ཟབ་ཏིག་དགོངས་པ་འདུས་པ་ལས༔ ཡེ་ཤེས་མཁའ་འགྲོའི་རྣམ་ཐར་བསྡུས་པ་ཨུཏྤལ་ཕྲེང་བ༔

༄༅། །ཟབ་ཏིག་དགོངས་པ་འདུས་པ་ལས༔ ཡེ་ཤེས་མཁའ་འགྲོའི་རྣམ་ཐར་བསྡུས་པ་ཨུཏྤལ་ཕྲེང་བ་བཞུགས་སོ༔

 

ཨ་བཾ་གཏེར་སྟོན་དཔའ་བོ་ཆོས་དབྱིངས་རྡོ་རྗེས།

 

རྒྱ་གར་སྐད་དུ༔ ན་མོ་ཌཱཀྐི་ཛྙཱ་ན་སཾ་ག་ར༔ བོད་སྐད་དུ༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་ཕྱག་འཚལ་ལོ༔ ཨེ་མ་ཧོ༔ ངོ་བོ་ཀ་དག་བཟང་མོ་ཡུམ་ཆེན་དབྱིངས༔ རང་བཞིན་ལྷུན་གྲུབ་སྒྱུ་འཕྲུལ་མཁའ་འགྲོའི་ཚོགས༔ ཐུགས་རྗེ་ཟུང་འཇུག་ཡེ་ཤེས་མཚོ་རྒྱལ་ལ༔ རྟག་ཏུ་མི་ཕྱེད་དད་པས་ཕྱག་འཚལ་ལོ༔ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་འདི་ཉིད་ཀྱིས༔ འཇིག་རྟེན་འདི་དང་ཞིང་ཁམས་བསམ་ཡས་སུ༔ རྫུ་འཕྲུལ་མཛད་པ་ཚད་བཟུང་ལས་འདས་ཀྱང༔ འདི་རུ་ཤིན་ཏུ་བསྡུས་ཏེ་ཅུང་ཟད་བསྟན༔

སྐྱེ་མེད་ཆོས་སྐུ་རྒྱལ་ཡུམ་ཀུན་བཟང་མོ༔ འགགས་མེད་ལོངས་སྐུ་རྡོ་རྗེ་རྣལ་འབྱོར་མ༔ སྤྲུལ་སྐུའི་རོལ་རྩལ་ཌཱཀྐི་དབྱངས་ཅན་ཞེས༔ ཁ་བའི་ལྗོངས་འདིར་གདུལ་བྱ་དུས་བབས་ཚེ༔ གཟིགས་སྟངས་དང་བཅས་བརྡ་རྟགས་འཇའ་ཐིག་ཚུལ༔ ཡབ་མིང་མཁར་ཆེན་དྲན་པ་ནམ་མཁའ་དང༔ ཡུམ་མིང་གནུབ་མོ་དགེ་མ་འབུམ་ཞེས་པར༔ བསྒྲགས་གྲོང་མེ་ཕོ་སྤྲེལ་ལ་ལྷུམས་སུ་ཞུགས༔ གནས་ཁང་ཕྱོགས་ལྔར་ཨུཏྤལ་ཁ་དོག་ལྔ༔ ཕུབ་ཙམ་དྲི་བསུང་འོད་ཀྱིས་འཇིག་རྟེན་ཁྱབ༔ ཉི་ཟླས་རྒྱན་བྱེད་བདུད་རྩིའི་ཟས་ལ་སྤྱོད༔ འདོད་འབྱུང་ནོར་རྙེད་སྟོང་གསུམ་ཞིང་དུ་རྨོ༔ དེ་སོགས་ཡབ་ཡུམ་རྨི་ལྟས་དྲུག་དྲུག་བྱུང༔ རྒྱབ་རིའི་བྲག་ལ་ཧ༔ར༔ནི༔ས༔ཤར༔ ཡང་རྫོང་ཕུག་ཏུ་མཁའ་འགྲོའི་སྐུ་བརྙན་སྣང༔ དུས་བཟང་དཔའ་བོ་མཁའ་འགྲོས་མངོན་སུམ་མཆོད༔ དབང་ཆེན་བྱ་ལོ་གླང་ཟླའི་ཉེར་ལྔའི་དུས༔ འཇའ་འོད་དྲ་བས་དབུས་གཙང་གླིང་དགུ་འབྲེལ༔ དྲི་ཞིམ་ངད་པས་ཕྱོགས་རྣམས་ཐམས་ཅད་ཁྱབ༔ ཡུམ་ལ་བསྙུན་མེད་བདེ་སྟོང་ལྡན་པའི་ངང༔ མགོ་མཇུག་མ་ལྡོག་ལེགས་པར་བཙས་མ་ཐག༔ ཡབ་ཡུམ་བསྟུན་གསོལ་ཕྱག་ཀྱང་ལན་གསུམ་འཚལ༔ འཇམ་དཔལ་སྒྱུ་འཕྲུལ་དུམ་བུ་ཚར་གཅིག་བཀླགས༔ ལྟེ་བ་གཅོད་ཚེ་ངོ་མཚར་ཚིག་བཞི་བྱུང༔ དབུ་སྐྲ་ལྕང་ལོས་སྟོད་ཁེབས་ཚེམས་ཕྲེང་དཀར༔ པདྨའི་འདབ་ལྟར་སྲབ་མཉེན་ལྗགས་སྟེང་ཧྲཱི༔ ཤིན་ཏུ་རྣམ་མཛེས་སྤྱན་གསུམ་ཁྲ་ཧྲིག་འདུག༔ ཁང་པའི་སྒོ་དྲུང་གཡུང་དྲུང་རིས་སུ་བྱོན༔ དེ་ལ་མེ་ཏོག་སྣ་ཚོགས་དེ་བཞིན་འཁྲུངས༔ ལྷ་རྣམས་རོལ་མོའི་སྒྲ་བསྒྲགས་མཆོད་སྤྲིན་བཅས༔ སྤྲིན་དཀར་ཀློང་ནས་མངོན་སུམ་མཆོད་ཅིང་བལྟ༔ གནས་ཡུལ་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ཀྱིས༔ མེ་ཏོག་ཆར་ཕབ་བདུད་རྩིའི་ཁྲུས་ཆབ་གསོལ༔ རྒྱ་མཚོའི་གོས་ཀྱང་རྣམ་པ་དྲུག་ཏུ་གཡོས༔ བསྒྲགས་མདའི་ཆུ་མིག་དེ་ནུབ་མཚོ་རུ་རྡོལ༔ ནངས་པར་མཚོ་ལ་འཇའ་འོད་དྲ་བའི་འབྲེལ༔ མཚོ་དེའམ་བླ་ཕྱོགས་ཤ་མ་སྦས་པའི་སར༔ ཙནྡན་སྡོང་པོ་ཧ༔རི༔ནི༔སའི་སྔགས༔ ལོ་འདབ་བརྒྱན་པ་ཤད་ཀྱིས་སྐྱེས་པར་གྱུར༔ གྲོང་རྣམས་ལྟད་མོར་འདུས་ཏེ་ངོ་མཚར་གླེང༔ འོན་ཀྱང་དཔྲལ་བའི་མིག་འདིར་ཐེ་ཚོམ་ཡོད༔ ཅེས་སྨྲས་ཉིད་ཀྱིས་ཕྱག་གཡོན་བཀབ་པའི་མོད༔ ཟུམ་ཞེས་གསུངས་འཕྲལ་དེ་ཡང་འཇའ་ལྟར་ཡལ༔ སླར་ཡང་སྤྱན་ཟུང་ལས་ནི་འོད་ཟེར་གཉིས༔ འཕྲོས་ཏེ་སྦས་ལུང་དང་ནི་ལབ་ཏུ་སོལ༔ ཟླ་ཞག་སྐྱེད་འཕེལ་ཡ་མཚན་གཞན་ལས་ཆེ༔ མཐོང་བས་ཡིད་འཕྲོག་ལྷ་ཡི་བུ་མོ་འདྲ༔ བཅུ་གཅིག་ལོན་ཚེ་སྡིག་བློན་ཤནྟི་ཡི༔ ཆུང་མ་བྱེད་སྨྲས་དྲག་ཐབས་བཙོན་དུ་བཟུང༔ རྐང་ལག་ལྕགས་རྒྱབ་ཁང་པ་སྒོ་འཆར་བཅུག༔ ཞག་སོང་བལྟས་པས་མ་མཐོང་འོད་དམར་འཁྲིགས༔ སླར་ཡང་བལྟས་པས་མདའ་གང་ནམ་མཁའ་ལ༔ གཟི་བརྗིད་ལྟར་མི་བཟོད་སྤྲུལ་སྐྱིལ་ཀྲུང་བཞུགས༔ ལྕགས་སྒྲོག་ཞུ་བའི་ཐིག་པ་ཧྲིལ་ཧྲིལ་འབབས༔ དེ་མཐོང་སྡིག་བློན་ཤིན་ཏུ་ཁྲོས་ནས་སུ༔ འདི་ནི་བདུད་དབང་བགེགས་ཀྱིས་བརླབས་སོ་སྨྲས༔ དྲག་ཤུལ་ང་རོས་སྐུ་ལ་བརྡུངས་བརྡེགས་བྱས༔ དེ་ནུབ་བཙོན་སྲུང་གོ་མཚོན་ལྡན་པ་འགས༔ བསླངས་ཀྱང་ནངས་པར་ཉི་མའི་ཟེར་དང་འགྲོགས༔ ལྭ་བ་དཀར་གསོལ་བདེན་མོད་མགུར་དབྱངས་བཅས༔ སྒོ་ཕྲེང་ལྔ་ལ་ཟང་ཐལ་ཚལ་དུ་བྱོན༔ མཁར་ཆེན་གདོང་དུ་ཕ་འོང་དཀར་པོ་ལ༔ སྐུ་ཞབས་རྗེས་ཀྱང་ཤིན་ཏུ་གསལ་པོར་བཞག༔ མངའ་བདག་རྒྱལ་པོའི་དྲུང་དུ་ཐབས་ཀྱིས་བྲོས༔ མཁན་ཆེན་བྷོ་དྷི་ས་ཏྭ་ལ་སོགས་པའི༔ དམ་པ་མང་པོས་རྡོ་རྗེའི་གསུང་གིས་བསྔགས༔ དཔལ་གྱི་དབང་ཕྱུག་དྲུང་ནས་ཡི་གེར་སློབ༔ ལོ་ལྔར་རིག་གནས་ཀུན་བསླབ་མཁས་པར་སྦྱངས༔ ཆུ་མིག་མཚོར་བྱུང་མཚན་དུ་མཚོ་རྒྱལ་གསོལ༔ མངའ་བདག་བཙུན་མོ་མཁར་ཆེན་བཟའ་ཞེས་གྲགས༔ མཚོ་རྒྱལ་རྣམ་ཐར་ཨུཏྤལ་ཕྲེང་བ་ལས༔ འཇིག་རྟེན་མཛད་མཐུན་ལེའུ་དང་པོའོ༔

 

ཨེ་མ་ཧོ༔ དེ་ནས་གུ་རུ་དུས་གསུམ་མཁྱེན་པ་རྗེ༔ སྨོན་ལས་མཐུ་ཡིས་བོད་དུ་སྤྱན་དྲངས་ཤིང༔ ས་གཞི་བྱིན་རླབས་སྐུ་རྟེན་གཙུག་ལག་ཁང༔ གསུང་རྟེན་དམ་ཆོས་ཐུགས་རྟེན་དགེ་འདུན་སྡེ༔ རྨད་བྱུང་སངས་རྒྱས་བསྟན་པ་ཕུན་ཚོགས་མཛད༔ མུན་པའི་གླིང་དུ་ཉི་ཟླ་ཤར་བ་བཞིན༔ འཕགས་ཡུལ་ལོ་པཎ་མདོ་སྔགས་དམ་ཆོས་བསྒྱུར༔ དེ་ཚེ་མངའ་བདག་རྒྱལ་པོས་ཚེ་གཅིག་འདིར༔ སངས་རྒྱས་གདམས་པའི་སྨིན་གྲོལ་གསང་སྔགས་ཆོས༔ ཞུ་བའི་ཆེད་དུ་བཀའ་དྲིན་གསོ་བའི་ཕྱིར༔ བཅུ་དྲུག་གཞོན་ནུ་མ་སོགས་རྒྱལ་སྲིད་བདུན༔ གུ་རུ་ཉིད་ལ་ཕུལ་བས་དགྱེས་བཞིན་དུ༔ རྒྱལ་པོར་འཕྲད་ཆོག་ཟབ་གནད་མང་པོ་གནང༔ མཚོ་རྒྱལ་བརྩེ་བ་ཆེན་པོས་རྗེས་སུ་བཟུང༔ ཏི་ལོའི་ཚོགས་ཁང་བདེ་སྟོང་ཡེ་ཤེས་བསྒོམས༔ དབང་བསྐུར་རྒྱུད་བཤད་རྒྱུད་ནི་སྨིན་གྲོལ་མཛད༔ སླར་ཡང་མཆིམས་ཕུ་དགེའུའི་བྲག་ཕུག་བྱོན༔ འཆི་མེད་མགོན་པོ་བསྒྲུབས་པས་ཚེ་དབང་གྲུབ༔ དེ་ནས་ཡར་ཀླུང་ཤེལ་གྱི་བྲག་ཕུག་ཏུ༔ གུ་རུ་ཉིད་ཀྱིས་སྒྲུབ་ཆེན་བཀའ་བརྒྱད་ཀྱི༔ དཀྱིལ་འཁོར་ཞལ་ཕྱེས་རྗེ་འབངས་ཉེར་ལྔ་ལ༔ སྨིན་བྱེད་དབང་བསྐུར་མེ་ཏོག་གར་བབ་བརྟགས༔ ཉིད་ཀྱི་མེ་ཏོག་བྱང་གི་དལ་དུ་བབས༔ བི་ཏོ་ཏ་མའི་ཟབ་གནད་ཀུན་བསྡུས་ནས༔ བསྐྱེད་རྫོགས་ཟུང་འཇུག་བསྟན་ནས་ཉམས་སུ་བླངས༔ ཟླ་བ་དྲུག་ནས་མཆོག་གི་དངོས་གྲུབ་ཐོབ༔ ཕུར་པ་གདོང་ཙམ་ཞིང་བཅུའི་དགྲ་དང་བགེགས༔ གྲངས་མང་དུས་གཅིག་གསོད་དང་འདྲེན་པར་ནུས༔ གཙང་པོ་གྱེན་བཟློག་རི་བྲག་ཟང་ཐལ་གཤེགས༔ དངོས་ཡོད་དངོས་མེད་པའང་ཡོད་པར་བསྒྱུར༔ རྫུ་འཕྲུལ་ཡ་མ་ཟུང་གིས་འཇིག་རྟེན་བཀང༔ ཕ་མྱོས་ཟ་འདྲེ་བཏུལ་ཞིང་སྲི་འགབ་བཅད༔ བྱང་ཕུའི་བྲག་ལ་ཕུར་པས་ལན་འགའ་བཏབ༔ སྙིང་པོའི་སྔགས་ཕྲེང་བྲག་ལ་རང་བྱོན་བབས༔ དེ་སྐབས་བོན་གྱིས་གསེར་བཙོ་ཞོ་གང་འཕང༔ མེ་ཆུ་གོ་བཟློག་དེ་ཡང་གཡུ་མཚོར་བསྒྱུར༔ ཆོས་མིན་རྩོད་པས་ཕམ་བྱས་ཕྱོགས་སུ་བསྐྲད༔ རྫུ་འཕྲུལ་མཚོ་བྲག་གངས་ཆེན་བཞི་བཞི་རུ༔ གྲུབ་རྟགས་ངོ་མཚར་རྨད་བྱུང་རེ་རེ་བཞག༔ ཤམ་པོར་ཞག་བདུན་ཉི་མ་སྟོད་ལ་མནན༔ ཀླུ་ཤམ་ཆུ་བོ་བྱེ་མའི་སྦུབས་སུ་དྲངས༔ བོད་ཁམས་ཕན་བདེའི་མཛད་པ་རྒྱ་ཆེར་བསྟན༔ སུམ་ཅུ་རྩ་དྲུག་བར་དུ་རྗེ་དང་འགྲོགས༔ དེ་ནས་གུ་རུ་རྗེ་ཡིས་ལུང་བསྟན་བཞིན༔ རྒྱ་གར་ཨ་ཙར་ས་ལེ་འཚོལ་དུ་བྱོན༔ རྒྱ་བལ་མཚམས་ནས་ཇག་པ་མི་ལྔར་འཕྲད༔ སྐུ་ཡི་རྒྱན་འཕྲོག་ཆགས་སྤྱོད་ཁོང་རྣམས་ལ༔ དགའ་བཞིའི་ཡེ་ཤེས་ངོ་སྤྲད་དེ་གར་རྟོགས༔ ལྔ་པོ་ལུས་མ་སྤང་བར་བྱང་ཆུབ་ཐོབ༔ དེ་ནས་རྒྱ་གར་ནུབ་ཕྱོགས་ཤིནྟཾ་གྲོང༔ སླེབས་ཚེ་རྒྱལ་པོའི་བུ་བསད་ཞག་གསུམ་ལོན༔ ཀུན་གྱིས་སྨྲེ་སྔགས་འདོན་པར་ཅི་ཉེས་དྲིས༔ རྒྱལ་བུ་གཡུལ་ངོར་བསད་ཟིན་དེ་གསོ་མཁན༔ རྙེད་ན་རྒྱལ་སྲིད་ཕྱེད་སྟེར་ཕྲད་དང་འཕྲལ༔ ཉིད་ཀྱིས་བསད་གསོ་ནུས་ཀྱི་བྱོན་གྱིས་ཁྲིད༔ ཡུར་གྱི་སྔས་བཞུགས་ཛ༔ཞེས་ལྕགས་ཀྱུའི་རྒྱས༔ ལན་གསུམ་དེ་འཕྲལ་དབུགས་ཀྱིས་རྒྱུ་འགྲུལ་བྱས༔ སླར་ལ་གསོན་བྱུང་ངོ་མཚར་ལོ་རྒྱུས་བགྲང༔ ཐམས་ཅད་ཡིད་ཆེས་ཕྱག་འཚལ་གསོལ་བ་བཏབ༔ རྒྱལ་པོས་ཅི་འདོད་བྱ་དགའ་སྟེར་ཅིག་གསུངས༔ ཤར་ཕྱོགས་བློན་པོའི་བུ་འདོད་བྱས་པ་ཡིས༔ ཐམས་ཅད་འཛུམ་རྒོད་ཁྲེལ་མེད་གཏམ་གླེང་སྨྲ༔ བུ་གཅིག་ལས་མེད་དེ་ཡང་ལྷ་ལྟར་མཛེས༔ གསེར་དང་ལྕི་མཉམ་བསླུས་ཀྱང་ལོན་རེ་ཀན༔ རྒྱལ་པོས་འོན་ཏེ་རྒྱལ་སྲིད་ཕྱེད་འདི་ཡིས༔ བློན་ལ་ཞུ་རྟེན་མཛོད་གསུངས་དེ་བཞིན་བྱས༔ གུ་རུའི་ལུང་བསྟན་དགོས་པའི་གྲོས་བཏབ་ཀྱང༔ ཁྲེལ་བགད་མང་བྱས་བུ་དང་ཉིས་འགྱུར་གསེར༔ ལྕི་མཉམ་རྙེད་ན་སྟེར་ཞེས་རྒྱལ་ཁྲིམས་དཔང༔ མཚོ་རྒྱལ་དུར་ཁྲོད་གནས་བྱོན་རོ་ལངས་གསེར༔ བསྐྱུར་ཏེ་དེ་ཡི་བརྔན་བྱས་བུ་ཡང་སྦྱིན༔ ཨ་ཙར་ས་ལེ་དཔའ་བོ་མཐོང་རོག་གིས༔ ཟག་མེད་བདེ་སྟོང་ཡེ་ཤེས་ཆེས་ཆེར་འཕེལ༔ བདེ་ཆེན་དོན་བསྒོམས་དེ་ཡང་གྲུབ་པ་ཐོབ༔ ཡབ་ཡུམ་ཛྭ་ཀིའི་ཆས་བཟུང་རྒྱ་གར་སོགས༔ ཕྱོགས་ཀྱི་མཐའ་འཁོབ་ཞབས་བཅགས་བྱིན་གྱིས་བརླབས༔ མཐོང་ཐོས་དྲན་རེག་འབྲེལ་ཚད་དོན་དང་ལྡན༔ འགྲོ་བ་མང་པོ་ཐར་པའི་ལམ་དུ་བཀོད༔ བཞི་བཅུ་རྩ་བརྒྱད་བར་དུ་དེ་དང་འགྲོགས༔ དེ་ནས་ཨ་ཙར་ཡེ་ཤེས་དྭངས་མའི་ལུས༔ གྲུབ་སྟེ་ཨོ་རྒྱན་ཡུལ་སོགས་མཁའ་སྤྱོད་ཉུལ༔ མཚོ་རྒྱལ་བལ་ཡུལ་ཤང་སྒོའི་བྲག་ཕུག་ཏུ༔ ཏིང་འཛིན་གཡོ་མེད་རྡོ་རྗེ་ལྟར་བཞུགས་ཀྱང༔ དེ་ཚེ་ཉིན་མཚན་མི་དང་མི་མིན་གྱིས༔ རྒྱུ་འགྲུལ་སྐབས་ལྟ་གླགས་ཚོལ་མང་དུ་བྱུང༔ དང་པོ་མེ་ནང་བཅུག་པས་དེ་མདོག་བསྒྱུར༔ ཆུ་ནང་བསྐུར་བས་ཆུ་སྟེང་སྐྱིལ་ཀྲུང་བཞུགས༔ ས་འོག་མནན་པས་སྟེང་དུ་ཡང་ཡང་བྱུང༔ བྲག་ཀྱང་བསྒྲིལ་བས་གྱེན་ལོག་རང་གནས་བཞུགས༔ དུག་དྲངས་གསོལ་བས་སྔར་བས་གཟི་མདངས་རྒྱས༔ མཚོན་གྱིས་བརྒྱབ་ནས་རྟེན་མེད་ནམ་མཁའ་ལྟར༔ དེ་མཐོང་ཐམས་ཅད་ངོ་མཚར་བླ་མར་བསྐུར༔ ཆོས་དང་གདམས་ངག་ཞུས་པར་རྫུ་འཕྲུལ་གྱིས༔ ཆེ་བ་མང་བསྟན་སྨིན་གྲོལ་རྒྱ་ཆེར་སྩལ༔ མཐོང་ཐོས་དྲན་རེག་འབུམ་ཕྲག་བཅོ་བརྒྱད་གྲགས༔ དགེ་སྦྱོང་འབྲས་བུ་བཞི་ཐོབ་ས་ལ་བཀོད༔ ཁ་ཅིག་འཕོ་མེད་དགོངས་པ་མངོན་དུ་གྱུར༔ དངོས་བསྒྱུར་བསྟན་འགྲོའི་དོན་ཡང་དཔག་མེད་བྱུང༔ དེ་ནས་མོན་ཡུལ་བྲག་དཀར་རྫོང་དུ་བྱོན༔ ཡུལ་རྗེའི་སྲས་མོ་བཀྲ་ཤིས་ཁྲེའུ་འདྲེན་གྱིས༔ ཅི་མཉེས་ཞབས་ཏོག་བསྒྲུབས་ནས་རྗེས་སུ་འབྲང༔ སྟག་ཚང་ཕུག་པར་གུ་རུའི་གཟུངས་མར་ཕུལ༔ སླར་ཡང་པདྨའི་ལུང་བསྟན་བལ་ཡུལ་བྱོན༔ གནོད་སྦྱིན་གསུམ་བརྟུལ་རིན་ཆེན་གཏེར་ལྔ་སྦས༔ ཀ་ལ་སིདྷི་རྙེད་ནས་ལྷོ་བྲག་ཏུ༔ གུ་རུ་རྗེ་ལ་ཕུལ་བས་སྔར་བཞིན་དགྱེས༔ དེ་ནས་སྔོན་གྱི་སྡིག་བློན་ཚེའི་དུས་བྱས༔ ངུ་འབོད་དམྱལ་བར་སྐྱེས་ཤིང་འོ་བརྒྱལ་གཟིགས༔ དམྱལ་གནས་བྱོན་ནས་ཞི་ཁྲོའི་ལྷ་ཞལ་ཕྱེས༔ སྒྲུབ་པ་མཛད་པས་ཚ་གྲང་སྡུག་བསྔལ་ཞི༔ ཤནྟིའི་གཙོར་བྱས་འདྲེན་སྟོབས་རྒྱ་ཆེར་མཛད༔ སྐབས་སུ་སེམས་ཅན་དམྱལ་བའི་འཁོར་བ་སྟོང༔ སླར་ཡང་རིགས་དྲུག་སོ་སོའི་གནས་སུ་བྱོན༔ སྣ་ཚོགས་གང་འདུལ་འཕྲིན་ལས་བསམ་མི་ཁྱབ༔ དེ་ནས་རྒྱ་གར་ནུབ་ཕྱོགས་མཁའ་འགྲོའི་གླིང༔ བྱོན་ནས་ལྷ་ཀླུ་གནོད་སྦྱིན་གྲོགས་བྱས་ཏེ༔ རིན་ཆེན་དུ་མའི་གུ་རུའི་སྐུ་ཚབ་ནི༔ འབུམ་ཕྲག་བདུན་བཞེངས་མི་མཇེད་ཁམས་སུ་སྤེལ༔ མ་འོངས་འགྲོ་བའི་བསོད་ནམས་རྟེན་དུ་བཞག༔ འཇོག་པོའི་གནས་གཤེགས་རྒྱུ་འབྲས་ཆོས་བཤད་ཅིང༔ ཀླུ་ཡི་འགྲོ་མང་བྱང་ཆུབ་ལམ་ལ་བཀོད༔ མཁའ་ལྡིང་བྱེ་ཚན་གནོད་པའི་རྒྱུན་ཡང་བཅད༔ གངས་རིའི་ཕོ་བྲང་དབང་ཕྱུག་ཡབ་ཡུམ་གྱི༔ སྤྱན་དྲངས་བླ་མེད་ཆོས་བསྟན་ཕྱོགས་བཞི་ཡིས༔ མུ་སྟེགས་སངས་རྒྱས་བསྟན་ལ་དད་གུས་བྱུང༔ འཇིག་རྟེན་དྲེགས་ཆེན་གཏེར་བདག་ལ་སོགས་པས༔ སོ་སོའི་གནས་སུ་སྤྱན་དྲངས་བསྙེན་བཀུར་བྱས༔ སྲོག་སྙིང་ཕུལ་ནས་དམ་བཞག་སྲུང་མར་བསྐོས༔ རྩེ་གསུམ་གངས་ནས་གསོ་རིགས་རྒྱུད་བཞི་བཏོན༔ ཕྱོགས་བཅུའི་ཁམས་ནས་དམ་ཆོས་བསྡུ་བ་མཛད༔ མཁའ་སྤྱོད་ཞིང་ཉུལ་དབང་དང་གདམས་པ་ཞུས༔ རྟག་ཏུ་འགྲོ་དོན་སྐྱོ་ངལ་མེད་པར་མཛད༔ བསིལ་ལྡན་འགྲོ་བའི་གཉེན་གཅིག་མཚུངས་པ་མེད༔ མཚོ་རྒྱལ་རྣམ་ཐར་ཨུཏྤལ་ཕྲེང་བ་ལས༔ འཇིག་རྟེན་འདིའི་མཛད་མཐུན་ལེའུ་གཉིས་པའོ༔

 

ཨེ་མ་ཧོ༔ དེ་ནས་པདྨའི་བཀའ་བསྡུ་མཛད་ཙ་ན༔ ཤར་ཕྱོགས་གུ་རུ་རྣམ་པར་སྣང་བ་དང༔ ལྷོ་ཕྱོགས་གུ་རུ་རིན་ཆེན་རྒྱལ་པོ་དང༔ ནུབ་ཕྱོགས་གུ་རུ་པདྨ་གརྫན་དང༔ བྱང་ཕྱོགས་གུ་རུ་དྲི་མེད་འོད་གསལ་བ༔ དབུས་ཕྱོགས་གུ་རུ་འོད་ཟེར་མཐའ་ཡས་པ༔ སྐུ་ལྔའི་བཀོད་པ་ཆོས་སྐུའི་ཞིང་ཀུན་ཁྱབ༔ དེ་ལས་ལོངས་སྐུའི་སྤྲིན་མང་རབ་འཕྲོ་བ༔ དེ་ཡི་བ་ཡུའི་ཁུང་བུ་གཅིག་ནའང༔ སྤྲུལ་སྐུའི་ཞིང་ཁམས་རབ་ཏུ་མང་པོ་ཡོད༔ དེ་དག་ཀུན་ལ་གུ་རུ་པདྨ་རེ༔ ཟབ་གཏེར་འཛད་མེད་ནམ་མཁའི་མཛོད་དུ་གནས༔ གུ་རུའི་གསུང་ཡང་ནམ་མཁའི་མཐར་ཁྱབ་སྟེ༔ འཇིག་རྟེན་འདིར་གནས་བཀའ་ཡིས་བསྡུ་བ་བྱས༔ གཏེར་རིགས་བཅོ་བརྒྱད་ཚུལ་གྱིས་སྦས་ཤིང་གཏད༔ མ་འོངས་ལས་ཅན་འཕྲད་པའི་སྨོན་ལམ་བཏབ༔ དེ་ནས་པད་འབྱུང་རྗེ་ཡང་སྲིན་ཡུལ་གཤེགས༔ མཚོ་རྒྱལ་ཉིད་ཀྱང་ཞིང་འདིར་ལོ་ཉིས་བརྒྱར༔ བཞུགས་ནས་བསྟན་འགྲོའི་དོན་མཛད་གཏེར་ཞབས་བསྟམསས༔ འཕྲིན་ལས་མཛད་པ་བསམ་མི་ཁྱབ་པར་བསྟན༔ སྐུ་དངོས་འགྲོ་དོན་རྫོགས་ཚེ་མཚོ་རྒྱལ་ཡུམ༔ བཀྲ་ཤིས་ཁྱེའུ་འདྲེན་ཀ་ལ་སིདྷི་དང༔ རྣམ་གསུམ་ཤངས་ཀྱི་ཟབ་ལུང་རི་ཡི་རྩེར༔ སྤྲེལ་ཟླའི་མར་ཕྱོགས་ཚེས་བཅུར་ཆགས་ཕེབས་ནས༔ མཁའ་སྤྱོད་གཤེགས་གསུངས་བོད་འབངས་ཕོ་མོ་འདུས༔ རང་རང་འཚོལ་བའི་ཆོས་གསུངས་ཚོགས་འཁོར་བསྐོར༔ བཞེས་པ་ཟིན་ནས་ཉིད་ཀྱི་ཕྱག་གཉིས་གྱིས༔ མཁའ་འགྲོ་གཉིས་ལ་རོག་ནས་ཀུ་མུད་ཏ༔ བཅུ་དྲུག་འདབ་ལྡན་གཉིས་གྱུར་ཐུགས་ཀར་བསྣམས༔ ནམ་མཁར་འཕགས་ཤིང་སྐུ་ཡི་གནས་དང་ཆའི༔ འོད་ཟེར་ཁ་དོག་དྲུག་འཕྲོས་ཕྱོགས་བཅུར་ཁྱབ༔ ཉི་མ་ཟླ་བའི་འོད་ཀྱང་མོག་མོག་གྱུར༔ དེ་ཚེ་རྔ་ཡབ་གླིང་ནས་དཔའ་བོ་དང༔ མཁའ་འགྲོའི་ཚོགས་རྣམས་སྤྲིན་ཕུང་གཏིབ་བཞིན་བྱོན༔ ནམ་མཁའ་བར་སྣང་འཇའ་འོད་ཐིག་ལེས་ཁྱབ༔ དྲི་བསུངས་ངད་ལྡན་མེ་ཏོག་ཆར་པ་བབས༔ ལྷ་ཡི་མཆོད་འཕྲིན་རོལ་མོའི་སྒྲས་བསུས་ཏེ༔ སྐུ་ལུས་འོད་ཕུང་རྣམ་པར་མཁའ་ལ་གཤེགས༔ སླར་ཡང་ལས་སྐལ་ལྡན་པའི་སྣང་བའི་ངོར༔ སྐུ་མདོག་དམར་པོ་སྤྱན་གསུམ་རུས་རྒྱན་ཅན༔ ཌཱ་མ་རུ་འཁྲོལ་ཚངས་པའི་གསུངས་དབྱངས་ཀྱིས༔ གདམས་ངག་ཞལ་ཆེམས་མང་གནང་འཇའ་ལྟར་ཡལ༔ བོད་འབངས་ཉ་མོ་བྱེ་ཚན་བཏོན་པ་བཞིན༔ ཕྱག་འཚལ་ལ་ལ་སྨྲེ་སྔགས་གསོལ་འདེབས་བཏོན༔ ཞག་བདུན་བར་དུ་དབྱངས་ཅན་སྒྲོལ་བསྟོད་སོགས༔ རྒྱུད་མང་སྒྲ་སྙན་གདང་བཞིན་རང་སྒྲ་གྲགས༔ དེ་བཞིན་གཡའ་བྲལ་མཁའ་ལ་འཇའ་སྤྲིན་འཁྲིགས༔ འོད་དང་སྒྲ་ཡིས་རྣམ་པར་འཁྱུད་ཅིང་འགེངས༔ དགུན་གྲང་ཟུག་པ་སེལ་ཞིང་དབྱར་དུས་བཞིན༔ ཆུ་ཀླུང་དལ་འབབས་ལྗོན་འབྲས་མེ་ཏོག་འཁྲུངས༔ བོད་ཁམས་ཀུན་ཀྱང་ཕན་བདེའི་དཔལ་ལ་སྤྱོད༔ མ་འོངས་སྤྲུལ་པ་རྒྱ་མཚོའི་འགྲོ་དོན་བྱེད༔ མཚོ་རྒྱལ་རྣམ་ཐར་ཨུཏྤལ་ཕྲེང་བ་ལས༔ རྫུ་འཕྲུལ་མཛད་པ་ལེའུ་གསུམ་པའོ༔

 

ཨེ་མ་ཧོ༔ དེ་ལྟར་གུ་རུའི་ཐུགས་བྱོན་གཟུངས་མ་ལྔའི༔ མཆོག་གྱུར་དབྱངས་ཅན་སྤྲུལ་པ་མཚོ་རྒྱལ་གྱི༔ རྣམ་ཐར་བསྡུས་པ་ཨུཏྤལ་ཕྲེང་མཛེས་འདི༔ མ་འོངས་དད་མོས་དྭངས་པ་འདྲེན་པའི་ཕྱིར༔ མཁའ་འགྲོ་མང་པོས་འཕྲུལ་གྱི་ཡི་གེར་བྲིས༔ དྲང་སྲོང་གཉེར་གཏད་འབྱུང་བའི་ཁམས་སུ་སྦས༔ ཤེས་རབ་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ ཧྲུཧྲུལ། ཧྲུསུ་ཨཀྵ།  རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཞེས་དཔའ་བོའི་ཆོས་དབྱིངས་རྡོ་རྗེས་གཏེར་བྱོན་དག་པར་ཕབ་པའི་ཡི་གེ་པ་ནི་བླ་མ་འཇིགས་མེད་འཕྲིན་ལས་ཀྱིས་བགྱིས་པའོ༔ སརྦ་མངྒ་ལམ།

Leave a Reply

Your email address will not be published. Required fields are marked *