ཛ༽ མགོན་པོ་ཀླུ་སྒྲུབ་ཀྱི་རྣམ་ཐར་སྙིང་བསྡུས།
ལྷོ་ཕྱོགས་བེ་ཏའི་ཡུལ་དུ་བྲམ་ཟེར་འཁྲུངས། །སྒྲ་གཅན་འཛིན་ལས་རབ་བྱུང་མཁས་པར་གྱུར། །
ཤེར་ཕྱིན་གདན་དྲངས་མདོ་སྔགས་གཞུང་བརྒྱ་མཛད། །ཤིང་རྟའི་སྲོལ་བཏོད་ཀླུ་སྒྲུབ་ཞབས་ལ་འདུད། །
ཅེས་བསྟོད་ཕྱག་སྔོན་དུ་བཏང་སྟེ། སློབ་དཔོན་འདིའི་ལེགས་སྦྱར་གྱི་མཚན་ལ་ནཱ་ག་རྫུ་ན་ (नागार्जुन,) (Nagarjuna) དང་། རྒྱའི་སྐད་དུ་ (龍樹) བོད་སྐད་དུ་མགོན་པོ་ཀླུ་སྒྲུབ་ཅེས་ཞུ་ཞིང་། རྒྱལ་བའི་ལུང་གིས་ཟིན་པ་ལྟར། སྟོན་པ་འདས་ནས་ལོ་བཞི་བརྒྱ་ན་ལྷོ་ཕྱོགས་བཻ་དརྦྷར་བྲམ་ཟེའི་རིགས་སུ་འཁྲུངས། ནཱ་ལེནྡྲར་མཁན་པོ་སྒྲ་གཅན་འཛིན་ལས་རབ་ཏུ་བྱུང་སྟེ། མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། བསྟན་པ་བསྐྱངས་ཤིང་དབུ་མའི་ཤིང་རྟའི་སྲོལ་བཏོད་དེ་དབུ་མའི་རྒྱན་དུ་གྱུར། སྡེ་པ་ཀུན་གྱི་བདག་པོ་མཛད་ཅིང་། གསེར་འགྱུར་གྱི་རྩི་བསྒྲུབས་ནས་དགེ་འདུན་ལ་འཚོ་བ་སྦྱར། ཀླུ་ཡུལ་དུ་བྱོན་ནས་ཤེར་ཕྱིན་གདན་དྲངས། རིགས་ཚོགས་སོགས་བསྟན་བཅོས་ ༡༤༩ བརྩམས་ཤིང་། མུ་སྟེགས་པ་རྩོད་པས་ཚར་བཅད། ལྷ་ཁང་དང་མཆོད་རྟེན་གྱིས་ས་ཕྱོགས་ཐམས་ཅད་ཁྱབ་པར་མཛད། ནཱ་ལེནྡྲའི་མཁན་པོ་མཛད་ཅིང་། འཇམ་དབྱངས་ཀྱིས་རྗེས་སུ་བཟུང་། མདོ་ལུགས་ལ་ས་བརྒྱད་པ་དང་། མཆོག་ཐུན་གྱི་དངོས་གྲུབ་ཐོབ་སྟེ་དགུང་ལོ་ ༦༠༠ བཞུགས་ནས་སློབ་དཔོན་ཨཱརྱ་དེ་ཝ་སོགས་ཐུགས་སྲས་བཞི་དང་། སངས་རྒྱས་བསྐྱངས་སོགས་ཉེ་སྲས་གསུམ་སོགས་སློབ་མ་མང་དུ་བསྐྱངས། ལྷོ་ཕྱོགས་དཔལ་རིར་འཆད་རྩོད་རྩོམ་པས་བསྟན་པ་རྒྱས་པར་མཛད་ཅིང་། མཐར་དབུ་སྦྱིན་པ་བཏང་ནས་བདེ་བ་ཅན་དུ་གཤེགས། མ་འོངས་པའི་དུས་སྐུ་དེ་ཉིད་ལ་ཞུགས་ནས་འགྲོ་དོན་མཛད་པར་འགྱུར་ལ། རྒྱན་དྲུག་ལས་དང་པོ་དབུ་མའི་རྒྱན་དང་། པཎ་གྲུབ་བཅུ་བདུན་ལས་དང་པོ་བཅས་སོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༩༧ ནས་ ༣༩༨ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།