༄༅། །བསྭཽ་མེ་སྐར་ལྔ་མཆོད་ཚུལ་ཡིད་བཞིན་ནོར་བུ་བཞུགས་སོ།།[1]
༄༅། །སྭཱིདྷི་དཔལ་ལྡན་གུ་རུ་ཡེ། མི་སྐར་ལྔ་མཆོད་འབུལ་བར་འདོད་ན། དར་དཀར་ལ་པདྨ་འདབ་བརྒྱད་བྲིས། །དེའི་སྟེང་དུ་པདྨ་དཀར་པོ་བྱས་ལ། སྟེང་དུ་ཟླུམ་གཏོར་ལ་རིན་པོ་ཆེས་བརྒྱན། ཤར་ལྷོ་ནུབ་བྱང་ཕྱོགས་པདྨ་སྟེང་ཟླུམ་གཏོར་དཀར་པོ་རིན་པོ་ཆེས་བརྒྱན། དེ་དག་གིས་བསྐོར་བའི་རིན་པོ་ཆེ་ཕོར་སེར་པོ། འབྲུ་ཆང་འོ་མ་སྨན་ཇ་ཕུད་དར་ཟབ་དཀར་གསུམ་མངར་གསུམ་ཕྱེ་མར་ཟས་སྣ་གསེར་སྐྱེམས་བསངས་བསུར་ལྔ་ལྔ་བསྐོར།
བཟང་དྲུག་སྨན་ལས་བཞེངས་པའི་མཆོད་པ་བསམ་པ། དེ་ནས། ང་རྒྱལ་གྱིས་ནི་ཕྱག་རྡོར་ཡོངས་རྫོགས་སངས་བྱ་བ་ནི། སྤྱན་འདྲེན་པ་ནི། སྭ་བྷ་ཝས་སྦྱངས། ཨོཾ་དང་སྟོང་པའི་ངང་ལས་རང་གི་མདུན་གྱི་ནམ་མཁའ་པཾ་ལས་སྣ་ཚོགས་པདྨ་འདབ་མ་སྟོང་ལྡན་གྱི་ལྟེ་བར། རཾ་ལས་ཉི་མའི་དཀྱིལ་འཁོར་ཚ་ཟེར་རབ་ཏུ་རྒྱས་པའི་སྟེང་དུ། ཧཱཱུཾ་མཐིང་ག་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས། སངས་རྒྱས་སྲས་བཅས་ལ་མཉེས་པའི་མཆོད་པ་འབུལ། དེ་རྣམས་ཀྱི་མཐུ་སྟོབས་བྱིན་རླབས་ཐམས་ཅད་ཚུར་བསྡུས། རྡོ་རྗེ་ཧཱུཾ་ཡིག་དང་བཅས་པ་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་གསང་བའི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཨིནྡྲ་ནཱི་ལའི་རི་བོ་ལ་ཉི་མ་འབུམ་གྱི་མདངས་ཕོག་པ་ལྟ་བུ་གཟི་བརྗིད་བཟོད་པར་དཀའ་བ། ཞལ་རབ་ཏུ་གདངས་ཤིང་མཆེ་བ་རྣོན་པོ་བཞི་གཙིགས་ནས་ལྗགས་རྣམ་པར་འགྲིལ་བ། ཧཱཱུཾ་དང་ཕཊ་ཀྱི་སྒྲ་དྲག་པོ་འབྲུག་ལྟར་སྒྲོག་ཅིང་། དམར་ལ་ཟླུམ་པའི་སྤྱན་གསུམ་གློག་ལྟར་འཁྱུག་པ། ཁྲོ་གཉེར་བསྡུས་ཤིང་། སྨིན་པ་དང་སྨ་ར་དང་དབུ་སྐྲ་དམར་སེར་དུས་མཐའི་མེ་ལྟར་འབར་བ། ཕྱག་གཡས་སྡིགས་མཛུབ་དང་བཅས་པས་རྡོ་རྗེ་རྩེ་ལྔ་པ་ནམ་མཁའ་ལ་འཕྱར་བས་བདུད་དང་བགེགས་ཐམས་ཅད་ཚར་གཅོད་ཅིང་། ཕྱག་གཡོན་ཐུགས་ཀར་མ་རུངས་པ་རྣམས་ལ་བསྡིགས་པའི་སྡིགས་མཛུབ་མཛད་པ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ། དོ་ཤལ་ལ་སོགས་པས་སྤྲས་ཤིང་། ཀླུ་རིགས་བཞིས་བརྒྱན་པ་གོས་སྔོན་པོའི་སྟོད་གཡོགས་དང་སྟག་གི་ལྤགས་པའི་ཤམ་ཐབས་ཅན། ཁྲོ་བའི་ཉམས་ཐམས་ཅད་ཡོངས་སུ་རྫོགས་པ། སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་ཞབས་གཡས་བསྐུམས་ཤིང་། གཡོན་བརྐྱངས་པའི་སྟབས་ཀྱིས་ལོག་འདྲེན་དྲེགས་པ་སྡེ་བརྒྱད་བརྫིས་པའི་ཚུལ་གྱིས་བཞུགས་པའི་སྟེང་དུ་རྩ་བརྒྱུད་ཀྱི་བླ་མ་དང་། མཐའ་སྐོར་དུ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་ཞིང་། མདུན་དུ་བཀའ་སྡོད་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་བཞུགས་པའི་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་སྐུ་རྡོ་རྗེའི་ངོ་བོ་ཨོཾ་དཀར་པོ། མགྲིན་པར་གསུང་རྡོ་རྗེའི་ངོ་བོ་ཨཱཿདམར་པོ། ཐུགས་ཀར་ཐུགས་རྡོ་རྗེའི་ངོ་བོ་ཧཱུཾ་སྔོན་པོས་མཚན་པར་གྱུར། རང་དང་དམ་ཚིག་པའི་ཐུགས་ཀའི་ཧཱཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས། བཅོམ་ལྡན་འདས་གསང་བའི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ལ་བླ་མ་ཡི་དམ་དཀོན་མཆོག་གསུམ་གྱིས་བསྐོར་བ་སྤྱན་དྲངས།
༈ ཀྱཻ༔ འཛམ་གླིང་ཡངས་པའི་བྱང་གི་ཕྱོགས། །གསེར་གྱི་ས་འཛིན་བདུན་གྱི་དབུས། །རིན་ཆེན་རི་རབ་བརྩེགས་པའི་བདག །གསང་སྔགས་རིག་སྔགས་འཆང་བ་ཡི། །དྲང་སྲོང་གྲུབ་པ་ཀུན་གྱི་གནས། །ལྷ་དང་མི་ཡི་འདོད་ཡོན་དང་། །ཕྱི་ནང་གསང་བའི་མཆོད་པ་ཡིས། །ཕུན་ཚོགས་འདོད་དགུས་ཡོངས་སུ་གང་། །གསང་སྔགས་ཆོས་སྒྲ་སྒྲོག་པའི་ཤིང་། །གནས་མཆོག་ལྕང་ལོ་ཅན་གྱི་དབུས། །ཡེ་ཤེས་ལྔ་ཡི་རང་བཞིན་གྱི། །ནོར་བུ་གཞལ་ཡས་ཁང་ཆེན་གྱི། །སེང་ཁྲི་པདྨ་ཉི་ཟླའི་སྟེང་། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་དང་བསྟན་པ་བསྟན་པའི་གཙོ། །གཏུམ་ཆེན་ཁྲོ་བོའི་དབང་པོ་གཟུགས། །འཁོར་བཅས་ཁྱོད་ལ་གསོལ་བ་ནི། །སྔོན་གྱི་དམ་བཅའ་མ་བསྙེལ་བར། །སྙིགས་དུས་བསྟན་པ་སྲུང་བ་དང་། །བསྟན་འཛིན་བུ་བཞིན་སྐྱོང་བ་དང་། །རྣལ་འབྱོར་བདག་ཅག་ཡོན་མཆོད་ཀྱི། ། ཧཱཱུཾ། རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་x ཨོཾ་བཻ་ཤྲ་མཎཱ་x སྔོན་སངས་རྒྱས་མཐོང་བ་དང་། དམ་པའི་ཆོས་ཐོབ་པ། འཕགས་པའི་དགེ་འདུན་ལ་བརྟེན་པ། སྲུང་མ་མཐུ་རྩལ་ཅན་རྣམས་ཀྱི་ཞལ་དུ་x ཡུལ་ལྷ་གཞི་བདག །གནས་བདག །གྲོང་བདག་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཞེས་ཕུལ། ས་གཞི་སྤོས་ཀྱི་xxx ཏ་ཡ་མི། ཡན་ལག་བདུན་པ་ནི།
ཧཱུཾ། ནམ་མཁའ་འགེངས་པའི་བཞད་ནི་ང་རོ་དང་། །ས་གསུམ་གཡོ་བའི་ཞབས་ཀྱིས་གར་སྟབས་ཀྱིས། །བདུད་དང་ལོག་འདྲེན་མཐའ་དག་ཚར་གཅོད་པའི། །གསང་བདག་འགྲོ་བའི་སྐྱབས་ལ་ཕྱག་འཚལ་ལོ། །རང་བཞིན་སྟོང་ཉིད་རྣམ་པ་མཆོད་པའི་རྫས། །དབང་པོ་ཉེར་ཚེ་ཟག་མེད་བདེ་སྟེར་བ། །མུ་མེད་ཞིང་ན་ཇི་སྙེད་མཆིས་པ་རྣམས། །གུས་པའི་ཡིད་ཀྱིས་བདག་གིས་དབུལ་བར་བགྱི། །རང་རྨོངས་ཆགས་དང་མི་ཟད་ཞེ་སྡང་གིས། །ཀུན་ནས་བསླངས་པའི་ལུས་དང་ངག་ཡིད་ཀྱིས། །ཉེས་སྤྱོད་ཇི་སྙེད་བགྱིས་པ་དེ་དག་ཀུན། །འགྱོད་ཅིང་སྡོམ་པའི་སེམས་ཀྱིས་སོ་སོར་བཤགས། །རྒྱལ་དང་རྒྱལ་སྲས་ཉན་ཐོས་རང་རྒྱལ་དང་། །ལུས་ཅན་རྣམས་ཀྱིས་ལེགས་པར་སྤྱད་པའི་ཚོགས། །མ་ལུས་པ་ལ་དབུལ་ཕོངས་གཏེར་རྙེད་ཅིང་། །བསམ་པ་ཐག་པས་བདག་གི་ཡི་རང་ངོ་། །ཤིང་དབང་དྲུང་དུ་བདུད་རྩིའི་མཆོག་བརྙེས་ནས། །རིང་དུ་མ་ལོན་རྒྱལ་པོ་དེ་དག་ལ། །འགྲོ་ལ་བདུད་རྩིའི་དགའ་སྟོན་སྩོལ་བའི་ཕྱིར། །བླ་མེད་འཁོར་ལོ་བསྐོར་བར་བདག་བསྐུལ་ལོ། །ཞིང་ཁམས་གང་ན་འགྲོ་བའི་སྒྲོན་མེ་མཆོག །མྱ་ངན་འདའ་བར་བཞེད་པ་དེ་དག་ལ། །ལུས་ཅན་བསོད་ནམས་ཞིང་དུ་ཡུན་རིང་དུ། །སྲིད་མཐའི་ཇི་སྲིད་བཞུགས་པར་གསོལ་བ་འདེབས། །མི་སྐར་མཆོད་པ་ནང་མཆོད་གཏོར་མ་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་ལ་འདི་སྐད་དོ།།
སྭབྷ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ཨཱཿཧཱུཾ་ལས་རིན་པོ་ཆེ་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཨཱཿཧཱུཾ་ལས་བྱུང་བའི་མཆོད་གཏོར་རིན་ཆེན་རྫས་རྣམས་བཟང་ཞིང་རྒྱས་པ་རྒྱ་ཆེ་བ་དྭངས་ཤིང་ཐོགས་པ་མེད་པ་དང་། གཞན་ཡང་མི་སྐར་ལྔ་ཆེན་འཁོར་བཅས་མཉེས་པར་བྱེད་པའི་དམ་རྫས་སྤྱན་གཟིགས་འདོད་ཡོན་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་འབྱུང་ཞིང་། རྒྱས་ལ་ཐུགས་དམ་བསྐང་བར་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ་བརྗོད། ཐུགས་ཀ་ནས་འོད་ཟེར་འཕྲོས། རང་བཞིན་ནམ་མཁའི་སྔོན་ཕོ་བྲང་བདེ་བ་ཆེན་པོ་ནས་མི་སྐར་ལྔ་ཆེན་མྱུར་དུ་སྤྱན་དྲངས། པདྨ་ཀ་མ་ཡེསྟྭཾ། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། རང་བཞིན་བདེ་བ་ཆེན་པོའི་ངང་ཉིད་ནས། ལྷ་དབང་ཆེན་པོ་གནས་འདིར་གཤེགས་སུ་གསོལ། ནམ་མཁར་རང་ཉིད་ཡེ་ཤེས་དཀྱིལ་འཁོར་ནི། །མི་སྐར་མི་ཆེན་མྱུར་དུ་གཤེགས་སུ་གསོལ། །ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། མི་སྐར་ལྔ་པ་ཆེན་པོ་གཤེགས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿ རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །དངོས་གྲུབ་ཐམས་ཅད་སྩོལ་བར་མཛོད། །ཛ་ཧཱུྃཿབཾ་ཧོཿ དངོས་གྲུབ་སྩོལ་བའི་མི་སྐར་ལྔ། །ཡེ་ཤེས་ལྔ་བོ་ཆེན་པོ་ལ། །མཆོད་པ་སྣ་ཚོགས་འབུལ་བ་ནི། །རིན་ཆེན་སྣོད་ཀྱི་ནང་དུ་ལ། །པདྨ་དཀར་པོའི་པད་འདབ་གདན། །དེའི་སྟེང་གཏོར་མ་ཟླུམ་དཀར་གྱི། །རིན་ཆེན་སྣ་ཚོགས་བརྒྱན་པ་ཡིས། །ཤར་ཕྱོགས་ལྷོ་ནུབ་བྱང་ཕྱོགས་ཀྱི། །ཟླུམ་གཏོར་དཀར་པོའི་རིན་ཆེན་བརྒྱན། །རིན་ཆེན་ཕུང་པོ་འབྲུ་སྣ་ཚོགས། །ཆང་དང་འོ་མ་སྨན་ཕུད་དང་། །ཇ་ཕུད་དར་ཟབ་དཀར་གསུམ་དང་། །མངར་གསུམ་ཕྱེ་མར་ཟས་སྣ་དང་། །གསེར་སྐྱེམས་བསངས་བསུར་ལྔ་ལྔ་དང་། །འདོད་པའི་ཡོན་ཏན་ལྔ་དང་འདི། །མི་སྐར་ལྔ་བོ་ཐུགས་དམ་བསྐངས། །མི་ཆེན་སྐར་སྐར་ཐུགས་x ལྷ་ཆེན་སྐར་ཆེན་x ཐུགས་དམ་མ་ལུས་སྐོངས་གྱུར་ནས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ནད་གདོན་བར་ཆད་ཀུན་ཞི་ནས། །ཚེ་དཔལ་རྒྱས་པའི་ཚེ་བསོད་རྣམས། །མྱུར་དུ་རྒྱས་པའི་འཕྲིན་ལས་མཛོད། །མི་སྐར་ལྔ་ཆེན་དྲག་པོ་ཁྱོད། །བསྟེན་པའི་ཚེ་ན་སྙིང་མ་རིང་། །བོས་པའི་ཚེ་ན་སྙན་མ་སྲ། །བསྐུལ་བའི་ཚེ་ན་བང་མ་བུལ། །རྦད་པའི་ཚེ་ན་མཐུ་མ་ཆུང་། །མི་སྐར་ལྔ་བོ་ཆེན་པོ་ཡིས། །མཐུ་སྟོབས་དྲག་པོ་ཆེན་པོ་ཡིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །གནོད་པར་བྱེད་པའི་དགྲ་བོ་རྣམས། །བཅོལ་བའི་འཕྲིན་ལས་གྲུབ་པ་དང་། །བསམ་པའི་ལས་ཀུན་མྱུར་དུ་གྲུབ། །མྱུར་དུ་བདག་ལ་བསྲུང་བར་རཀྵ༔ བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །
རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས་པར་བསམ་ལ། ཡི་གེ་བརྒྱ་པ་ཉེར་གཅིག་བཟླས་པས། ཧཱུཾ། བླ་མ་ཡི་དམ་བཅོམ་ལྡན་གསང་བའི་བདག །ཕྱག་ན་རྡོ་རྗེ་འཁོར་བཅས་བདག་ལ་དགོངས། །ཐོག་མེད་དུས་ནས་མཐའ་མ་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ་ལ་སོགས། །བགྱིས་དང་བགྱིད་སྩལ་ཡི་རང་ཅི་མཆིས་པ། །གནོང་ཞིང་འགྱོད་པས་རྒྱལ་བ་སྲས་བཅས་ཀྱི། །སྤྱན་སྔར་བཤགས་ཤིང་སླན་ཆད་ཡང་དག་སྡོམ། །ཁྱད་པར་ལྷ་མཆོག་ཕྱག་ན་རྡོ་རྗེ་ཡི། །སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་ལས། །འགལ་ཞིང་མི་དགྱེས་གྱུར་པ་ཅི་མཆིས་པ། །བཤགས་དང་བཤགས་ཡུལ་བཤགས་པར་བྱ་བ་སོགས། །རང་བཞིན་སྤྲོས་དང་བྲལ་བའི་དབྱིངས་སུ་བཤགས། །ཞེས་བཤགས་པ་བྱ། དེ་ནས་ཐུགས་དམ་བསྐང་བ་ནི།
ཧཱུཾ། བདེ་སྟོང་ནམ་མཁའི་ཀློང་ཡངས་ལས། །སྣ་ཚོགས་མཆོད་པའི་སྤྲིན་སྤྲོས་ཏེ། །ཕྱག་ན་རྡོ་རྗེའི་ལྷ་ཚོགས་ཀྱི། །སྤྱན་ལམ་འབྱུང་ཞིང་རྒྱས་གྱུར་ཅིག །རིན་ཆེན་ལས་གྲུབ་སྣོད་ཡངས་སུ། །བདུད་རྩིའི་མཆོད་ཡོན་མཚོ་ལྟར་འཁྱིལ། །མཛེས་པའི་མེ་ཏོག་ཆར་ལྟར་འབབ། །དྲི་ཞིམ་སྤོས་ཀྱི་སྤྲིན་འཁྲིགས་པས། །གསང་བདག་འཁོར་བཅས་ཐུགས་དམ་བསྐང་། །ཐུགས་དམ་དབྱིངས་སུ་བསྐོངས་གྱུར་ནས། །རྐྱེན་ངན་བར་ཆད་བཟློག་པ་དང་། །མཐུན་རྐྱེན་བསམ་པ་འགྲུབ་པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །མར་མེ་ཕྲེང་བ་ཉི་ལྟར་གསལ། །བཟང་པོའི་དྲི་ཆབ་མཚོར་འཁྱིལ་ཞིང་། །རོ་བརྒྱའི་ཞལ་ཟས་ལྷུན་པོར་སྤུངས། །གདངས་སྙན་རོལ་མོའི་སྒྲ་སྒྲོགས་པས། །གསང་བདག་x ཐུགས་དམ་x རྐྱེན་ངན་x མཐུན་x མཆོག་དང་x མཛེས་པའི་རྟ་མཆོག་རླུང་ལྟར་འཕྱོ། །གཡག་རོག་ཞོལ་ཆེན་ང་རོ་འདོན། །ལུག་ནག་སྤྱི་དཀར་ཤེལ་ལྟར་འཚེར། །ཁྱི་ནག་དོམ་ལྟར་འཕྱོ་བ་འདིས། །གསང་བདག་x ཐུགས་དམ་x རྐྱེན་ངན་x མཐུན་རྐྱེན་x མཆོག་དང་x ཁྱུང་ཆེན་བྱ་ཚོགས་མཁའ་ལ་ལྡིང། །སྟག་སྤྱང་སེངྒེ་ངར་སྐད་འདོན། །གཟུགས་སྒྲ་དྲི་རོ་རེག་འཛིན་མའི། །འདོད་ཡོན་སྣ་ལྔའི་ཚོགས་རྣམས་ཀྱིས། །གསང་x ཐུགས་x རྐྱེན་x མཐུན་x མཆོག་x གླིང་བཞི་ལྷུན་པོའི་ཉི་ལྟར་བཅས། །གདུགས་དང་རྒྱལ་མཚན་བླ་བྲེ་དང་། །བུམ་པ་བཟང་དང་དཔག་བསམ་ཤིང་། །སྐུ་གསུང་ཐུགས་དང་གསང་རྟེན་གྱིས། །གསང་x ཐུགས་x རྐྱེན་x མཐུན་རྐྱེན་x མཆོག་x གནམ་ལྕགས་རྡོ་རྗེ་ལས་གྲུབ་པའི། །ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ནི། །སྲ་བརྟན་རྡོ་རྗེའི་གོ་ཁྲབ་དང་། །འབར་བའི་རྡོ་རྗེ་རལ་གྲི་སོགས། །དགྲ་འཇོམས་མཚོན་ཆའི་ཚོགས་རྣམས་ཀྱིས། །གསང་x ཐུགས་x རྐྱེན་x མཐུན་x མཆོག་x རིན་ཆེན་ལས་གྲུབ་རྒྱན་མང་དང་། །གསང་x ཐུགས་x རྐྱེན་x མཐུན་x མཆོག་དང་x མ་རུངས་གདུལ་དཀའ་འདུལ་བའི་ཕྱིར། །ཐུགས་རྗེས་ཁྲོས་པའི་སྐུར་བསྟན་ཡང་། །རབ་ཞི་ཆོས་སྐུའི་ངང་ཉིད་ལས། །མི་གཡོ་བླ་མེད་རྟེན་མཆོག་འདིས། །གསང་བདག་འཁོར་བཅས་ཐུགས་དམ་བསྐང་། །ཐུགས་དམ་དབྱིངས་སུ་བསྐོངས་གྱུར་ནས། །རྐྱེན་ངན་བར་ཆད་བཟློག་པ་དང་། །མཐུན་རྐྱེན་བསམ་པ་འགྲུབ་པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཧཱུཾ་བླ་མ་ཡི་དམ་x གལ་ཏེ་སྐལ་བྱེད་ན།
ཧཱུཾ། མཐུ་སྟོབས་དབང་ཕྱུག་རྡོ་རྗེ་འཛིན། །ཁྲོ་བོའི་རྒྱལ་པོ་བཅོམ་ལྡན་འདས། །ཕྱག་ན་རྡོ་རྗེ་འཁོར་བཅས་རྣམས། །བསྟན་དགྲ་གཞོམ་པའི་དུས་ལ་བབས། །ལན་གསུམ་བརྗོད། བདུད་དང་འབྱུང་པོའི་ཚོགས་རྣམས་ཀྱིས། །སངས་རྒྱས་བསྟན་པའི་སྤྱི་དགྲ་བྱས། །དཔལ་ལྡན་བླ་མའི་སྐུ་ལ་བསྡོས། །དཀོན་མཆོག་གསུམ་གྱི་དབུ་འཕང་སྨད། །དགེ་འདུན་རྣམས་ཀྱི་འདུ་སྒོ་ཕྲོགས། །ཉེས་མེད་སེམས་ཅན་ཡོངས་ལ་འཚེ། །རྣལ་འབྱོར་བདག་ལ་གནོད་བྱས་པས། །བཏང་སྙོམས་གཡེལ་བ་མཛད་པར། །བདུད་དང་གཤིན་རྗེ་གནོད་སྦྱིན་ཚོགས། །སྡེ་བརྒྱད་དྲག་པོའི་དམག་དྲོངས་ལ། །འཇིགས་པའི་ལྟས་དང་ཆོ་འཕྲུལ་གྱིས། །དགྲ་བོའི་ཡུལ་ཁམས་བརླག་པར་གྱིས། །ཐོགས་སེར་ནད་དང་དལ་ཡམས་དང་། །མི་བཟད་མཚོན་ཆའི་ཆར་པ་ཕོབ། །ལྟག་པའི་ཕྱོགས་ནས་སྡུད་ཆོད་ལ། །ཁོང་པའི་ནང་ནས་སྙིང་ཕྱུངས་ཤིག །ནག་པོའི་རྩ་ལག་བདུད་ཀྱི་གཉེན། །དགྲ་བགེགས་ལས་ངན་སྡིག་ཅན་འདི། །ལོ་ཟླ་ཞག་ཏུ་མ་བཞག་པར། །ད་ལྟ་སྒྲོལ་བའི་ལས་མཛོད་ཅིག །བཟློག་པ་ནི།
ཧཱུཾ། གསང་བའི་བདག་པོ་ལྷ་ཚོགས་ཀྱིས། །མཆོད་གཏོར་རྒྱ་མཚོ་འདི་བཞེས་ལ། །རྣལ་འབྱོར་ཡོན་མཆོད་འཁོར་བཅས་ལ། །ཕ་རོལ་བསམ་ངན་སྦྱོར་རྩུབ་བཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་x གདོན་རིགས་སུམ་བརྒྱ་དྲུག་ཅུ་x ནད་རིགས་བཞི་བརྒྱ་རྩ་བཞི་x ཡེ་འཕྲོག་སུམ་བརྒྱ་དྲུག་ཅུ་x བྱིས་པའི་གདོན་ཆེན་བཅོ་ལྔ་x ལྟས་ངན་བརྒྱད་ཅུ་རྩ་བཞི་x གཤིན་རྗེའི་འཁོར་ལོ་བསྐོར་བ་x བདུད་ཀྱི་ཁྲམ་ཁ་གཏོང་བ་x བཙན་གྱི་ཞགས་པ་འཕེན་པ་x གཟའ་དང་རྒྱལ་གདོན་གནོད་པ་x བདུད་གཡོས་སྲི་ངན་ལངས་པ་x ལོ་ཟླ་ཞག་དུས་སྐེག་རྣམས་x རྨི་ལམ་མཚན་མ་ངན་པ་x འགལ་རྐྱེན་བར་ཆད་ཐམས་ཅད་བཟློག །བཟློག་བསྒྱུར་འཕྲིན་ལས་དུས་ལ་བབས། །བཟློག་པ་བྱ། དངོས་གྲུབ་ཞུ། དེ་ནས། ཨོཾ་བཛྲ་པཱ་ཎི་ཧཱུཾ། ཞེས་གང་མང་བྱས་མཐར། རྣམ་སྲས་བྱེད་ནའང་། ཨོཾ་བཻ་ཤྲ་ཝཎ་ཡེ་སྭཱཧཱ། ཞེས་གང་མང་བྱས་མཐར་ཡི་གེ་བརྒྱ་པ་ལན་གསུམ་བརྗོད། མཚམས་འདིར་གཏོར་མ་སྔར་ལྟར་བྱིན་གྱིས་བརླབས།
བླ་མ་ཡི་དམ་དཔལ་ཕྱག་ན་རྡོ་རྗེ་འཁོར་དང་བཅས་པའི་ལྗགས་རྡོ་རྗེའི་འོད་ཟེར་གྱིས་སྦུ་གུས་དྲངས་ཏེ་གསོལ་བར་གྱུར། ཨོཾ་གུ་རུ་སརྦ་བུདྷ་བོདྷི་སཏྭ་བཛྲ་པཱ་ཎི་ཊཱ་ཀི་སརྦ་དྷརྨ་པཱ་ལ་ས་པ་རི་ཝ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་བདུན་ནམ་ཉེར་གཅིག་སོགས་ཀྱིས་འབུལ། ཨརྒྷཾ་སོགས་མཆོད་ནང་མཆོད་འབུལ། རྣམ་སྲས་གཏོར་མ་འབུལ། མཆོད་པ་ནང་མཆོད་འབུལ། གཏོར་རྫོངས་བྱ། མཆོད་སྦྱིན་གྱི་གཏོར་མ་འདོད་ཡོན་ལྔ་དང་ལྡན་པའི་བདུད་རྩིའི་རྒྱ་མཚོ་འདི་ཉིད། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་སྲུང་མ། ཁྱད་པར་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །བཞེས་ནས་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་གྱི་སྡེ་སྐྱོངས། བླ་མའི་སྐུ་ཚེ་སྲིངས། སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པ་དང་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། ཁྱད་པར་དུ་ཡང་རྣལ་འབྱོར་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་ནད་གདོན་དགྲ་བགེགས་ཀྱི་གནོད་པ། འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་མཛད་དུ་གསོལ། མཐུན་རྐྱེན་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ། མངའ་ཐང་རིགས་རྒྱུད་ལོངས་སྤྱོད། སྙན་གྲགས་འཁོར་ཚོགས་འདོད་དགུའི་ཕུན་ཚོགས། བཀྲ་ཤིས་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཁམས་གསུམ་གྱི་སྐྱེ་དགུ། ཟས་ནོར་ལོངས་སྤྱོད་ཐམས་ཅད་དབང་དུ་འདུ་བར་གསོལ། སངས་རྒྱས་ཀྱི་བསྟན་པ་དང་བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་རྣམས་དང་། རྣལ་འབྱོར་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་མི་དང་མི་མིན་དགྲ་བགེགས་ལོག་འདྲེན་ཐམས་ཅད་ད་ལྟ་ཉིད་དུ་དྲག་པོའི་ཆད་པས་ཚར་གཅོད་པར་མཛད་དུ་གསོལ། །གཞི་བདག་གཏོར་བ་འབུལ། དེ་ནས་བསྟོད་པ་བྱ་བ་ནི།
ཧཱུཾ། མཐུ་ཆེན་སྟོབས་ཀྱིས་བགེགས་དཔུང་མ་ལུས་འཇོམས། །གྲངས་མེད་སྤྲུལ་པས་རྒྱལ་བའི་མཛད་པ་བསྒྲུབ། །བདེ་གཤེགས་ཀུན་གྱི་གསང་བའི་མཛོད་འཛིན་པ། །གནོད་སྦྱིན་སྡེ་དཔོན་ཆེན་པོ་རིང་དུ་སྐྱོངས། །ཨིནྡྲ་ནཱི་ལའི་རི་བོ་བཞིན་དུ་འབར། །རིན་ཆེན་ལྷུན་པོ་ལྟ་བུར་རབ་ཏུ་བརྗིད། །འཇིགས་དུས་མེ་ཡི་དཔུང་བཞིན་འོད་འཕྲོ་བ། །མཐུ་སྟོབས་བདག་པོ་ཁྱོད་ལ་ཕྱག་འཚལ་ལོ། །ནུབ་རིའི་རྩེ་ལ་མཚམས་སྤྲིན་གཞོན་ནུ་བཞིན། །དམར་སེར་རལ་པའི་ཁུར་བཞིན་དྲག་ཏུ་འཁྲོས། །ཆར་སྤྲིན་སྡུག་པའི་ཁྲོད་ན་གློག་འཕྲེང་འཛིན། །སྤྱན་གསུམ་བགྲད་པའི་ཁྲོ་གཉེར་ཅན་ལ་འདུད། །ཐུང་ཞིང་སྦོམ་ལ་རགས་ཤིང་འགྲིམས་པའི་སྐུ། །འབྲུག་གི་སྒྲ་ལྟར་རབ་ཏུ་གསལ་བའི་གསུང་། །ནམ་མཁའི་དབྱིངས་བཞིན་དཔག་པར་དཀའ་བའི་ཐུགས། །འདུལ་དཀའ་འདུལ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །མ་རུངས་སྒྲག་མཛད་འཇིགས་པའི་མཆེ་བ་བཞིན། །རྣམ་པར་གཙིགས་ནས་བགེགས་ཀྱི་སྲོག་ལ་རྔམས། །མི་སྡུག་སྨིན་པ་སྨ་ར་འབར་བ་ལས། །མེ་ཡི་ཚ་ཚ་འཕྲོ་ལ་ཕྱག་འཚལ་ལོ། །ཡིད་འཕྲོག་རིན་ཆེན་རྒྱན་གྱིས་རབ་ཏུ་སྒེག །གདུག་པའི་ཀླུ་ཡི་ཚོགས་ཀྱི་ཡན་ལག་བརྒྱན། །རབ་ཏུ་འབར་བའི་རྩེ་མོ་ཅན་དབུས་ན། །འཇིགས་རུང་ཉམས་ཀྱིས་བཞུགས་ལ་ཕྱག་འཚལ་ལོ། །ནམ་མཁའ་འགེངས་པའི་བཞད་པའི་ང་རོ་དང་། །ས་གསུམ་གཡོ་བའི་ཞབས་ཀྱི་གར་སྟབས་ཀྱིས། །བདུད་དང་ལོག་འདྲེན་མཐའ་དག་ཚར་གཅོད་པའི། །གསང་བདག་འགྲོ་བའི་སྐྱབས་ལ་ཕྱག་འཚལ་ལོ། །བཟློག་པ་བྱ། དངོས་གྲུབ་ཞུ། དེ་ནས་རྣམ་དག་གམ་བཀྲ་ཤིས་ཆར་འབེབས་བྱ། མི་སྐར་མའི་གཡང་འགུགས་བྱ།
ཧཱུཾ། རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །དངོས་གྲུབ་ཐམས་ཅད་སྩལ་ཏུ་གསོལ། །བུ་ཡི་དངོས་གྲུབ་སྩལ་ཏུ་གསོལ། །ཕྱྭ་ཡི་དངོས་གྲུབ་སྩལ་ཏུ་གསོལ། །བུ་ཕོ་སྣ་ཚོགས་དངོས་གྲུབ་སྩལ་x བུ་མོ་སྣ་ཚོགས་x འཆི་མེད་ཚེ་ཡི་དངོས་x གོས་ནོར་སྣ་ཚོགས་x མི་ཕྱུགས་སྣ་ཚོགས་x ཕྱྭ་གཡང་ཡར་འཚོ་འཕེལ་བར་མཛོད། །ཕྱྭ་གཡང་དངོས་གྲུབ་སྩལ་ཏུ་གསོལ། །མཁའ་ལྡིང་བྱ་ཁྱུང་དེ་ཡིས་མཐུས། །དེ་རིང་བདག་ལ་སྩལ་ཏུ་གསོལ། །དབང་པོ་བརྒྱ་བྱིན་མཚོན་ཆའི་གཡང་། །དེ་རིང་x རི་རབ་ལྷུན་པོ་ཆེན་སྐུ་གཡང་། །དེ་རིང་x བསྟན་སྲུང་དཔའ་བོ་སྲུང་གི་གཡང་། །དེ་རིང་x ནམ་མཁའི་ཡངས་པའི་ཐུགས་རྗེ་གཡང་། །དེ་རིང་x ལྷ་སྲིན་སྡེ་བརྒྱད་འབྲུ་ཡི་གཡང་། །དེ་རིང་x འཛམ་བུའི་གླིང་ཆེན་ཕྱུགས་ཀྱི་གཡང་། །དེ་རིང་x ཟས་ནོར་བདག་པོ་ནོར་གྱི་གཡང་། །དེ་རིང་x གཡང་ཕྱྭ་ནོར་གྱི་དངོས་གྲུབ་སྩོལ། །དེ་རིང་བདག་ལ་སྩལ་ཏུ་གསོལ། །ཕྱྭ་ལྡན་ནོར་དང་ཟས་ཆེན་ལྡན། །ཕྱྭ་ཁུག་ནོར་ཁུག་ཟས་གཡང་ཁུག །ཁུག་ཅིག་ཕོབ་ཅིག་མྱུར་དུ་ཁུག །ཧཱུཾ་ཧཱུཾ་བཾ་བཾ། མི་སྐར་ནས་ཕྲ་ཨོཾ་ཝ་བེར་མྭ་ལ་སུ༔ཕས་འཕེལ་ཀུན། དེ་ནས་གཡང་འགུགས་སྤྱིའི་བྱ་བ་ནི། དེ་ནས་གཏང་རག་གི་མཆོད་པ་ནང་མཆོད་འབུལ། བསྟོད་པ་བྱ། བསྔོ་བ་སྨོན་ལམ་དང་། བཟོད་པར་གསོལ། བཀྲ་ཤིས་བྱ། མེ་ཏོག་འཐོར་བར་བྱའོ། །འདི་སྔགས་རྣ་ཀུ་མེ་འཁོར་ལ་བྲིས། མི་ཕྱུགས་པའི་ནད་ཞི་བར་འདོད་ན། དང་པོར་ཕྱུགས་རྣམས་ཀྱི་དབུས་ན་ཉེར་སྤྱོད་གཞི་བདག་འོ་མ་ཇ་ཕུད་བཤམས། ལུག་སོགས་མི་ཕྱུགས་གོད་ཁ་བྱད་ཁ་ནད་གདོན་བགེགས་རིགས་སོགས་སེལ། དེ་ནས་མིའི་སྐར་མའི་མཆོད་པ་ནི་མགོན་པོ་ཀླུ་སྒྲུབ་པས་མཛད་པའོ།། །།


དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བསངས་རྣམ་དག་མ་སོགས། ༼༡༽ ཤོག་གྲངས་ ༩༧ ནས་ ༡༣༢ བར་བཞུགས་པའི་དཔེ་ཐུང་དབུ་ཅན་བྲིས་མ་ཤོག་བུ་བཅོ་བརྒྱད་ཅན་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།