༢༽ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་མཛད་ཆེན།
དེ་ཡང་མཁན་སློབ་ཆོས་གསུམ་གྱི་གསོལ་འདེབས་ལས[1]།
རྒྱལ་ཀུན་མཁྱེན་རབ་ཡེ་ཤེས་འཇམ་དཔལ་དབྱངས། །ཞིང་འདིར་བསམ་བཞིན་ཆོས་སྐྱོང་རྒྱལ་པོའི་ཚུལ། །
གངས་ཅན་བསྟན་པའི་ཤིང་རྟ་བཀའ་དྲིན་ཅན། །མངའ་བདག་ཁྲི་སྲོང་ལྡེའུ་བཙན་ལ་གསོལ་བ་འདེབས། །
ཞེས་བསྔགས་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ནི། གནའ་རབས་བོད་དུ་ཆོས་སྲིད་གཉིས་ཀར་མཛད་རྗེས་ཆེ་བའི་བཙན་པོ་ཆོས་རྒྱལ་མེས་དབོན་རྣམ་གསུམ་ཞེས་གྲགས་པའི་ནང་ཚན་ཡིན་ལ།

རྒྱལ་པོ་འདིའི་དགུང་རྙིང་རྟ་ལོ་ཡིན་པར་བོད་ཀྱི་ལོ་རྒྱུས་མང་ཆེ་བ་མཐུན་ཡང་རྦ་བཞེད་ཞབས་བཏགས་མ་ལས་ཡོས་ཀྱི་ལོར་འཁྲུངས་པར་བཤད་ཚུལ་ཞིག་ཡོད། རྟ་ལོ་དེ་ཡང༌ས་རྟ་དང་། ལྕགས་རྟ། ཆུ་རྟ་བཅས་བཞེད་པ་མི་འདྲ་བ་གསུམ་བྱུང་བའི་ནང་ནས་༸རྒྱལ་དབང་ལྔ་པ་ཆེན་པོས་མཛད་པའི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ནང་དགུང་རྙིང་ཆུ་རྟ་ཡིན་པར་གསུངས་ཤིང༌། སྨིན་གླིང་ལོ་ཆེན་དྷརྨ་ཤྲིས་མཛད་པའི་རྩིས་གཞུང་ཉིན་བྱེད་སྣང་བ་རྩ་འགྲེལ་ལས་དགུང་རྙིང་ཆུ་རྟ་ཡིན་པ་འདི་གཉིས་ཏུང་ཧོང་གི་ལོ་རྒྱུས་ཡིག་རྙིང་དང་མཐུན་པས་ཁུངས་བཙན་པར་སྣང་། དེ་ལྟར་ན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་འཁྲུངས་ལོ་ནི་ཕྱི་ལོ་ ༧༤༢ ལོར་ཡབ་ཁྲི་ལྡེ་གཙུག་བཙན་དང་། ཡུམ་སྣ་ནམ་བཟའ་བཞི་སྟེང་གཉིས་ཀྱི་སྲས་སུ་འཁྲུངས་པ་ཡིན།

༼ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་འཁྲུངས་ཁང་དང་། ནང་དུ་ཆོས་རྒྱལ་གྱི་བླ་ཤིང་བཅས་བཞུགས་པ།༽
འོན་ཀྱང་བོད་ཀྱི་རྒྱ་རབས་ལོ་རྒྱུས་ཀྱི་དེབ་ཐེར་ཕལ་མོ་ཆེར་སྣ་ནམ་བཟའ་ནི་ཁོང་གི་ཡུམ་ངོ་མ་མིན་པར་རྒྱ་བཟའ་ཕྱི་མ་གྱིམ་ཤིང་ཀོང་ཇོའི་སྲས་ཡིན་ཚུལ་སོགས་ཀྱི་གཏམ་རྒྱུད་གྲགས་ཆེ་བར་བརྟེན། རྒྱལ་རབས་ལོ་རྒྱུས་ཁག་ཏུ་བཞེད་ལུགས་དེ་ཉིད་འཁོད་པ་མང་ལ་གྲགས་ཀྱང་ཆེ། དེས་ན་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་མ་ཡུམ་ངོ་མ་སུ་ཡིན་ཞེ་ན། དེ་ཡང་རྦ་བཞེད་གཙོ་གྱུར་རྒྱལ་རབས་ལོ་རྒྱུས་ཆོས་འབྱུང་གི་དེབ་ཐེར་ཕལ་མོ་ཆེར་བཙན་པོ་ཁྲི་སྲོང་ལྡེའུ་བཙན་ནི་རྒྱ་མོ་གྱིམ་ཤིང་ཀོང་ཇོར་བལྟམས་པར། ཁོང་འཁྲུངས་མ་ཐག་བཙུན་མོ་ཆེན་མ་སྣ་ནམ་བཟས་མོ་ལས་སྐྱེས་སོ། །ཞེས་བཙན་ཤེད་ཀྱིས་སྲས་ཕྲོགས་ཚུལ་དང་། ཕྱིས་བཙན་པོ་རང་གིས་ཡུམ་ངོས་བཟུང་བ་བཅས་ཀྱི་ཟེར་སྒྲོས་སྒྲུང་གཏམ་གྱི་རང་བཞིན་ཅན་ཞིག་རྒྱས་པར་གླེང་འདུག་པས། བོད་ཀྱི་མཁས་པ་བགྲེས་རབས་མང་པོའང་ད་བར་བཞེད་ཚུལ་འདིར་ཞེན་ཏེ་འཐད་ལྡན་དུ་འཛིན་པར་སྣང་ཡང་། དོན་དངོས་ཐོག་བཙུན་མོ་སྣ་ནམ་བཟས་གཞན་བུ་ཕྲོགས་པ་ཞིག་མིན་པར་རང་གི་ཤ་ཆད་ཀྱི་བུ་ཕྲུག་དེ་ཉིད་ལོ་རྒྱུས་སྨྲ་བ་གང་ཞིག་གི་སྨྱུ་གུའི་འཕྲུལ་གྱིས་ཕྲོགས་སོང་བར་མངོན་ཏེ། ཏུན་ཧོང་གཏེར་ཡིག་ལས། རྟའི་ལོ་ལ་བཙན་པོ་ (ཁྲི་གཙུག་ལྡེ་བཙན་) ཕོ་བྲང་དབྱརད་མཚར་བུ་སྣ་ན་བཞུགས། །བཙན་པོ་སྲོང་ལྡེ་བརྩན་བྲག་(ད་)མར་དུའ་བལྟམ་(ས)། ཡུམ་མང་མོ་རྗེ་ནོངས་ཕར་(པར་)ལོ་གཆིག་(གཅིག་) ཅེས་དང་། ཡང་དེའི་འོག་གི་རྒྱལ་རབས་རིམ་བྱུང་གི་སྐབས་སུའང་། ཁྲི་ལྡེ་གཙུག་བརྩན་དང་། སྣ་ནམ་(བ)ཟའ་མང་མོ་རྗེ་བཞི་སྟེང་དུ་བཤོས་པའི་སྲས། ཁྲི་སྲོང་ལྡེ་བརྩན། ཞེས་སྲས་ཀྱི་འཁྲུངས་ལོ་དང་། ཡབ་ཡུམ་གྱི་མཚན་དང་བཅས་པ་རིམ་པར་བྱུང་བ་འདི་ལས་ཡུམ་ངོ་མ་སྣ་ནམ་བཟའ་ཡིན་པ་རྟོགས་ཐུབ་བོ།།
ཡང་གལ་སྲིད་རྒྱ་བཟའ་གྱིམ་ཤིང་ཀོང་ཇོའི་སྲས་ཡིན་དགོས་ཚེ། ལོ་ཚིགས་ཀྱི་སྟེང་ནས་ཀྱང་འཆད་དཀའ་སྟེ། སྔོན་དུ་སོང་བ་བཞིན་གྱིམ་ཤིང་ཀོང་ཇོ་ཕྱི་ལོ་ ༧༡༠ ལ་ཡབ་ཁྲི་ལྡེ་གཙུག་བཙན་གྱི་ཁབ་ཏུ་བསུས་ནས་རྒྱལ་བུ་ཁྲི་སྲོང་ལྡེ་བཙན་མ་འཁྲུངས་གོང་ཕྱི་ལོ་ ༧༣༩ ལོར་འདས་ཚུལ་ནི་ཏུན་ཧོང་གཏེར་ཡིག་དང་། རྒྱའི་ཡིག་ཚང་བཅས་ཀྱི་བྱུང་བ་བཀོད་པ་ཞལ་མཐུན་དུ་སྣང་བས་འཁྲུལ་མེད་ཡིན་ལ། ཆོས་རྒྱལ་དགུང་ལོ་བཅོ་ལྔ་པ་མེ་སྤྲེལ་ཕྱི་ལོ་ ༧༥༧ ལོར་སྲིད་དབང་ཕྱག་ཏུ་བཞེས་ཏེ། མཐའ་བཞིའི་མངའ་འབངས་ཡོངས་ལ་བཀའ་ཤོག་ཆེན་པོ་སྩལ་ཅིང༌། མངའ་ཐང་དར་རྒྱས་ཆེ་བའི་རྩེ་མོར་སོན་ཏེ། ཆོས་སྲིད་གཉིས་ཀར་མཛད་རྗེས་རླབས་ཆེ་བ་མང་དུ་བྱུང་བ་ལས་འགའ་ཞིག་ཟུར་འདོན་ཞུས་པ་གཤམ་གསལ།
༡ སྲིད་དབང་བཟུང་ནས་ལོ་བདུན་པ་ཆུ་ཡོས་ཕྱི་ལོ་ ༧༦༣ ལོར་དམག་དཔོན་ཞང་རྒྱལ་གཟིགས་དང༌། བློན་སྟག་སྒྲ་ཀླུ་གོང༌། བློན་སྟོང་བཙུན་སོགས་པས་བོད་དམག་འབུམ་གཅིག་ཙམ་ཁྲིད་ནས་ཐང་གི་ཁོངས་གཏོགས་མཁར་དང་ས་ཆ་མང་པོ་ཕྲོགས་བཟུང་གིས་རྒྱལ་ས་ཁྲང་ཨན་ཉིན་བཅོ་ལྔ་ཙམ་བཟུང་བ་དང༌། གོང་མ་ཐང་ཏའི་ཙུང་ཡང་གནས་སྐབས་རིང་ཤེན་ཇུ་ལ་བྲོས་དགོས་བྱུང་བ་སོགས་ཏུན་ཧོང་དང་། རྒྱ་བོད་ཀྱི་ཡིག་ཆ་གཉིས་ཀར་གསལ་བ་ལྟར། བོད་ཆེན་པོའི་མངའ་ཐང་ཇེ་ཆེར་སོང་སྟེ་མཐའ་བཞིར་རྒྱ་བསྐྱེད་པར་བརྟེན། སུམ་གཉིས་ས་ཡི་ཁྱོན་ལ་མངའ་དབང་བསྒྱུར་བའི་འཛམ་གླིང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཞེས་བསྔགས་པའང་དོན་ལ་གནས་ཤིང་། ༢ སྲིད་དོན་བྱས་རྗེས་ཅན་ལ་གཟེངས་བསྟོད་དང༌། སྲིད་དོན་བྱ་བ་གལ་ཆེའི་རིགས་བློན་པོ་རྣམས་དང་གྲོས་བསྡུར་གྱིས་རྒྱལ་བློན་གོང་འོག་མཐུན་སྒྲིལ་ཆེ་བས་བཙན་པོའི་སྲིད་ཤུགས་ཇེ་ཆེར་སོང་བ་དང་། ཆབ་སྲིད་སྟེང་རྒྱལ་བློན་དང་བློན་པོ་ཆེ་ཆུང་གི་དབྱེ་བ་ཕྱེས་ཏེ་སོ་སོའི་ཐོབ་ཐང་དང་གོ་གནས་ཀྱི་རིམ་པ། ཐ་ན་བསད་པ་ལ་སྟོང་འཇལ་བ་སོགས་ཀྱི་ཚད་ཀྱང་ཁྲིམས་ཀྱིས་གཏན་འཁེལ་བྱས་ནས་ནང་གི་རྒྱལ་སྲིད་ཐབས་ཀྱིས་བསྐྱངས་པ།
༣ མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨ་འབྱུང་གནས་སྤྱན་དྲངས་ཏེ་གཞི་རྒྱ་ཆེ་ཞིང་། དམ་པའི་ཆོས་དར་རྒྱས་སུ་མཛད་པ་སྟེ། བཀོད་པ་ལེགས་པའི་བསམ་ཡས་གཙུག་ལག་ཁང་བཞེངས་པ། ༤ བསམ་ཡས་གཙུག་ལག་ཁང་དུ་རབ་བྱུང་གི་སྡེ་ཐོག་མར་བཙུགས་ནས་ནང་པའི་བསྟན་པ་དར་རྒྱས་ཀྱི་རྨང་གཞི་ཐོག་མར་འདིང་བར་མཛད་པ། ༥ བཙན་པོ་རང་ཉིད་ས་གནས་སོ་སོར་དངོས་སུ་ཕེབས་ཏེ། བློ་རྣོ་བའི་བོད་ཕྲུག་མང་པོ་འདེམས་སྒྲུག་གནང་སྟེ་བསམ་ཡས་ཀྱི་སྒྲ་སྒྱུར་རྒྱ་གར་གླིང་དུ་ཡིག་སྒྱུར་གྱི་སློབ་གྲྭ་ཐོག་མར་འཛུགས་པ་གནང་སྟེ། ལོ་ཙཱ་བའི་དཔུང་ཁག་སྟོབས་ཆེན་ཞིག་གསོ་སྐྱོང་གནང་བ་དང༌། མདོ་སྔགས་རིག་གནས་དང་བཅས་པ་བོད་ཡིག་ཏུ་བསྒྱུར་ཏེ། བོད་སྐད་ཡིག་སྒྱུར་གྱི་བྱ་གཞག་འཕེལ་རྒྱས་ཆེན་པོ་བྱུང་བ། ༦ རྒྱ་ནག་གི་ཧྭ་ཤང་མ་ཧཱ་ཡ་ན་བྱ་བས་ཆོས་ལོག་སྤེལ་བ་ལ་རྒྱ་གར་གྱི་མཁན་པོ་ཀ་མ་ལ་ཤཱི་ལ་གདན་དྲངས་ནས་རྩོད་པས་ཚར་བཅད་དེ་བསྟན་པའི་དག་ཐེར་རྨད་དུ་བྱུང་བ་མཛད་པ། ༧ བོད་ཀྱི་སྨན་པ་མཁས་པ་ཕྱི་རྒྱལ་དུ་མངགས་པ་དང༌། ཕྱི་རྒྱལ་དང་རྒྱའི་སྨན་པ་མཁས་པ་བོད་དུ་གདན་དྲངས་ཏེ་གུས་བཀུར་སྣེ་ལེན་ཕུན་སུམ་ཚོགས་པ་གནང་ནས་སྨན་གཞུང་གསར་རྩོམ་དང་། ཡིག་བསྒྱུར་ཟུང་འབྲེལ་ཐོག་ནས་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་དར་རྒྱས་བཏང་གནང་བ། ༨ དམག་དོན་དང་སྲིད་དོན་ཐོག་བྱས་རྗེས་ཆེ་བའི་བློན་པོ་རྣམས་ལ་གཟེངས་བསྟོད་ཀྱི་བཀའ་གཙིགས་དང༌། གོ་གནས། སྡེ་མི་སེར་གྱི་བྱ་དགའ་བཅས་གང་ལ་གང་འོས་གནང་སྟེ་མིག་དཔེ་བཟང་པོ་འཇོག་གནང་མཛད་པ་ནི་མཛད་རྗེས་གཙོ་ཆེ་བ་དེ་རྣམས་ཡིན་ལ། མེ་གླང་ཕྱི་ལོ་ ༧༩༦ ལོར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐུ་གཤེགས་པ་བཅས་ཆོས་སྲིད་གང་ཐད་ནས་མཛད་རྗེས་ཧ་ཅང་ཆེ་བས་ང་ཚོ་ཕྱི་རབས་པ་རྣམས་ཀྱིས་ཇི་སྲིད་བར་དུ་བཀའ་དྲིན་ཡིད་ལ་དྲན་ཞིང་མཛད་རྗེས་གླེང་བར༌རིགས་སོ།།
དཔའ་བོ་གཙུག་ལག་ཕྲེང་བས་ (1504-1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[2]། གཞན་ཡང་མངའ་བདག་རྒྱལ་པོས་བཀའ་སྩལ་པ། །ཚེ་འདིའི་བདེ་སྐྱིད་རྨི་ལམ་ཙམ་འདིས་བསླུ། །དེ་བས་གཏན་འདུན་བྱང་ཆུབ་སྒྲུབ་དགོས་གསུངས། །ཁྱེ་འུ་བློ་གྲོས་རྣོ་ཞིང་གསལ་བ་རྣམས། །བརྡ་སྤྲོད་སྐད་གཉིས་ལོ་ཙཱ་སློབ་ཏུ་བཅུག །ཡོད་སྨྲའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ཏེ། །དང་པོར་དད་པ་ཆེ་བའི་རྦ་ཁྲི་གཟིགས། །བོ་དྷི་ས་ཏྭས་མཁན་པོ་མཛད་ནས་ནི། །རབ་ཏུ་ཕྱུང་བས་མངོན་ཤེས་ལྔ་ལྡན་གྱུར། །བོད་ཀྱི་རིན་པོ་ཆེ་ཞེས་རྒྱལ་པོས་བཀུར། །བོད་མི་རབ་བྱུང་ཀུན་གྱི་ཐོག་མ་ཡིན། །དེ་སོགས་བོད་ལ་རབ་བྱུང་བཏུབ་བམ་ཞེས། །སད་པའི་མི་དྲུག་དང་པོར་བསྙེན་པར་རྫོགས། །ཕྱི་ནས་དགེ་སློང་དགེ་ཚུལ་རྒྱ་ཆེར་འཕེལ། །ཟ་ཧོར་ཁ་ཆེ་ཡུལ་དབུས་རྒྱ་སོགས་ནས། །པཎ་ཆེན་ཚད་ལྡན་མང་དུ་སྤྱན་དྲངས་ཏེ། །མཁས་པའི་ལོ་ཙཱ་དུ་མས་རྒྱ་གར་ནག །ལི་ཡུལ་སོགས་ནས་རྒྱལ་བའི་གསུང་རབ་ནི། །ཇི་སྙེད་བཞུགས་པ་ཕལ་ཆེར་བོད་དུ་བསྒྱུར། །རབ་བྱུང་རྣམས་ཀྱི་འཚོ་བ་བླ་ནས་སྦྱར། །ཆབ་འོག་ནས་ཕྱུང་དབུ་ཡི་གཙུག་ཏུ་བཀུར། །བསླབ་གསུམ་ཡོངས་དག་སྡེ་སྣོད་གསུམ་ལ་མཁས། །ཐེག་ཆེན་ཤིན་ཏུ་རྒྱས་པ་ཁོང་དུ་ཆུད། །རིག་གྲོལ་ལྡན་པའི་སྐྱེས་ཆེན་མཐའ་ཡས་བྱུང༌། །ཡེར་པའི་རི་ལ་གྲུབ་ཐོབ་བརྒྱ་རྩ་བརྒྱད། །ཆུ་བོ་རི་ལ་གྲུབ་ཐོབ་ཉེར་གཅིག་སོགས། །སྒོམ་གྲྭ་རྣམས་སུ་རིག་འཛིན་སྡེ་སྣོད་ལས། །མཆོག་ཐུན་དངོས་གྲུབ་ཐོབ་པ་རབ་ཏུ་མང༌། །གང་ལ་ཅི་འཚམ་དམ་ཆོས་སྟོན་པ་ཡིས། །བོད་འབངས་ཐམས་ཅད་དམ་པའི་ལམ་ལ་སྦྱར། །དེ་དུས་བོད་དུ་དར་བའི་ཐུབ་བསྟན་ལྟ། །འཛམ་གླིང་གཞན་དུ་སྔོན་ཆད་མ་བྱུང་སྟེ། །ཕྱི་དུས་རྒྱ་གར་པཎ་ཆེན་དུ་མས་བསྔགས། །ཞེས་བསྔགས་པ་རྒྱ་ཆེར་མཛད་པ་ལྟར་རོ།།
དེ་བཞིན་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་ (1846-1912) ས་མཛད་པའི་ཆོས་རྒྱལ་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བསྟོད་པ་གངས་ཅན་མ་ལས[3]། གངས་ཅན་འགྲོ་བ་ཐབས་ཀྱིས་གདུལ་བའི་ཕྱིར། །རྒྱལ་སྲས་ཐུ་བོ་རྗེ་བཙུན་འཇམ་པའི་དབྱངས། །བོད་ཡུལ་རྒྱལ་པོའི་ཚུལ་དུ་ལེགས་སྣང་བ། །ཁྲི་སྲོང་ལྡེའུ་བཙན་ཞབས་ལ་ཕྱག་འཚལ་བསྟོད། །ཉི་ཟླ་ཟུང་འདྲའི་མཁན་སློབ་རྣམ་གཉིས་སོགས། །རྒྱ་གར་པཎ་གྲུབ་བོད་ཀྱི་ལོ་ཙཱ་བ། །གངས་ཅན་ཕན་བདེའི་བྱེད་པོ་སྤྲུལ་པའི་སྐུ། །རྣམ་མང་བསྡུ་བར་མཛད་ལ་ཕྱག་འཚལ་བསྟོད། །རིག་པའི་གནས་དང་མདོ་རྒྱུད་བསྟན་བཅོས་གཞུང་། །མ་ནོར་བསྒྱུར་ཞུས་གཏན་ལ་ཕབ་མཛད་ཅིང་། །བཤད་སྒྲུབ་བསྟན་པའི་རྒྱལ་མཚན་རབ་ཏུ་བསྒྲེངས། །མངའ་བདག་ཆེན་པོ་ཁྱེད་ལ་ཕྱག་འཚལ་བསྟོད། །མཐའ་བཞིའི་རྒྱལ་ཁམས་སྟོབས་ཀྱིས་དབང་དུ་བསྡུས། །གཙུག་ལག་ཁང་དང་སྐུ་གསུང་ཐུགས་ཀྱི་རྟེན། །མདོ་སྔགས་འཛིན་པའི་སྡེ་གཉིས་བོད་དུ་བཀོད། །བོད་ཡུལ་སྐྱོང་མཛད་ཁྱེད་ལ་ཕྱག་འཚལ་བསྟོད། །སྣ་ཚོགས་ཐབས་ཀྱིས་ཆོས་སྲིད་ཟུང་དུ་སྐྱོང་། །བཀའ་བཙན་སྲོལ་བཟང་རྒྱལ་ཁམས་བདེ་ལ་བཀོད། །མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་ཅེས། །སྙན་པས་ས་སྟེང་ཁྱབ་ལ་ཕྱག་འཚལ་བསྟོད། །ཆེ་མཆོག་བདུད་རྩིའི་གྲུབ་པ་མངོན་དུ་གྱུར། །ཏིང་འཛིན་གཡོ་མེད་དགོངས་པའི་རྩལ་ཆེན་རྫོགས། །ཚད་མ་ལ་སོགས་ལེགས་བཤད་བསྟན་བཅོས་སྤེལ། །ཆོས་ཀྱི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་བསྟོད། །སངས་རྒྱས་ལས་ཀྱང་ཆེས་དཀོན་གསང་སྔགས་ཀྱི། །གཞུང་ལུགས་རྣམས་དང་དེ་ཡི་གདམས་ངག་གིས། །བྷོ་ཊའི་ཡུལ་འདི་ཨོ་ཌི་ཡཱ་ན་དང་། །མཚུངས་པར་མཛད་པ་ཁྱེད་ལ་ཕྱག་འཚལ་བསྟོད། །དབྱིངས་ཀྱི་མཁའ་འགྲོས་རྒྱས་བཏབ་ཟབ་གསང་ཆོས། །སུས་ཀྱང་རྙེད་པར་དཀའ་བ་ནང་རྒྱུད་གསུམ། །གྲུབ་མཆོག་རྣམས་ཀྱིས་ཡོངས་བླངས་ནོར་བུའི་གཏེར། །ས་འདིར་འགོད་མཛད་ཁྱེད་ལ་ཕྱག་འཚལ་བསྟོད། །བསིལ་ལྡན་ར་བ་དཀར་པོའི་ལྗོངས་འདི་ན། །རྒྱལ་བའི་བསྟན་དང་དེ་འཛིན་འདུས་པའི་སྡེ། །ཇི་སྙེད་བྱུང་བ་མགོན་པོ་ཁྱོད་ཀྱི་དྲིན། །བཀའ་དྲིན་འགྲན་བྲལ་ཁྱེད་ལ་ཕྱག་འཚལ་བསྟོད། །ད་དུང་སངས་རྒྱས་བསྟན་པ་གནས་ཀྱི་བར། །སྣ་ཚོགས་སྤྲུལ་པས་རྒྱལ་བའི་བསྟན་པ་དང་། །གངས་ཅན་ཕན་བདེ་སྤེལ་བར་མཛད་པ་ཡི། །ཐུགས་བསྐྱེད་མཉམ་མེད་ཁྱེད་ལ་ཕྱག་འཚལ་བསྟོད། །བདག་ཅག་གངས་རིའི་ཁྲོད་གནས་མི་རྣམས་ཀྱིས། །རྒྱལ་བསྟན་རིན་ཆེན་ཆོས་ཀྱི་སྒྲ་ཙམ་ཡང་། །རྣ་བར་ཐོས་པ་ཁྱོད་ཀྱི་དྲིན་ཡིན་ན། །བློ་ལྡན་སུ་ཞིག་ཁྱེད་ལ་ཅིས་མི་གུས། །དེ་ཕྱིར་བདག་ནི་དད་མོས་རྩེ་གཅིག་པས། །མགོན་པོ་ཁྱོད་ལ་བསྟོད་ཅིང་ཕྱག་འཚལ་ན། །སྔོན་གྱི་ཐུགས་བསྐྱེད་དམ་བཅའ་ཆེན་པོ་ཡིས། །བདག་ཅག་རྗེས་བཟུང་བྱིན་གྱིས་བརླབ་པར་མཛོད། །ཕྱོགས་བཅུའི་རྒྱལ་བས་དབང་བསྐུར་ལུང་བསྟན་ཅིང་། །སྤྱན་རས་གཟིགས་ཀྱི་ཐུགས་བསྐྱེད་མཐུ་བཙན་པས། །འཇམ་དཔལ་སྤྲུལ་པའི་རྒྱལ་པོའི་ཐུགས་བཞེད་བཞིན། །རྒྱལ་བསྟན་ཡུན་དུ་གནས་པ་ཉིད་གྱུར་ཅིག །མཐའ་ཡས་འགྲོ་ཀུན་ཐུགས་བརྩེས་ཡོངས་སུ་བཟུང་། །ནམ་མཁའ་ཇི་སྲིད་གཞན་ཕན་འཕྲིན་ལས་སྤྱོད། །རྒྱལ་སྲས་དཔའ་བོ་རྣམས་ཀྱི་གཙུག་གི་རྒྱན། །མགོན་པོ་ཁྱེད་དང་མཚུངས་པར་བདག་གྱུར་ཅིག ། (ཚིགས་བཅད་འདི་ཆོས་རྒྱལ་ཆེན་པོ་ཉིད་ཀྱི་གསུང་ཡིན་པར་གྲགས།) ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་དེར། །ནད་དང་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །རྒྱལ་དང་རྒྱལ་བའི་སྲས་ཀྱི་སྨོན་ལམ་དང་། །བདག་ཅག་མོས་དགེ་རྣམ་པར་དཀར་བའི་མཐུས། །མངའ་བདག་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་རྗེའི། །ཐུགས་བསྐྱེད་བསྟན་པ་མཐར་རྒྱས་བཀྲ་ཤིས་ཤོག །[4] ཅེས་གསུངས་པ་ལྟར་མཛད་འཕྲིན་བསམ་བརྗོད་ལས་འདས་ཤིང་། ཐུགས་རྗེ་བཀའ་དྲིན་བླ་ལྷག་ཏུ་ཆེ་བའོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] སྔ་འགྱུར་བྱང་གཏེར་ཆོས་སྐོར་ལས་འདོན་ཆའི་སྐོར། པོད། ༼༢༽ དཔེ་གཟུགས། ཤོག་གྲངས་ ༤ན༥
[2] མཁས་པའི་དགའ་སྟོན། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༣༥༨
[3] མི་ཕམ་རྒྱ་མཚོའི་གསུང་འབུམ། ༼༣༢༽ འཕྲུལ་དཔར་དཔེ་རིང་ ༤༤ན༦ ནས་ ༤༥བ༣ བར།
[4] ཅེས་ཚིགས་སུ་བཅད་པ་མཆོད་པའི་ལྷ་མོ་བཅུ་དྲུག་གི་གྲངས་ལྡན་འདི་ནི་མེ་རྟ་ཟླ་བ་བརྒྱད་པའི་ཚེས་ཉེར་བདུན་ལ་མི་ཕམ་འཇམ་དཔལ་དགྱེས་པས་བཀོད་པ་དགེ་ལེགས་འཕེལ།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༢༥ ནས་ ༣༣༢ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།