ཚ༽ ལྷ་དང་བླ་མའི་ལུང་བསྟན་རིམ་པར་བྱུང་ཚུལ།
དེ་ཡང་སྨྱོ་ཤུལ་མཁན་པོ་ངག་དབང་དཔལ་བཟང་ (1879-1940) གིས་མཛད་པའི་ཇོ་བོ་ཡབ་སྲས་ལ་གསོལ་བ་འདེབས་པ་ལས[1]།
སྒྲོལ་མས་ལུང་བསྟན་རྒྱལ་བུ་དཀོན་མཆོག་འབངས། །
ཐུབ་བསྟན་ཡོངས་སུ་རྫོགས་པའི་མངའ་བདག་མཆོག །
ལྷ་ཆོས་བདུན་ལྡན་ཇོ་བོ་བཀའ་གདམས་པའི། །
རྒྱལ་བའི་འབྱུང་གནས་ཁྱེད་ལ་གསོལ་བ་འདེབས། །
ཞེས་བསྟོད་ཕྱག་མཛད་པ་ལྟར། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[2]། དེ་ནས་ཇོ་བོ་རྗེས་བོད་ཁམས་ཀྱི་གདུལ་བྱ་རྣམས་ལ་ཐུགས་བརྩེ་བས་བོད་དུ་བྱོན་ན་སངས་རྒྱས་ཀྱི་བསྟན་པ་ལ་ཕན་མི་ཕན་དང་། དེ་ལ་གེགས་བར་ཆད་ཀྱིས་གནོད་པ་ཡོད་མེད་སོགས་བརྟག་པ་མཛད་དེ་ལྷག་པའི་ལྷ་རྣམས་ལ་གསོལ་འདེབས་ཤུགས་དྲག་ཏུ་མཛད་ཅིང་རྡོ་རྗེ་གདན་དུ་བཞུགས་པའི་དུས། ལྷ་དང་བླ་མ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་ཇི་ལྟར་སྦྱོང་བར་བསྐུལ་བ་བཞིན་ཐུགས་རྗེ་ཆེན་པོ་ཡི་དམ་དུ་བཟུང་ནས་རྡོ་རྗེའི་གདན་གྱི་ནུབ་ཕྱོགས་ན་འོད་དཔག་ཏུ་མེད་པའི་ལྷ་ཁང་ཞིག་ཡོད་པ་དེའི་ནང་དུ་བྱམས་པའི་ཐུགས་དམ་ལ་བཞུགས་པས། ཇོ་བོ་ཐུགས་རྗེ་ཆེན་པོའི་ཞལ་མངོན་སུམ་དུ་གཟིགས། ཐུགས་རྗེ་ཆེན་པོའི་ཞལ་ནས། སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གསང་བའི་མཛོད་གང་ཡིན་པ་དེ་ཁྱོད་ཀྱིས་ཤེས་སོ། །འདི་ནས་བྱང་ཕྱོགས་ན་ངའི་ཞིང་ཁམས་ཡོད། ཁྱོད་ཀྱི་ཡི་དམ་ཇོ་མོ་སྒྲོལ་མ་ཡང་དེ་ན་སེམས་ཅན་གྱི་དོན་མཛད་ཅིང་བཞུགས། ཁྱོད་ཀྱི་གདུལ་བྱ་མང་པོ་ཡང་དེ་ན་ཡོད་པས་བྱང་ཕྱོགས་སུ་སོངས་ཤིག་གསུངས་ནས་བོད་ཁ་བ་ཅན་འདུལ་བར་ལུང་བསྟན་ཏོ།།

ཡང་ཇོ་བོ་རྗེས་རྗེ་བཙུན་མ་སྒྲོལ་མའི་རྟེན་གྱི་སྤྱན་སྔར་མཆོད་པ་བཤམས། མཎྜལ་ཕུལ་ནས་གསོལ་བ་བཏབ་པ་ནི། ངས་བོད་དུ་ཕྱིན་ན་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་སམ་མི་ཐོགས་བྱ་བ་དང་། རྒྱལ་པོ་བྱང་ཆུབ་སེམས་དཔའི་ཐུགས་དགོངས་རྫོགས་སམ་མི་རྫོགས་བྱ་བ་དང་། རང་གི་ལུས་སྲོག་གི་བར་ཆད་དུ་འགྱུར་རམ་མི་འགྱུར་བྱ་བ་གསུམ་གསོལ་བ་བཏབ་པས། དེའི་ནུབ་མོ་རྨི་ལམ་ན། གནས་འདི་འདྲ་བ་ཞིག་ན་ནང་པའི་ལྷ་ཁང་ཆུང་ངུ་ཞིག་ཡོད། ནངས་པར་དེར་སོངས་ལ་རྣལ་འབྱོར་མ་ཞིག་འོང་གི་དེ་ལ་དྲིས་དང་གསུང་བ་རྨིས། ནངས་པར་ཇོ་བོས་མེ་ཏོག་སྙིམ་པ་གང་བསྣམས་ནས་ལྷ་ཁང་དེར་ཞུགས་པ་ན་རྣལ་འབྱོར་མ་རལ་པ་ས་ལ་ཞམ་མེ་བ་ཞིག་བྱུང་། དེ་ལ་མེ་ཏོག་རྣམས་ཕུལ་ནས་ང་བོད་ཀྱི་རྒྱལ་པོས་སྤྱན་འདྲེན་ན་ངས་བོད་དུ་ཕྱིན་ན་བོད་ཀྱི་སེམས་ཅན་ལ་ཕན་ཐོགས་སམ་མི་ཐོགས་ཞུས་པས། བོད་དུ་བྱོན་ན་ཕན་ནི་ཐོགས་ནས་འོང་། ཁྱད་པར་ཨུ་པ་སི་ཀ་[3]གཅིག་ལ་བརྟེན་ནས་ཕན་ཐོགས་ཏེ་འོང་བར་འདུག །དེ་བྱིན་གྱིས་རློབས་ཤིག་གསུངས།
ད་དུང་རྡོ་རྗེ་གདན་ལ་མཆོད་པ་ཆེན་པོ་ཞིག་བྱས་ལ་གསོལ་བ་གདབ་དགོས་སྙམ་ནས་འབྱོན་པར་ཆས་པ་ན། མཁན་པོ་ཛྙཱ་ན་ཤྲཱི་མི་ཏྲས་འགྲོན་བུ་སྦར་གང་བསྐུར་ནས་རྡོ་རྗེ་གདན་ན་རྒན་མོ་རལ་པ་སེ་ཤ་རེ་བ་གཅིག་ཡོད་དེ་ལ་ཕུལ་གསུངས་སྐད། དེ་ནས་རྡོ་རྗེ་གདན་དུ་བྱོན་ཙ་ན་རྒན་མོ་རལ་པ་སེ་ཤ་རེ་བ་གཅིག་ན་རེ། ང་ལ་བསྐུར་བའི་འགྲོན་བུ་ཚུར་ཐོངས་གསུངས། དེ་ལ་ཡང་ཡིད་ཀྱིས་ཕྱག་དང་དྲི་བ་མཛད་པས་ཀྱང་གོང་དང་མཐུན་པར་བྱུང་། བོད་དུ་བྱོན་ན་ཕན་ཐོགས་པར་ལུང་བསྟན་པ་ན། ལུས་སྲོག་གི་བར་ཆད་དུ་འགྱུར་རམ་མི་འགྱུར་ཞུས་པས། ཚེ་ནི་བོད་དུ་བྱོན་ན་ཐུང་བར་འདུག་གསུང་། ཇི་ཙམ་གྱིས་ཐུང་ཞུས་པས། བོད་དུ་མ་བྱོན་ན་དགུ་བཅུ་གོ་གཉིས་ཐུབ། ཕྱིན་ན་བདུན་ཅུ་རྩ་གསུམ་ལས་མི་ཐུབ་གསུང་། དོན་ལ་ཉི་ཤུ་ཐམ་པས་ཐུང་དུ་སོང་བ་ཡིན་སྐད། དེའི་ཚེ་ཇོ་བོའི་ཐུགས་དགོངས་ལ་བོད་ལ་ཕན་ཐོགས་ན་ཚེ་ཐུང་ན་ཡང་ཐུང་སྟེ། ཚེ་ལ་མི་ལྟ་སྙམ་པའི་ཐུགས་སྟོབས་ཆེན་པོ་སྐྱེས་སོ།།
དེ་ནས་ཇོ་བོ་རྗེ་རྒྱ་གར་གྱི་དགེ་འདུན་གྱི་སྡེ་རྣམས་དང་སྦྱིན་བདག་རྣམས་ཀྱིས་བོད་དུ་བྱོན་ན་རྒྱ་གར་ཆོས་ཀྱི་འབྱུང་གནས་ཉམས་པར་འགྱུར་ཞེས་ཐམས་ཅད་ཀྱིས་མཐུན་པར་བཀག་ནས་བོད་དུ་འབྱོན་མི་འཇུག་པ་ལ། ཇོ་བོ་རྗེས་ཐབས་མཁས་ཀྱིས་བོད་དུ་འབྱོན་པའི་འཕྲོས་མེད་པར་རྡོ་རྗེ་གདན་སོགས་གནས་ཆེན་རྣམས་སུ་མཆོད་པ་རྒྱ་ཆེ་བ་རེ་བགྱིད་པ་ཡིན་གསུངས་ནས་གནས་རྣམས་སུ་ཕར་ཕེབས་ཚུར་ཕེབས་མཛད།

ཇོ་བོ་འཇམ་དཔལ་རྡོ་རྗེ་སོགས་སྐུ་རྟེན་བྱིན་རླབས་ཅན་མང་པོ་དང་གསུང་རྟེན་གླེགས་བམ་མང་དུ་ཡོད་པ་རྣམས་འབྲོམ་ཆོས་ཀྱི་རྒྱལ་པོའི་ཐབས་མཁས་ཀྱི་སྤྲུལ་པ་ཚོང་པའི་རྣམ་པ་ཅན་ཞིག་གིས་སུས་ཀྱང་མ་ཚོར་བར་གདན་དྲངས། ཇོ་བོ་དཔོན་སློབ་རྣམས་རྒྱ་གར་ནས་ལྕགས་ཕོ་འབྲུག་གི་ ༡༠༤༠ མཇུག་ལ་ཕྱགས་བཏེག །ལྕགས་མོ་སྦྲུལ་ལ་བལ་ཡུལ་དུ་ཕེབས། བལ་ཡུལ་གྱི་རྒྱལ་པོ་གྲགས་པ་མཐའ་ཡས་སོགས་སྡེ་དཔོན་རྣམས་དང་། པཎྜི་ཏ་རྣམས་ཀྱིས་གཙོས་དད་ལྡན་ཐམས་ཅད་ཀྱིས་གུས་པ་ཆེན་པོས་མཆོད་པའི་བྱེ་བྲག་སྣ་ཚོགས་པས་བསུས་ཤིང་གསོལ་བ་བཏབ་ནས་བལ་ཡུལ་དུ་ལོ་གཅིག་བཞུགས་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། ཐང་བྷི་ཧ་རའི་གཙུག་ལག་ཁང་བཞེངས་ཏེ་དགེ་འདུན་གྱི་སྡེ་བཙུགས། ཞེས་གསུངས་པ་ལྟར་རོ།།
དེ་ལྟར་ལོ་ཙཱ་བ་གཉིས་ཀྱིས་གསོལ་བ་དྲག་ཏུ་བཏབ་པ་ལ་བརྟེན་ཇོ་བོ་བསྟན་པ་ལ་དགོངས་ཏེ་བོད་ཡུལ་དུ་ཕེབས་འདོད་ཡོད་ན་ཡང་རང་ཉིད་བྱ་བ་མང་བ་དང་། དགེ་འདུན་གྱི་གནང་བ་ཐོབ་པར་དཀའ་བ་སོགས་ཀྱི་གནས་ཚུལ་ལ་བརྟེན་འཕྲལ་དུ་ཕེབས་མ་ཐུབ་པའི་རྒྱུ་མཚན་རྣམས་ལོ་ཙཱ་བ་ལ་བཤད། དེ་ཡང་ཇོ་བོའི་ཞལ་ནས། རང་བཞིན་གྱི་རྣལ་འབྱོར་མས། བོད་ལ་ཕན་ཐོགས་པར་ལུང་བསྟན་པས། འགྲོ་བར་ནི་བྱ་ན་བྱ་བ་གསར་པ་མི་བརྩམ་པར་ཆོས་འཕྲོ་བཏུལ་བ་དང་གཙུག་ལག་ཁང་གི་གཉེར་གཏད་པ་སོགས་རྙིང་པ་འཕྲོ་ཅན་རྣམས་ཟིན་པ་ལ་བརྩོན་འགྲུས་བསྐྱེད་ཀྱང་ཟླ་བ་བཅོ་བརྒྱད་དགོས་པར་འདུག་པས་དེའི་བར་ལོ་ཙཱ་བས་སྡོད་ནུས་སམ། ཞེས་གསུངས་སོ།།
སྤྱིར་དགེ་འདུན་གྱི་གནང་བ་ཐོབ་པར་དཀའ་བས་གནས་བརྟན་རཏྣ་ཀ་ར་ལ་ཡང་དེ་ལྟ་བུའི་གནས་ཚུལ་རྣམས་མ་ཞུས་མོད། འོན་ཀྱང་གནས་བརྟན་གྱིས་ཚུལ་དེ་རྣམས་ཐོས་ནས་ནག་ཚོ་ཚུལ་ཁྲིམས་རྒྱལ་བ་ལ་སྨྲས་པ། ད་ངས་གོ །ཚེ་དང་ལྡན་པ་ཡང་སློབ་གཉེར་བྱེད་པར་མི་འདུག །བོད་རྒྱལ་པོས་ངེད་ཀྱི་མི་རྐུར་བཏང་བར་འདུག །ཇོ་བོ་ཡང་གཤེགས་པ་ལ་དགྱེས་པར་འདུག །མ་བཏང་ན་གཞན་དོན་གྱི་བར་ཆད་དུ་འགྲོ། ཚེ་དང་ལྡན་པ་ཡང་ང་རང་གི་སློབ་མ་ཡིན་པས་མི་དགའ་བ་བྱར་མི་རུང་ལོ་གསུམ་ཁྱེད་ལ་གཡར་དུ་བཏང་། དེ་ནས་ཚུར་སྤྱན་དྲོངས། ཁྱོད་ཀྱིས་ཀྱང་བལ་ཡུལ་ཚུན་མ་བསྐྱལ་ན་དམ་ཚིག་ཉམས་སོ། །ཇོ་བོ་མི་བཞུགས་ན་རྒྱ་གར་ན་བསྟན་པ་ནུབ་པ་འདྲ་བ་ཡིན་ནོ། །ཞེས་གསུངས་པ་ལྟར་ཇོ་བོ་བོད་དུ་ཕེབས་རྒྱུར་གནས་བརྟན་གྱིས་ཀྱང་གནང་བ་ཐོབ་བོ། །དེ་ལྟར་ཇོ་བོ་བལ་ཡུལ་བརྒྱུད་བོད་དུ་ཕེབས་ལོ་ནི། མཁས་དབང་ཚེ་ཏན་ཞབས་དྲུང་ (1910-1985) གིས་མཛད་པའི་བསྟན་རྩིས་ཀུན་ལས་བཏུས་པ་ལས[4]། ལྕགས་སྦྲུལ། ཇོ་བོ་རྗེ་བལ་པོར་ཕེབས་ནས་ལོ་གཅིག་བཞུགས། སྒྲ་སྒྱུར་མར་པ་རྒྱ་གར་དུ་ལན་གསུམ་པ་སྟེ་ཐ་མ་ཕེབས་ཟེར་བ་ལ་བརྟག་རྒྱུ་ཡོད་དེ། མི་ལ་འཁྲུངས་པའི་ཕྱི་ལོ་ཡིན་པས་སོ། །ས་ཆེན་གྲགས་པ་རྒྱལ་མཚན་གསུང་ན་ནག་ཚོ་ལོ་ཙཱ་བའི་གསུང་སྒྲོས་བཀོད་པར་ཇོ་བོ་བལ་པོར་བཞུགས་པའི་ལོ་འདིར་ནཱ་རོ་པཎ་ཆེན་སྐུ་འདས་པར་གསུངས། ཞེས་ཀྱང་བྱུང་ངོ་།།
གཞན་ཡང་པཎ་ཆེན་དཔལ་ལྡན་ཡེ་ཤེས་ (1738-1780) ཀྱིས་མཛད་པའི་ལམ་རིམ་ཆེན་མོའི་བཤད་ལུང་རྒྱས་པར་གནང་སྐབས་གཞུང་གི་རྩ་ཚིག་ལ་མི་གསལ་བའི་གསུང་བཤད་རྣམས་ཀྱི་ཟིན་བྲིས་ལེགས་བཤད་རྒྱ་མཚོ་ལས[5]། ཇོ་བོ་བོད་དུ་ཕེབས་དུས་ཙནྡན་གྱི་ཁྲིའུ་ཞིག་བསྣམས་ནས་ཡོད་པ་མོན་[6]གྱི་རྒྱལ་པོ་ཞིག་གིས་ཤེས་ནས་ཇོ་བོ་ལ་སློང་བ་ན། ཁྱོད་ལ་མི་སྟེར་བོད་དུ་སྐྱེས་ལ་ཁྱེར་འགྲོ་རྒྱུ་ཡིན་གསུངས་པས། ཁོ་མ་དགའ་ནས་ཆོམ་པོ་འགའ་ཞིག་བཏང་ནས་འཕྲོག་ཏུ་བཅུག་པའི་ཚེ་ཇོ་བོས་ཇག་ཆིང་གི་གདམས་པ་མཛད་པས་དེ་རྣམས་རེངས་པར་མཛད་ནས་ཚུར་ཕེབས། དེ་ནས་རྒྱང་གྲགས་ཙམ་སོང་བ་ནས་སླར་བྱེ་མ་ལ་སྔགས་བཏབ་ནས་ལམ་དེ་ལ་འགྲོ་མི་འགའ་ལ་བསྐུར་ཏེ་ཇག་པ་རེངས་པ་རྣམས་ལ་གཏོར་དུ་བཅུག་པས་བཅིངས་པ་ལས་གྲོལ་བར་མཛད་པའི་གཏམ་རྒྱུད་ལྟ་བུ་ཡིན་ཞེས་གསུངས། ཞེས་ཇོ་བོ་རྗེ་བོད་དུ་ཕེབས་སྐབས་མོན་གྱི་རྒྱལ་པོ་མཇལ་བ་སོགས་ཀྱི་གཏམ་རྒྱུད་འདིར་མོན་ཡུལ་བརྒྱུད་ནས་ཕེབས་པ་ལྟ་བུ་རྣམ་ཐར་གཞན་དང་མི་འདྲ་བ་ཞིག་བྱུང་བས་དཔྱད་དགོས་པར་སྣང་ངོ་།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] སྨྱོ་ཤུལ་མཁན་པོ་ངག་དབང་དཔལ་བཟང་། གསུང་འབུམ། ༼༣༽ དཔེ་རིང་། ཤོག་གྲངས་ ༡ན༡
[2] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༤༣ ནས་ ༡༦༩ བར།
[3] ཨུཔཱསཀཿ ཞེས་པ་ལེགས་སྦྱར་གྱི་སྐད་དང་། བོད་སྐད་དུ་བསྒྱུར་ན་དགེ་བསྙེན་ཞེས་པའོ།།
[4] བསྟན་རྩིས་ཀུན་ལས་བཏུས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ལོ། ཤོག་གྲངས་ ༡༥༧
[5] དཔལ་ལྡན་ཡེ་ཤེས་ཀྱི་གསུང་འབུམ། པོད། ༼ཏ༽ ལམ་རིམ་ཟིན་བྲིས། ཤིང་དཔར། ཤོག་གྲངས་ ༢༦ན༣
[6] སྐབས་འདིའི་མོན་ནི་ཡོངས་གྲགས་ཀྱི་ལྷོ་མོན་ལ་གོ་མིན་པར། མོན་འཛུམ་ལང་ཟེར་བ་ལྟ་བུ་བལ་ཡུལ་གྱི་རོང་པ་རྣམས་ལ་མོན་ཟེར་བ་དང་། མི་ལའི་རྣམ་ཐར་དུ་ཡོལ་མོ་ལའང་མོན་ཡུལ་ཞེས་གསུངས་པ། སྤི་ཏི་དང་ག་ཤར་བ་དག་གིས་རྒྱ་གར་ཡུལ་མིར་མོན་པ་ཞེས་སུ་འབོད་པ།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཆ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༡༡ ནས་ ༢༡༧ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།