༡༩༽ ཙི་ལུ་པཎྜི་ཏའི་རྣམ་ཐར།

༡༩༽ ཙི་ལུ་པཎྜི་ཏ།

 

ཙི་ལུ་པཎྜི་ཏ་ནི། ཆ་རིས་སྐལ་བཟང་ཐོགས་མེད་ཀྱིས་བརྩམས་པའི་བོད་བརྒྱུད་ནང་བསྟན་མི་སྣའི་ཚིག་མཛོད་ལས[1]། ཕྱི་ལོའི་དུས་རབས་བཅུ་གཅིག་པའི་ཡས་མས་སུ་རྒྱ་གར་ཤར་ཕྱོགས་སུ་ཡུལ་སྡེ་ལྔ་ཡོད་པའི་ནང་ནས་ཨོར་བི་བར་སྐུ་འཁྲུངས་ཤིང་། བི་ཀྲ་མ་ཤཱི་ལ་དང་། ནཱ་ལེནྡྲ་རྣམས་སུ་སྡེ་སྣོད་ཀྱི་པོ་ཏི་ཐམས་ཅད་ཐུགས་སུ་ཆུད་པར་མཛད། ཚེ་གཅིག་སངས་རྒྱས་འགྲུབ་པ་ལ་སྔགས་ཀྱི་ཐེག་པ་དགོས་ཤིང་།

ཁྱད་པར་དུ་བྱང་ཆུབ་སེམས་དཔའི་འགྲེལ་པ་དགོས་པས། དེ་ཤམྦྷ་ལར་ཡོད་པ་མཁྱེན་ནས་ཡི་དམ་གྱི་ལྷས་ལུང་བསྟན་བཞིན་རྒྱ་མཚོར་ཞུགས། འཇམ་དཔལ་གྱི་སྤྲུལ་པ་ལས་དབང་རྒྱུད་འགྲེལ་མན་ངག་ཞུས་ཤིང་། བྱང་ཆུབ་སེམས་དཔའི་ཆོས་སྐོར་མ་ལུས་པ་ཐུགས་སུ་ཆུད་པར་མཛད་ནས་སླར་རྒྱ་གར་ཤར་ཕྱོགས་སུ་བྱོན། ཀ་ཏ་ཀའི་རྒྱལ་པོའི་སར་བཞུགས་ནས་རྒྱུད་འགྲེལ་རྣམས་གླེགས་བམ་ལ་བྲིས་ཤིང་སློབ་མ་མཁས་པ་དུ་མ་བསྐྱངས། པཎྜི་ཏ་འདི་པ་དཔལ་ནཱ་རོ་པ་དང་དུས་མཚུངས་པར་བཤད་པ་ལྟར་ན། དུས་རབས་བཅུ་པའི་སྨད་དང་བཅུ་གཅིག་པའི་སྟོད་དུ་བྱོན་པར་སེམས་སོ། །ཞེས་བྱུང་ངོ་།།

དེ་བཞིན་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དང་མན་ངག་གི་བཀའ་སྲོལ་ཟབ་མོ་འཆད་ཅིང་ཉམས་སུ་ལེན་པ་ལ་ཉེ་བར་མཁོ་བའི་བསྟན་བཅོས་ལེགས་པར་བཤད་པ་དུས་འཁོར་བསྟན་པའི་མཛེས་རྒྱན་ལས[2]། དེ་ལ་རྒྱ་གར་ཤར་ཕྱོགས་ན་ཡུལ་སྡེ་ལྔ་ཡོད་པའི་ནང་ནས་ཨོར་བིའི་སར་སྐུ་འཁྲུངས་པའི་སློབ་དཔོན་ཆེན་པོ་སྡེ་སྣོད་ཐམས་ཅད་ལ་ཐུགས་སྦྱངས་པའི་ཙི་ལུ་པཎྜི་ཏས་རཏྣ་གི་རཱི་བི་ཧཱ་ར་དང༌། བི་ཀྲ་མ་ཤཱི་ལ་དང༌། ནཱ་ལེནྡྲ་རྣམས་སུ་སྡེ་སྣོད་ཀྱི་པོ་ཏི་ཐམས་ཅད་གཟིགས་ཤིང༌། ཁྱད་པར་དུ་རུ་ཁའི་གནོད་པ་མེད་པ་རིན་ཆེན་རི་བོར་གཟིགས་པས། སྤྱིར་སངས་རྒྱས་ཚེ་གཅིག་གིས་འགྲུབ་པ་ལ་སྔགས་ཀྱི་ཐེག་པ་དགོས་ཤིང༌། ཁྱད་པར་དུ་བྱང་ཆུབ་སེམས་དཔའི་འགྲེལ་པས་གསལ་བར་བྱས་པ་དགོས་ལ། དེ་ཤམྦྷ་ལར་ཡོད་པ་མཁྱེན་ནས་ཡི་དམ་གྱི་ལྷས་ལུང་བསྟན་པ་ལ་བརྟེན་ནས་རྒྱ་མཚོར་ནོར་བུ་ལེན་པའི་ཚོང་པ་དང་འགྲོགས་ཏེ། རྒྱ་མཚོ་བརྒལ་བའི་ཚོང་པ་རྣམས་དང་ཟླ་བ་དྲུག་གི་འཛོམས་དུས་བྱས་ཏེ་ལམ་སོ་སོར་ཞུགས་སོ།།

དེ་ནས་སློབ་དཔོན་གྱིས་རིམ་གྱིས་བྱོན་ནས་རི་གཅིག་གི་སྟེང་དུ་འཛེགས་པ་དང༌། མི་ཞིག་དང་ཕྲད་ནས། དེ་ན་རེ། ཁྱོད་གར་འགྲོ་ཟེར་བ་ལ། ཤམྦྷ་ལར་བྱང་ཆུབ་སེམས་དཔའི་སྐོར་འཚོལ་དུ་འགྲོ་བྱས་པས། དེར་ཤིན་ཏུ་བགྲོད་དཀའ་སྟེ་ཤེས་པ་བྱུང་ན་འདིར་ཡང་མཉན་པས་ཆོག་མོད་གསུངས་པ་དང༌། འཇམ་དཔལ་གྱི་སྤྲུལ་པར་ཤེས་ཏེ། ཕྱག་བྱས་ནས་མཎྜལ་ཕུལ་གསོལ་བ་བཏབ་པས། དབང་རྒྱུད་འགྲེལ་མན་ངག་གནང་ཞིང་རྗེས་སུ་བཟུང་ནས། མེ་ཏོག་གཅིག་སྤྱི་བོར་བཞག་སྟེ་བྱང་ཆུབ་སེམས་དཔའི་སྐོར་མ་ལུས་པ་ཁོང་དུ་ཆུད་པར་གྱུར་ཅིག །ཅེས་བྱིན་གྱིས་བརླབས་པས། ཆུ་སྣོད་གཅིག་ནས་གཅིག་ཏུ་བྱོ་བ་ལྟར་བྱང་ཆུབ་སེམས་དཔའི་སྐོར་མ་ལུས་པ་ཁོང་དུ་ཆུད་པར་གྱུར་ཏེ་ཚུར་བྱོན་པ་དང༌། ཚོང་པ་རྣམས་དང་འཛོམས་ཏེ། སླར་རྒྱ་གར་ཤར་ཕྱོགས་སུ་བྱོན་ནོ།།

ཡང་ལུགས་གཅིག་ལ་ཙི་ལུ་པཎྜི་ཏ་དེ་རྣལ་འབྱོར་པ་ཞིག་གི་བུ་ཡིན་པས། ཕ་ཡིས་ཤམྦྷ་ལར་འཁྲིད་ནས། སྤྱན་རས་གཟིགས་ཀྱི་སྤྲུལ་པ་དགེ་སློང་ཤིན་ཏུ་གཟུགས་བཟང་བ་ཞིག་དང་མཇལ་ཏེ། དེས་བྱིན་གྱིས་བརླབས་པས་ཞག་རེ་ལ་ཤླཽ་ཀ་སྟོང་སྟོང་ཟིན་པར་གྱུར་ཏེ། རྒྱུད་འགྲེལ་ཐམས་ཅད་ཐུགས་སུ་བཟུང་ནས་རྒྱ་གར་དུ་བྱོན་ནས་རབ་ཏུ་བྱུང་བའི་མཚན་ལ་ཙི་ལུ་པ་ཞེས་གྲགས་སོ། །དེ་ནས་སློབ་དཔོན་ཀ་ཏ་ཀའི་རྒྱལ་པོའི་སར་བཞུགས་པས། སློབ་མ་གསུམ་བྱུང༌། དེ་རྣམས་ཀྱིས་རྒྱུད་འགྲེལ་རྣམས་གླེགས་བམ་ལ་འབྲི་བར་ཞུས་ཏེ་བྲིས་སོ། །སློབ་མ་གཅིག་ཐ་མལ་པ་ཞིག་བྱུང༌། གཅིག་རྒྱལ་བའི་འབྱུང་གནས་སྦས་པ་ཞེས་པ་གྲུབ་པ་བརྙེས་པ་ཞིག་བྱུང༌། གཅིག་ཤར་ཕྱོགས་བྷཾ་ག་ལར་སྐུ་འཁྲུངས་པའི་པི་ཌ་ཨཱ་ཙརྻའམ། པིནྜི་ཨ་ཙརྻ་ཞེས་པ་མཁས་པ་ཞིག་བྱུང་སྟེ། དེས་བྱང་ཆུབ་སེམས་དཔའི་སྐོར་མ་ལུས་པ་ཐུགས་སུ་ཆུད་ཅིང་ཐུགས་ཉམས་སུ་བཞེས་སོ།།

དེ་ནས་ཡུལ་དེར་རྒྱལ་པོ་གཞན་གྱི་དམག་བྱུང་སྟེ། རྒྱུད་འགྲེལ་གྱི་དཔེ་ཆ་ཐམས་ཅད་དོང་དུ་སྦས་ཏེ་བྲོས། དམག་གྱེས་ནས་བལྟས་པས། བདེ་དགྱེས་གཉིས་ཀྱི་འགྲེལ་པའི་སྨད་མི་འདུག་ནས་འབྲི་བར་ཞུས་པས། མཁའ་འགྲོ་མས་སྦས་པར་འབྲི་མི་རུང་གསུངས་ནས་མ་གནང༌། ཙི་ལུ་པ་སླར་རྒྱ་གར་ཤར་ཕྱོགས་སུ་གཤེགས་སོ། །དུས་རབས་ནི་བརྒྱ་ཕྲག་བཅུ་པའི་སྨད་དང་བཅུ་གཅིག་པའི་སྟོད་དུ་ངེས་ཏེ་འདིའི་སློབ་མ་དུས་ཞབས་ཆེ་ཆུང༌། དཔལ་ནཱ་རོ་པ་དང་དུས་མཚུངས་སུ་བཤད་པས་སོ། །[3]ཞེས་བྱུང་བ་ལྟར། ཙི་ལུ་པཎྜི་ཏས་ཀྱང་བི་ཀྲ་མ་ཤཱི་ལ་དང༌། ནཱ་ལེནྡྲ་རྣམས་སུ་སྡེ་སྣོད་ཀྱི་པོ་ཏི་ཐམས་ཅད་གཟིགས་པ་དང་། ཤམྦྷ་ལར་ཕེབས་རྗེས་ནཱ་ལེནྡྲར་ཕེབས་ནས་ཀ་ཏ་ཀའི་རྒྱལ་པོའི་སར་བཞུགས་ནས་ཆོས་གསུངས་པར་གྲགས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བོད་བརྒྱུད་ནང་བསྟན་མི་སྣའི་ཚིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ༢༠༢༡ ལོ། ཤོག་གྲངས་ ༦༡༤

[2] ངག་དབང་ཀུན་དགའ་བསོད་ནམས་ཀྱི་གསུང་འབུམ། པོད། ༼ཚ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༥བ༢

[3] རྒྱ་བོད་མཁས་གྲུབ་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། ༼༡༽ བོད་ཀྱི་དཔེ་མཛོད་ཁང་། ༡༩༧༣ ལོ། ཤོག་ ༧༧༨

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༣༤ ནས་ ༤༣༦ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *