའི་རྗེས་སུ་འཁོར་ལྔ་སྟེ་བཟང་པོར་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བའི་ཡུལ་ལོ།།

[4]  ཐང་སན་ལམ་ཡིག །ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༢༦༡

[5]  བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཅ༽ དེབ་ཨང་། ༥༡ པ། ཤོག་གྲངས་ ༨༤༨

[6]  ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ། ༼༥༽ དཔེ་རིང་། ཤོག་གྲངས་ ༡༣བ༥

[7]  ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ། ༼༥༽ དཔེ་རིང་། ཤོག་གྲངས་ ༡༡ན༦

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༠༢ ནས་ ༢༠༤ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *