ཇ༽ ཨཱརྱ་དེ་ཝ་སིངྒ་ལའི་རྒྱལ་སྲས་སུ་འཁྲུངས་ཚུལ།

ཇ༽ ཨཱརྱ་དེ་ཝ་སིངྒ་ལའི་རྒྱལ་སྲས་སུ་འཁྲུངས་ཚུལ།

 

དེ་ཡང་མཁན་ཆེན་ངག་གི་དབང་པོའམ་མཁན་པོ་ངག་ཆུང་ (1879-1940) གིས་མཛད་པའི་དབུ་མ་བཞི་བརྒྱ་པའི་རྣམ་པར་བཤད་པ་རྒྱ་མཚོའི་ཟེགས་མ་ལས[1]།

སིངྒ་ལ་ཡི་རྒྱལ་རིགས་སྐུ་བལྟམས་ནས། །འཕགས་པས་རྗེས་བཟུང་རྒོལ་བའི་སྤོབས་པ་བཅོམ། །

ཟབ་མོ་དབུ་མའི་ལམ་བཟང་གསལ་བྱེད་པའི། །འཇིག་རྟེན་མིག་གཅིག་འཕགས་པའི་ལྷ་ལ་འདུད། །

ཅེས་གསུངས་པ་ལྟར་རྒྱ་གར་གྱི་ལོ་རྒྱུས་ཁུངས་མ་ལྟར་ན། སིངྒ་ལའི་གླིང་གི་རྒྱལ་པོ་པཉྩ་ཤྲི་གམ་ཞེས་པའི་སྲས་ཡིན་ཚུལ་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[2]། དེ་ལ་སློབ་དཔོན་ཨཱརྱ་དེ་ཝ་ནི་བོད་རྣམས་ལ་ཡོངས་གྲགས་ལྟར་ན། སིངྒ་ལའི་གླིང་གི་རྒྱལ་པོའི་སྐྱེད་མོས་ཚལ་དུ་པདྨ་ལས་བརྫུས་ཏེ་སྐྱེས་ཤིང༌། རྒྱལ་པོས་ཀྱང་སྲས་ཀྱི་དོད་དུ་བསྐྱངས། མཐར་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མར་གྱུར་ནས། སློབ་དཔོན་ཀླུ་སྒྲུབ་བཞུགས་པའི་དུས་ན་མུ་སྟེགས་ཐུབ་དཀའ་ནག་པོ་བཏུལ་བར་འདོད་ལ། འགའ་ཞིག་ནི་དེར་མ་ཟད་གྲུབ་ཐོབ་ཀརྣ་རི་པ་དང་གཅིག་པས་ཀླུ་སྒྲུབ་བཞུགས་པའི་དུས་ཉིད་དུ་འཇའ་ལུས་སུ་གཤེགས་སོ་ཞེས་ཟེར། བོད་འདིར་ནི་དག་རུང་མི་དག་རུང་གཏམ་གང་ཡང་རུང་བ་གྲགས་ཆེན་པོས་སྐྱེ་བོ་ཀུན་ལ་ཡོངས་སུ་ཁྱབ་པ་ཞིག་ཡོད་ན་ཤིན་ཏུ་བདེན་པའི་དོན་ཅན་གཞན་ཞིག་སྨྲས་ཀྱང་རྣ་བར་མི་འོང་ཞིང༌། ཡིད་ལ་མི་བདེ་བ་ཞིག་སྣང་ནའང་འདིར་དངོས་གནས་སུ་བརྗོད་ན། བཞི་བརྒྱ་པའི་འགྲེལ་པར་སློབ་དཔོན་ཟླ་བ་གྲགས་པས་ཀྱང་སིངྒ་ལའི་གླིང་གི་རྒྱལ་པོའི་སྲས་སུ་བཤད། ཅེས་གསུངས་པ་ལྟར། དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་རྒྱ་ཆེར་འགྲེལ་བ་ལས[3]།

གང་གི་ཕྱིར་ན་སློབ་དཔོན་འཕགས་པ་ལྷ་འདི་ནི།

སློབ་དཔོན་ཀླུ་སྒྲུབ་སློབ་མར་གནང་བར་འདོད་གྱུར་པ། །

དེའི་ཕྱིར་འདི་ཡི་དེ་ཉིད་ལུགས་ལས་ལུགས་གཞན་མིན། །

འདི་ལྟར་སློབ་དཔོན་འཕགས་པ་ལྷ་ནི་སིངྒ་ལའི་གླིང་དུ་འཁྲུངས་པ་སིངྒ་ལའི་གླིང་གི་རྒྱལ་པོའི་སྲས་ཤིག་སྟེ་མཐར་རྒྱལ་ཚབ་བོར་ནས་དེ་ཉིད་དུ་རབ་ཏུ་བྱུང་ཞིང་། དེ་ནས་ལྷོ་ཕྱོགས་ཀྱི་རྒྱུད་དུ་ལྟར་འོངས་ཏེ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཉེ་གནས་ཉིད་དུ་གྱུར་ཅིང་། དེའི་ལུགས་ཀྱི་རྗེས་སུ་འཇུག་པར་གྱུར་པ་དེ་ཉིད་ཀྱི་ཕྱིར་ན་བསྟན་བཅོས་བཞི་བརྒྱ་པ་འདིའི་དེ་ཁོ་ན་ཉིད་གང་ཡིན་པ་དེ་ནི་དབུ་མའི་བསྟན་བཅོས་ལས་བཤད་པའི་དེ་ཁོ་ན་ཉིད་ལས་མཚན་ཉིད་ཐ་དད་པ་ཅན་མ་ཡིན་ནོ། །ཞེས་དང་། པདྨ་གར་དབང་བློ་གྲོས་མཐའ་ཡས་ (1813-1899) ཀྱིས་མཛད་པའི་འདུ་ཤེས་གསུམ་ལྡན་སྤོང་བ་པའི་གཟུགས་བརྙན་པདྨ་གར་གྱི་དབང་ཕྱུག་འཕྲིན་ལས་འགྲོ་འདུལ་རྩལ་གྱི་རྟོགས་པ་བརྗོད་པའི་དུམ་བུ་སྨྲིག་རྒྱུའི་བདུད་རྩི་ལས[4]། སློབ་དཔོན་ཨཱརྱ་དེ་ཝ་ནི་སིངྒ་གླིང་གི་རྒྱལ་པོ་པཉྩ་ཤྲི་གའི་སྲས། མཁན་པོ་ཧེ་མ་དེ་ཝ་ལས་རབ་ཏུ་བྱུང་བ། སྡེ་སྣོད་གསུམ་ལ་མཁས་པ་ཞིག་ཕྱིས་ཀླུ་སྒྲུབ་ལ་བརྟེན་ཏེ་དངོས་གྲུབ་མང་པོ་བརྙེས། སྙིང་པོ་དོན་གྱི་བསྟན་པ་གཏད། བྲམ་ཟེ་མ་ཁོལ་བཏུལ་བ་སློབ་དཔོན་དཔའ་བོར་གྲགས། ཆོས་གཞི་མང་དུ་བཙུགས་ཤིང་འཆད་ཉན་རྒྱ་ཆེན་པོས་བསྟན་པ་སྤེལ་བས་འཛམ་གླིང་རྒྱན་དྲུག་ཏུ་གྲགས་པའི་ཡ་གྱལ་དེའོ། །ཞེས་གསུངས་པ་ལྟར་དཔལ་ལྡན་ཟླ་བ་གྲགས་པས་བཞི་བརྒྱ་པའི་འགྲེལ་པར་སློབ་དཔོན་འདི་ཉིད་སིངྒ་ལའི་རྒྱལ་པོའི་སྲས་སུ་འཁྲུངས་པར་གསུངས།

ཨཱརྱ་དེ་ཝའི་བྱུང་བ་བརྗོད་པ་[5]ལས[6]། ཨཱརྱ་དེ་ཝ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མའི་གཙོ་བོ་ཞིག་ཡིན། རྒྱ་གར་ལྷོ་ཕྱོགས་ཀྱི་སིང་ག་ལའི་གླིང་དུ་འཁྲུངས་ཤིང་། རྒྱལ་པོའི་སྲས་པོ་ཡིན་པར་གྲགས། ཆུང་དུས་ནས་རིག་ཡག་ཡིན་ལ། བྲམ་ཟེའི་གཞུང་ལུགས་སོགས་ཤེས་བྱའི་གནས་ལ་ཤིན་ཏུ་མཁས་པར་གྱུར། ཁེངས་དྲེགས་ཆེ་ཞིང་འཇིག་རྟེན་གྱི་རིག་པའི་གཞུང་ལུགས་ཕལ་ཆེར་ཁོ་བོས་མི་ཤེས་པ་མེད་མོད་གཞན་དག་གིས་མ་ཤེས་པར་འདུག་ཟེར་རོ། །ཞེས་གསལ་ལ། འདིའི་ཐད་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་མཛད་པའི་དེབ་སྔོན་གསར་མ་ལས[7]། རྒྱ་གར་དཀར་ནག་དང་བོད་ཀྱི་འཕགས་པ་ལྷའི་རྣམ་ཐར་བཤད་ཚུལ། དེ་ཡང་ལོ་ཆེན་གཞོན་ནུའི་སྲོག་ (Kumarajiva C. 344-413) གི་འགྱུར་བྱང་ཆུབ་སེམས་དཔའ་འཕགས་པ་ལྷའི་རྣམ་ཐར་ (T2048) ལྟར་ན་སློབ་དཔོན་འཕགས་པ་ལྷ་ནི་རྒྱ་གར་ལྷོ་ཕྱོགས་སུ་བྲམ་ཟེའི་རིགས་སུ་སྐུ་བལྟམས་པར་གསལ་ཡང་། དཔལ་ལྡན་ཟླ་བའི་བཞི་བརྒྱ་པའི་འགྲེལ་པ་ལས། འདི་ལྟར་སློབ་དཔོན་འཕགས་པ་ལྷ་ནི་སིངྒ་ལའི་གླིང་དུ་འཁྲུངས་པ་སིངྒ་ལའི་གླིང་གི་རྒྱལ་པོའི་སྲས་ཤིག་སྟེ་མཐར་རྒྱལ་ཚབ་བོར་ནས་དེ་ཉིད་དུ་རབ་ཏུ་བྱུང་ཞིང་། དེ་ནས་ལྷོ་ཕྱོགས་ཀྱི་རྒྱུད་དུ་ལྟར་འོངས་ཏེ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཉེ་གནས་ཉིད་དུ་གྱུར། ཞེས་སོགས་བཀོད་པ་གནང་འདུག  །གཞན་ཡང་ཀརྨ་པ་རང་བྱུང་རྡོ་རྗེས་ (1284-1339) མཛད་པའི་བཀའ་བཞི་བརྒྱུད་པའི་གསོལ་འདེབས་ལས[8]།

སིང་གྷ་ལ་རུ་སྐུ་འཁྲུངས་ཤིང༌། །རྒྱལ་བས་ལུང་བསྟན་སྨོན་ལམ་ཅན། །

མུ་སྟེགས་རྒོལ་བ་བཟློག་མཛད་པའི། །འཕགས་པ་ལྷ་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར། རྒྱལ་ཚབ་དར་མ་རིན་ཆེན་ (1364-1432) གྱིས་མཛད་པའི་བཞི་བརྒྱ་པའི་རྣམ་བཤད་ལེགས་བཤད་སྙིང་པོ་ལས་[9]ཀྱང་། འདི་ལྟར་སློབ་དཔོན་འཕགས་པ་ལྷ་ནི་སིང་གྷ་ལའི་གླིང་དུ་འཁྲུངས་པའི་རྒྱལ་པོའི་སྲས་ཤིག་སྟེ། མཐར་རྒྱལ་ཚབ་བོར་ནས་རབ་ཏུ་བྱུང་ཞིང༌། དེ་ནས་ལྷོ་ཕྱོགས་ཀྱི་རྒྱུད་ལྟར་འོངས་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཉེ་གནས་སུ་གྱུར་ཅིང༌། མདོ་སྔགས་ཀྱི་བསྟན་པ་རྒྱས་པར་ཐུགས་སུ་ཆུད་ནས་དེ་དག་གི་དོན་ཉམས་སུ་བླངས་པས། སྐུ་ཚེ་དེ་ཉིད་ལ་ངེས་པར་སངས་རྒྱས་ཀྱི་གོ་འཕང་བརྙེས་པ་ཞིག་སྟེ། སློབ་དཔོན་ཉིད་ཀྱིས་མཛད་པའི་སྤྱོད་བསྡུས་སུ་རྣལ་འབྱོར་བླ་མེད་ཀྱི་ཐུན་མོང་མིན་པའི་སྒྱུ་ལུས་ཐོབ་པར་ཞལ་གྱིས་བཞེས་ཤིང༌། (འདིའི་སྐོར་གཤམ་དུ་བཀོད་ཡོད།) དེ་ཐོབ་པའི་ཚེ་དེ་ཉིད་ལ་མཆོག་གི་དངོས་གྲུབ་ངེས་པར་ཐོབ་པ་མགོན་པོ་ཀླུ་སྒྲུབ་ཀྱི་བཞེད་པ་ཡིན་ནོ། །ཞེས་ཤེས་བྱེད་དང་བཅས་ཏེ་གསུངས་ལ། དེ་བཞིན་འབེ་ལོ་ཚེ་དབང་ཀུན་ཁྱབ་ (དུས་རབས་18པ།) ཀྱིས་བརྩམས་པའི་ཀརྨ་ཀམ་ཚང་གི་བརྒྱུད་པ་རིན་པོ་ཆེའི་རྣམ་ཐར་ལས[10]། གཞན་ཡང་དཔལ་མགོན་ཀླུ་སྒྲུབ་ཀྱི་སྲས་ཀྱི་ཐུ་བོ་ཨཱརྱ་དེ་བ་ནི། འཇམ་དཔལ་རྩ་རྒྱུད་ནས་ལུང་གིས་བསྟན། སིངྒ་ལའི་རྒྱལ་པོ་པཉྩ་ཤྲི་གའི་སྲས་སུ་འཁྲུངས། མཁན་པོ་ཧེ་མ་དེ་བ་ཞེས་བྱ་བ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། ཞེས་ཀྱང་བྱུང་ངོ་།།

དེ་ལྟར་རྒྱ་གར་འཕགས་ཡུལ་དང་། ཆེན་པོ་རྒྱའི་ཡིག་ཆ། བོད་གངས་ཅན་གྱི་མཁས་གྲུབ་ཚད་ལྡན་དག་གིས་མཛད་པའི་གཞུང་ལུགས་དེ་དག་ཏུ་སིངྒ་ལའི་རྒྱལ་སྲས་ཡིན་པར་བཞེད་ལ། དེ་བཞིན་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[11]། འཕགས་ཡུལ་གྱི་གཏམ་ཁུངས་མ་ལ་ཡང་དེ་བཞིན་དུ་གྲགས་པས་དེ་ལྟར་བཤད་ན། སིངྒ་ལའི་གླིང་གི་རྒྱལ་པོ་པཉྩ་ཤྲི་གཾ་ཞེས་བྱ་བ་ཞིག་ལ་སྲས་མཚན་དང་ལྡན་པ་ཞིག་བྱུང༌། ཆེར་སྐྱེས་ནས་རྒྱལ་ཚབ་ཀྱི་ས་ལ་བཞག་ཀྱང་རབ་ཏུ་བྱུང་བ་ལ་ལྷག་པར་མོས་པར་གྱུར་ཏེ། མཁན་པོ་ཧེ་མ་དེ་ཝ་ཞེས་བྱ་བ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྡེ་སྣོད་གསུམ་པོ་མཐའ་དག་ཆུབ་པར་བྱས་པ་ན་ཡུལ་སྣ་ཚོགས་ཀྱི་ལྷ་ཁང་དང་མཆོད་རྟེན་དག་བལྟ་བའི་ཕྱིར་འཛམ་བུའི་གླིང་དུ་བྱོན། ཞེས་གསུངས་ལ། སྐབས་འདིའི་འཛམ་བུའི་གླིང་ནི་རྒྱ་གར་རོ།།

ཡང་ཁ་ཅིག་གིས་མངལ་སྐྱེས་སུ་འདོད་ན་སློབ་དཔོན་ཟླ་བ་གྲགས་པའི་ལུང་དང་འགལ་བས་ཉེས་པར་མི་འགྱུར་རམ་སྙམ་ནའང་ཚིག་ཟིན་ལ་བདེན་མོད་ཀྱང་། དོན་དུ་སིངྒ་ལའི་རྒྱལ་པོ་པཉྩི་ཤྲཱི་གཾ་ཁོང་ལ་སྲས་མེད་པས་སྲས་ཀྱི་ཚབ་ལ་དེའི་སྲས་ཞེས་བརྗོད་ན་མི་འགལ་བར་མ་ཟད། སློབ་དཔོན་ཟླ་བ་གྲགས་པས་རྫུས་སྐྱེས་མིན་ཚུལ་མ་གསུངས་པ་དང་། སློབ་དཔོན་རྟ་དབྱངས་ལ་མངལ་སྐྱེས་ཀྱིས་ཟིལ་གྱིས་མི་ནོན་པའི་ཐུན་མོང་གི་དངོས་གྲུབ་ཐོབ་ཡོད་པ་དང་། ཨཱརྱ་དེ་ཝར་རྫུས་སྐྱེས་ཀྱི་ལུང་གིས་ཟིན་པ་སོགས་རྒྱུ་མཚན་དེ་དག་ལས་རྫུས་སྐྱེས་སུ་འདོད་ནའང་འགལ་བ་ཆེར་མ་མཐོང་། དེས་ན་དཔའ་བོ་གཙུག་ལག་ཕྲེང་བས། པདྨ་ལས་རྫུས་སྐྱེས་སུ་བྱུང་། དེའི་རྒྱལ་པོའི་བུར་བཟུང་། ཞེས་གསུངས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  གསེར་ལྗོངས་བླ་རུང་ལྔ་རིག་ནང་བསྟན་སློབ་གྲྭ་ཆེན་མོ། ༢༠༠༧ ལོ། ཤོག་གྲངས་ ༣༣

[2]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༡༠༩

[3]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཡ༽ དེབ་ཨང་ ༦༠ པ། ཤོག་གྲངས་ ༡༠༡༠

[4]  རྒྱ་ཆེན་བཀའ་མཛོད། དཔལ་སྤུངས་པར་མ་འབྲུག་སྤ་གྲོའི་བསྐྱར་པར་མ། པོད། ༼བ༽ ཤོག་གྲངས་ ༡༢བ༢

[5]  སློབ་དཔོན་ཨཱརྱ་དེ་ཝའི་བྱུང་བ་བརྗོད་པ་ནི། སློབ་དཔོན་གཞོན་ནུ་སྲོག་གམ་ཀུ་མ་ར་ཇི་ཝ་ཞེས་མགོན་པོ་ཀླུ་སྒྲུབ་བྱོན་རྗེས་ལོ་བརྒྱ་ཙམ་དུ་བྱོན་པས་མཛད་པའི་རྒྱན་དྲུག་མཆོག་གཉིས་སོགས་ཀྱི་རྣམ་ཐར་ནི་རྒྱ་ནག་གི་ལུགས་ཡིན།

[6]  ཀུ་མ་ར་ཛི་བས་རྒྱ་ཡིག་ཏུ་བསྒྱུར། དོར་ཞི་གདོང་དྲུག་སྙེམས་བློས་བོད་ཡིག་ལ་བསྒྱུར། སྦྲང་ཆར། ༢༠༠༥།༤ ཤོག་ ༡༣༦

[7]  དེབ་ཐེར་སྔོན་པོ་གསར་མ། སྨད་ཆ། གངས་ལྗོངས་ནང་རིག་མཐུན་ཚོགས། ༢༠༠༧ ལོ། ཤོག་གྲངས་ ༨༠

[8]  ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ། པོད། ༼ང༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༡བ༤

[9]  བཞི་བརྒྱ་པའི་རྣམ་བཤད་ལེགས་བཤད་སྙིང་པོ། ཝཱ་ཎ་དགེ་ལྡན་སྤྱི་ལས་ཁང་། ༡༩༧༡ ལོ། ཤོག་གྲངས་ ༣

[10]  ཀརྨ་ཀམ་ཚང་གི་བརྒྱུད་པ་རིན་པོ་ཆེའི་རྣམ་ཐར། སྟོད་ཆ། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ ཤོག་ ༨༤༩

[11]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༡༡༠

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༥ ནས་ ༤༠ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *