འ༽ སློབ་དཔོན་དབྱིག་གཉེན་གྱི་རྣམ་ཐར་སྙིང་བསྡུས།
བྲམ་ཟེའི་རིགས་འཁྲུངས་ཁ་ཆེའི་ཡུལ་དུ་བྱོན། །
འདུན་བཟང་བསྟེན་ནས་མཁས་པའི་གོ་འཕང་རྙེད། །
འབུམ་སྡེ་གོ་དགུ་ཐུགས་མངའ་བསྟན་བཅོས་མཛད། །
ཀུན་མཁྱེན་གཉིས་པ་དབྱིག་གཉེན་ཞབས་ལ་འདུད། །
ཅེས་བསྟོད་ཕྱག་སྔོན་དུ་བཏང་སྟེ། སློབ་དཔོན་འདིའི་མཚན་ལ་ལེགས་སྦྱར་སྐད་དུ་བ་སུ་བནྡྷུཿ (वसुबन्धु,) (Vasubandhu) དང་། རྒྱའི་སྐད་དུ་ (世親) བོད་སྐད་དུ་སློབ་དཔོན་དབྱིག་གཉེན་ཞེས་ཞུ་ཞིང་། ཕྱི་ལོ་ ༤༠༠ ལོར་གནྡྷཱ་རའི་ཡུལ་ཏེ་པ་ཀི་སི་ཐན་གྱི་པེ་ཤ་ཝར་དུ་བྲམ་ཟེའི་རིགས་སུ་སྐུ་འཁྲུངས། ནཱ་ལེནྡྲར་རབ་ཏུ་བྱུང་སྟེ། ཁ་ཆེར་བྱོན་ནས་སློབ་དཔོན་སངྒྷ་བྷ་དྲ་གཙོ་བོར་བསྟེན་ནས་སྡེ་སྣོད་གསུམ་ལ་མཁས་པར་གྱུར། སྐྱེ་བ་ལྔ་བརྒྱར་པཎྜི་ཏར་གྱུར་ཅིང་འབུམ་སྡེ་དགུ་བཅུ་གོ་དགུ་ཞལ་འདོན་དུ་མཛད། དཔལ་ནཱ་ལེནྡྲའི་མཁན་པོ་མཛད་དེ་སྟོན་པ་འདས་པའི་འོག་ཏུ་འདི་ལྟ་བུའི་མང་ཐོས་གཞན་མ་བྱུང་བར་གྲགས་ལ། ཐེག་པ་ཆེ་ཆུང་གི་དགེ་འདུན་ཀུན་གྱིས་སྤྱི་བོར་བཀུར་ཞིང་། ཆོས་གཞི་དྲུག་བརྒྱ་ལྔ་བཅུ་རྩ་བཞི་བཙུགས་པར་མ་ཟད། ཐེག་ཆེན་གྱི་དགེ་སློང་དྲུག་ཁྲིར་ལོངས་པ་སོགས་བསྟན་པའི་བྱ་བ་རྒྱ་ཆེར་མཛད། རྨད་བྱུང་ལེགས་བཤད་ཀྱི་བསྟན་བཅོས་མངོན་པ་མཛོད་དང་། རབ་ཏུ་བྱེད་པ་སྡེ་བརྒྱད་སོགས་ཆོས་ཚན་ ༣༩ བརྩམས། སློབ་མ་རང་ལས་མཁས་པ་བཞི་སོགས་མཁས་གྲུབ་ཀྱི་སྐྱེས་བུ་དམ་པ་མང་དུ་བསྐྱངས་ཏེ་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་སྤེལ། སྔགས་སུ་ཞུགས་ཤིང་གསང་བདག་གི་ཞལ་གཟིགས་ཤིང་ས་བརྒྱད་པ་ཐོབ། རྒྱན་དྲུག་ལས་མངོན་པའི་རྒྱན་དང་། པཎ་གྲུབ་བཅུ་བདུན་ལས་བཅུ་པ་ཡིན་ཅིང་། དགུང་ལོ་བརྒྱ་ལ་ཉེ་བ་བཞུགས་ཏེ༌མཐར་ཕྱི་ལོ་ ༤༨༠ ལོར་བལ་ཡུལ་དུ་མྱ་ངན་ལས་འདས་ནས་སྐུ་གདུང་བལ་ཡུལ་འཕགས་པ་ཤིང་ཀུན་དུ་བཞུགས་པ་བཅས་སོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༡༣ ནས་ ༢༡༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།