འཛམ་གླིང་སྤྱིའི་ཁྱད་ནོར་དང་སྤྱི་ནོར་དུ་གྱུར་པའི་ནཱ་ལེནྡྲའི་རིག་གཞུང་།

ང་ཚོས་བཤད་པ་ནི་ངོས་རང་སྒེར་གྱི་ཉམས་མྱོང་ཐོག་ནས་བཤད་པ་ཡིན་ན། འདས་པའི་ལོ་བཞི་བཅུ་མ་ཟིན་ཙམ་གྱི་རིང་ལ་ཚན་རིག་པ་དང་འཛམ་གླིང་གི་མཁས་དབང་མང་པོར་ཐུག་ཡོད་པ་རེད། ཁོ་ཚོར་ཐུག་ཡོང་སྐབས་ང་ཚོ་བོད་གངས་ཅན་གྱི་ལྗོངས་ལ་ནཱ་ལེནྡྲ་ནས་ཡོང་བའི་ཤེས་ཡོན་དེ་ནི་རྒྱུ་མཚན་ལྡན་པའི་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་པས་ཧ་ཅང་གལ་ཆེན་པོ་ཞིག་རེད།

ནཱ་ལེནྡྲ་ལ་དེང་སང་གྱང་རོ་མ་གཏོགས་གང་ཡང་ཡོད་པ་མ་རེད། ངོས་ནས་ནམ་རྒྱུན་པཎ་གྲུབ་བཅུ་བདུན་ཞེས་བཤད་བཞིན་པའི་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོས་སངས་རྒྱས་ཀྱི་བཀའ་རེད་ཅེས་དད་པ་གཅིག་པུ་མིན་པར་ཉམས་ཞིབ་གནང་ནས་སངས་རྒྱས་ཀྱི་བཀའ་ཡིན་ཡང་དོགས་པ་བཀོད་པ་བྱུང་ཡོད། སངས་རྒྱས་ཀྱིས་བཀའ་འདི་ལྟ་བུ་ཞིག་གནང་འདུག་ཀྱང་དེ་ལ་རྒྱུ་མཚན་གྱི་ཐོག་ནས་བསམ་བློ་བཏང་ན་འགལ་འདུ་འདུག་ཅེས་དེ་ལ་དགག་པ་བརྒྱབ་ཡོད། ནཱ་ལེནྡྲའི་མཁས་དབང་དེ་དག་གིས་བསམ་བློ་གཏོང་སྟངས་ནི་རྒྱུ་མཚན་གཙོ་བོར་བྱས་ནས་ཞིབ་འཇུག་བྱས་ཡོད་པས་སེམས་ཁམས་རིག་པ་དང་ཚད་མ་རིག་པ་སོགས་དེང་སང་འཛམ་གླིང་ཁྱད་དུ་འཕགས་པ་ཞིག་ཆགས་ཡོད། དེ་ཡང་ངོ་མཚར་ཆེན་པོ་རེད་ཅེས་པ་ཙམ་ལས་བཞག་པ་མ་ཡིན་པར་ཁ་ཡོད་ལག་ཡོད་ཀྱིས་འཛམ་གླིང་འདིར་དགོས་མཁོ་ཡོད་པ་ཧ་ཅང་གསལ་པོ་རེད།  ངོས་ཀྱི་ཉམས་མྱོང་གི་ཐོག་ནས་ཐག་བཅད་ནས་བཤད་ཐུབ་པ་ཞིག་ནི། ང་ཚོས་ལོ་སྟོང་ཕྲག་རིང་ལ་བདག་པོ་བརྒྱབ་ཡོད་པའི་ནཱ་ལེནྡྲའི་རིག་གཞུང་དེ་འཛམ་གླིང་སྤྱིའི་ཁྱད་ནོར་དང་སྤྱི་ནོར་རེད་ཅེས་བརྗོད་ཐུབ་པ་ཞིག་ཆགས་འདུག། མཁྱེན་སོང་ངམ། ཞེས་བཀའ་སྩལ་ཏོ།།  །།

ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་བྱས་པའི་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུའི་ཚོགས་བཅར་བ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *