མ༽ བསམ་བཞིན་ཟླ་གྲགས་སུ་སྐྱེ་བ་བཞེས་ཚུལ།

མ༽ བསམ་བཞིན་ཟླ་གྲགས་སུ་སྐྱེ་བ་བཞེས་ཚུལ།

 

དེ་ཡང་རྫོང་གསར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ (1893-1959) ཀྱིས་མཛད་པའི་སློབ་དཔོན་ཟླ་བ་གྲགས་པ་ལ་བསྟོད་པ་ཀུན་དགའི་དབྱངས་སྙན་ལས[1]། གྲུབ་པའི་མཐའ་ཡི་རྣམ་པར་དཔྱད་པའི་བློས། །དྲངས་པའི་རྣམ་གཞག་ཤིན་ཏུ་རྒྱ་ཆེ་ཡང་། །ཀུན་གྱི་དབུས་ན་རི་རྒྱལ་ལྷུན་པོ་ལྟར། །མངོན་པར་མཐོ་བ་དཔལ་ལྡན་ཀླུ་དབང་རྒྱལ། །དེ་སྲོལ་འཛིན་པ་ཉི་ཟླ་ལྟ་བུ་ནི། །ཐལ་རང་གཉིས་ཞེས་ཡོངས་སུ་གྲགས་པ་ལས། །

ལྷ་ཡི་བདུད་རྩི་ལྟ་བུ་ཐལ་འགྱུར་ཞེས། །ཕྱོགས་ལས་རྣམ་པར་རྒྱལ་བ་ཆེན་པོར་བསྔགས། །སངས་རྒྱས་བསྐྱངས་ཀྱིས་ལེགས་པར་མཁྱེན་མཐོང་ནས། །འཕགས་པའི་ས་བརྙེས་འཇམ་དཔལ་སྤྲུལ་པ་ནི། །ཟླ་བ་གྲགས་པའི་བློ་གྲོས་འོད་དཀར་གྱིས། །ཟབ་དོན་ཀུ་མུད་ཡོངས་སུ་འབྱེད་ལ་འདུད། །སྒྲོ་དང་སྐུར་བའི་ཕྱོགས་སུ་མ་ལྷུང་ཞིང་། །རྟག་ཆད་མཐའ་སྤངས་ཟབ་མོ་སྟོང་པ་ཉིད། །རྒྱ་ཆེར་སྟོན་ལ་ངེས་ཤེས་ཟླ་མེད་པ། །བློ་གྲོས་སྤོབས་པའི་གཏེར་ཆེན་ཁྱོད་ལ་འདུད། །ཅེས་བསྔགས་པ་ལྟར་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[2]། སློབ་དཔོན་ཟླ་བ་གྲགས་པ་འདི་ནི་འཕགས་པ་ཀླུ་སྒྲུབ་ཀྱི་ལུགས་བཟང་གསལ་བར་མཛད་ཕྱིར་བསམ་བཞིན་དུ་བྱོན་པ་ཞིག་སྟེ། རྗེ་བདག་ཉིད་ཆེན་པོས་རྗེ་བཙུན་འཇམ་དཔལ་དབྱངས་ལ་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་འགྲེལ་བ་ལ་སློབ་དཔོན་ཟླ་བ་གྲགས་པ་འཁྲུལ་མེད་འབའ་ཞིག་ཏུ་བཟུང་བས་ཨེ་ཆོག་ཞུས་པས། ཟླ་བ་གྲགས་པ་ནི་སྟེང་ཕྱོགས་འཇིག་རྟེན་གྱི་ཁམས་ཀྱི་ཞིང་གཅིག་གི །དེ་བཞིན་གཤེགས་པ་གཅིག་གི་ཞབས་དྲུང་ནས་བྱང་ཆུབ་སེམས་དཔའ་རྣམ་དཔྱོད་དང་སྙིང་སྟོབས་མཆོག་ཏུ་གྱུར་པ་ཞིག་ཞིང་འདིར་འཕགས་པ་ཀླུ་སྒྲུབ་ཀྱི་ལུགས་བསྟན་པའི་སྙིང་པོ་གསལ་བར་བྱ་བའི་སླད་དུ་བསམ་བཞིན་དུ་སྐྱེ་བ་བཟུང་བ་ཡིན་པས། འདི་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་འགྲེལ་བ་ལ་སྔགས་མཚན་ཉིད་གང་གི་སྐབས་སུའང་འཁྲུལ་པ་ཕྲ་མོ་ཙམ་ཡང་མེད་པས། འདི་ལ་རྣམ་པ་ཐམས་ཅད་དུ་ཡིད་ཆེས་ཀྱི་གནས་འབའ་ཞིག་ཏུ་ངེས་པར་གཟུང་དགོས་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ།།

གཞན་ཡང་ཞོལ་བཀའ་འགྱུར་དཀར་ཆག་རྒྱས་པ་ལས[3]།

ཟུར་ཕུད་ལྔ་པའི་བྱིན་རླབས་ཟིལ་དངར་གྱིས། །ལྔ་བརྒྱའི་སྐྱེ་བར་བསྐྱངས་པ་ཟླ་བ་གྲགས། །

ཀླུ་སྒྲུབ་སྲས་ཀྱི་ཐུ་བོ་ཉིད་གྱུར་ནས། །མཁས་དང་གྲུབ་པའི་གོ་འཕང་རྩེ་མོར་གཤེགས། །

ཞེས་གསུངས་པ་ལྟར། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་ (1405-1477) མཛད་པའི་སྟག་ལོའི་གྲུབ་མཐའ་ཀུན་ཤེས་ལས[4]། དེ་ནས་ལུང་གིས་ཟིན་སོ་དང་གཏམ་རྒྱུད་སོགས་མ་མཐོང་ཡང་རིགས་པས་བརྟགས་ན། ཇོ་བོ་ཆེན་པོ་དེ་ཉིད་ཀྱིས་འཕན་ཡུལ་པ་ཚབ་ཏུ་ཞང་ཉི་མ་གྲགས་ཞེས་བྱ་བར་སྐྱེ་བ་བཞེས་ཏེ་རྒྱ་གར་དུ་བྱོན་ནས། དཔལ་ལྡན་ཟླ་བའི་ཡེ་ཤེས་ཀྱི་སྤྲུལ་པའི་སྐུ་ལ་རིགས་ཚོགས་ཀྱི་ལུང་བླངས་ཏེ་ཟླ་བའི་གཞུང་མཐའ་དག་བོད་ཀྱི་སྐད་དུ་བསྒྱུར་ཅིང་བུ་བཞི་ལ་སོགས་པ་ལ་བཤད་དེ་སྲོལ་གསར་དུ་བཏོད་པས་ན་རྒྱ་གར་གྱི་དབུ་མ་ཆེན་པོ་པ་ཀུན་གྱིས་ཟླ་བ་དང་། བོད་ཀུན་གྱིས་དེ་དང་ཉི་མ་ལ་ཤིན་ཏུ་གུས་པར་བྱ་བ་ཡིན་ནོ། །ཅི་སྟེ་དབུ་མ་ཆེན་པོའི་སྲོལ་དང་པོར་གཏོད་མཁན་སངས་རྒྱས་བསྐྱངས་མ་ཡིན་ནམ་ཞེ་ན། དེ་ནི་ཟླ་བ་དང་རྒྱུད་གཅིག་ཏུ་གྲགས་ཏེ། དེས་རྩ་ཤེའི་འགྲེལ་པ་མཛད་ཀྱང་ཕྱོགས་ཀྱི་གླང་པོའི་བཤད་སྲོལ་ཟིན་པའི་དངོས་སློབ་མ་བྱུང་བ་བཞིན་དུ་གྱུར། ལེགས་ལྡན་གྱིས་དགག་པ་བྱས་པ་ཀུན་འགྲོ་བར་གྲགས་པས་ཐུགས་བྱུང་ནས། སླར་ཡང་ཟླ་གྲགས་སུ་སྐྱེ་བ་བཞེས་ཏེ་རྩོད་པ་སྤངས་ཤིང་དགག་ལན་མཛད་དོ་ཞེས་གྲགས་པ་རིགས་པ་དང་སྦྱར་ནའང་འཐད་པར་སྣང་བས་སོ། །ཞེས་བྱུང་ལ། ཆོས་འབྱུང་ཀུན་གསལ་མེ་ལོང་ལས་ [5]ཀྱང་དེ་དང་ཕྱོགས་མཚུངས་སུ་གསལ་ལོ།།

མཁས་དབང་དགེ་འདུན་ཆོས་འཕེལ་ (1903-1951) གྱིས་མཛད་པའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས[6]། དེ་དུས་ཙ་ན་བོད་མང་པོ་བི་ཀྲ་མ་ཤི་ལར་འགྲོ་བའི་སྒང་ཡིན་ཅིང་། དེར་བོད་པ་སྡོད་སའི་སྤྱི་ཁང་ཞིག་ཀྱང་ཡོད་པ་ཡིན་འདུག །དབུ་མའི་སྐོར་གྱི་འགྲེལ་པ་དཔེ་རིང་རྒྱ་བོད་ཀྱི་སྐད་བསྲེས་ནས་བོད་ཡིག་ཏུ་ཏ་ལའི་ལོ་མར་བྲིས་པ་ཁ་ཐོར་ཞིག་སྣང་བ་འདི་ཡང་གནུབས་ཆོས་ཀྱི་གྲགས་པའི་ཕྱག་བྲིས་རང་གི་གཟུགས་སུ་འདུག་ཅིང་། དེ་ཡང་ཚིག་གསལ་གྱི་འགྲེལ་བཤད་ཅིག་སྟེ། དེའི་མཆོད་བརྗོད་ཀྱིས་ཀླུ་སྒྲུབ་ཀྱི་མཚན་དོན་བཤད། ཡང་འདིར་སློབ་དཔོན་འདི་དབུ་མར་གནས་པའི་ཚུལ་གྱིས་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་འདོད་པ་བསྐྱངས་པ་ཉིད་ཇི་ལྟར་བྱས་པ་ཞེས་བྱ་བ་སོགས་ཏེ། དེ་ཡང་སློབ་དཔོན་ཟླ་གྲགས་འདི་ནི་སྐྱེ་བ་དྲན་པས་སྔོན་སློབ་དཔོན་སངས་རྒྱས་བསྐྱངས་སུ་སྐྱེ་བ་བླངས་པར་ཤེས་ནས་དེའི་འདོད་པ་སྐྱོང་བ་ལ་འབད་པའོ། །ཞེས་ཁ་ཅིག་གི་འོ་ཞེས་སོགས་བྲིས་ལ། ཡང་བར་སྐབས་ཤིག་ཏུ། བོད་དུ་མུན་པ་ནི་དངོས་པོ་མེད་པ་ཙམ་ཞེས་པ་ནི་ལོ་ཙཱ་བའི་སྐྱོན་ཏེ་ཨབྷཡེ་ཞེས་པའི་བྷ་ནི་འོད་ཟེར་རམ་གཟི་བརྗིད་དམ་ཉི་མ་ལ་བྱ་བས། དེ་མེད་པ་ནི་མུན་པ་སོགས་འདུག་པས། བོད་འགྲེལ་རང་དུ་སྣང་ལ། བར་བར་དུ་ཚིག་གསལ་རྒྱ་སྐད་དུ་བྲིས་འདུག་གོ །ཞེས་གསུངས་སོ།།

ཀུན་མཁྱེན་འབྲུག་པ་པདྨ་དཀར་པོས་ (1527-1592) མཛད་པའི་ཆོས་འབྱུང་བསྟན་པའི་པདྨོ་རྒྱས་པའི་ཉིན་བྱེད་ལས[7]། དེ་ལྟ་བུའི་སློབ་དཔོན་རྣམས་ལ་གཞུང་ཕྱི་མོའི་དབུ་མ་པ་ཞེས་འདོད་ལ། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་དངོས་བསྟན་ལྷག་པའི་ཤེས་རབ་རྣམ་པར་འགྲེལ་བ་རྩ་བ་ཤེས་རབ་སློབ་དཔོན་ཆེན་པོ་སངས་རྒྱས་བསྐྱངས་ཀྱིས་ཀླུ་སྒྲུབ་ཉིད་ལས་ཐོས་པ་བཞིན་འགྲེལ་པ་མཛད། དེ་ནས་རིང་ཞིག་ན་མཁས་པ་ཆེན་པོ་ལེགས་ལྡན་འབྱེད་རང་ཉིད་རྟོག་གེ་ལ་མཁས་པ་སྟོན་པར་བཞེད་ལ། དེ་ལྟར་བཤད་པས་དབུ་མའི་དོན་ཡང་མི་ཉམས་པར་དགོངས་ནས་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་འགྲེལ་པ་ལ་གཟིགས་ནས། དེ་ལ་ཟུར་ཟ་བའི་འགྲེལ་པ་ཤེས་རབ་སྒྲོན་མེ་ཞེས་བྱ་བ་བརྩམས། བོད་ཀྱི་བགྲེས་པོ་དག་སློབ་དཔོན་སངས་རྒྱས་བསྐྱངས་དང་ལེགས་ལྡན་དངོས་སུ་རྩོད་པ་མཛད་པས། སངས་རྒྱས་བསྐྱངས་ཀྱིས་ལེགས་ལྡན་འབྱེད་མ་ཐུབ་པར་སྐྱེ་བ་ཕྱི་མར་དེ་ལས་རྒྱལ་བར་སྨོན་ལམ་བཏབ་སྟེ་ཟླ་བ་གྲགས་པར་འཁྲུངས། དེའི་ཚེ་ལེགས་ལྡན་འབྱེད་དང་གཉིས་རྩོད་པས་ཟླ་གྲགས་རྒྱལ། ལེགས་ལྡན་འབྱེད་དེའི་སློབ་མར་ཞུགས་སོ་ཟེར་བ་ནི་གཏན་མི་འཐད་དེ། ཚིག་གསལ་ལས[8]།

སངས་རྒྱས་བསྐྱངས་ཀྱིས་མཛད་པའི་འགྲེལ་པ་མཐོང་ནས་ལེགས་ལྡན་འབྱེད་ཀྱི་ལེགས་བཤད་གང༌། །

གཅིག་ནས་གཅིག་ཏུ་བརྒྱུད་ལས་འོངས་དང་བདག་གིས་རྣམ་པར་ཕྱེ་ལས་རྙེད་པ་གང༌། །

དེ་དག་བསྡོམས་ཏེ་བློ་ཆེན་ལྡན་རྣམས་མགུ་བར་བྱ་ཕྱིར་ཡང་དག་བསྟན་པ་ཡིན། །

ཞེས་གསུངས་པས་སོ།།

ཡང་སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་ (1704-1788) གྱིས་མཛད་པའི་སུམ་པ་ཆོས་འབྱུང་དཔག་བསམ་ལྗོན་བཟང་ལས[9]། དེ་ནས་མ་ནུ་བྷཾ་གའི་རིར་བཞུགས་ནས་མཆོག་གི་དངོས་གྲུབ་བརྙེས་ཤིང་། ལོ་སུམ་བརྒྱའམ་བཞི་བརྒྱར་བཞུགས་པར་གྲགས་ལ། ཕྱིས་འཇའ་ལུས་སུ་སོང་ནས་སླར་ཡུན་རིང་བཞུགས་པས་ཕྱིས་སུ་པ་ཚབ་ཀྱི་ཞང་ཉི་མ་གྲགས་ལོ་ཙཱས་ཀྱང་མཇལ་ཟེར། ལེགས་ལྡན་གྱིས་ཀླུ་སྒྲུབ་དང་ཟླ་བས་ཀྱང་འཕགས་པ་ལྷ་སངས་རྒྱས་བསྐྱངས་ཀྱི་ཞབས་ཟིན་ཙམ་བྱུང་ཡང་མཁས་པར་གྱུར་ནས། གཞུང་རྩོམ་དུས་དེ་རྣམས་མི་བཞུགས་པར་མངོན་ཏེ་དེ་དག་གི་དགོངས་པ་མི་མཐུན་པ་གཉིས་སུ་བཀྲལ་དོན་མེད་པས་སོ། །ལ་ལས་སངས་རྒྱས་བསྐྱངས་དང་ལེགས་ལྡན་རྩོད་པ་བྱས་ཟེར་བ་དང་། ཟླ་བ་སངས་རྒྱས་བསྐྱངས་ཀྱི་སྐྱེ་བ་ཕྱི་མ་ཡིན་ཟེར་ཡང་ཁུངས་མ་མཐོང་ཞིང་། སྡོམ་རྒྱུན་ལ་ལར་ཀླུ་སྒྲུབ་ལེགས་ལྡན་ཟེར་བའང་དཔྱད་གཞིར་སྣང་ལ་རིགས་པའི་ཁུ་བྱུག་ཟླ་བའི་སློབ་མའོ། །ཞེས་གསལ་ལོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ཆོས་ཀྱི་བློ་གྲོས་བཀའ་འབུམ། ༼ཁ༽ ཆོས་ཚན་ ༥༥ འཕྲུལ་པར་དཔེ་རིང་། ཤོག་ ༡ན༡ ནས་ ༢ན༢ བར།

[2]  ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༣༣

[3]  བཀའ་འགྱུར་དཔེ་བསྡུར་མ། དཀར་ཆག་ཕྱོགས་བསྒྲིགས། དེབ་ཨང་ ༡༠༧ པ། ༢༠༠༩ ལོ། ཤོག་ ༤༢༢

[4]  སྟག་ལོའི་གྲུབ་མཐའ་ཀུན་ཤེས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༡༧༩

[5]  ཆོས་འབྱུང་ཀུན་གསལ་མེ་ལོང་། ལུང་རྟོགས་ཤེས་རབ་རྡོ་རྗེ། བོན་དགོན་ལྟེ་གནས། ༡༩༧༡ ལག་བྲིས་མ། ཤོག་ ༣༣

[6]  དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་ ༢༢

[7]  ཀུན་མཁྱེན་ཆོས་འབྱུང་། འབྲུག་ལུགས་ཆོས་མཛོད་ཆེན་མོ། དཔེ་རིང་། ཤོག་གྲངས་ ༤༤ན༡

[8]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ་ ༼འ༽ དེབ་ཨང་ ༦༠ པ། ཤོག་གྲངས་ ༤༨༡

[9]  སུམ་པ་ཆོས་འབྱུང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་གྲངསས་ ༡༧༨

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༢༥ ནས་ ༥༢༩ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *