བརྒྱད་པ། འགྲེལ་མཛད་པཎ་གྲུབ་ཀྱི་རྣམ་ཐར་དང་གཞུང་མཚན།

བརྒྱད་པ། འགྲེལ་མཛད་པཎ་གྲུབ་ཀྱི་རྣམ་ཐར་དང་གཞུང་མཚན།

ཀ༽ འགྲེལ་མཛད་པཎ་གྲུབ་ཀྱི་རྣམ་ཐར་སྙིང་བསྡུས།

 

དེ་ཡང་སྔོན་བྱོན་སློབ་དཔོན་རྣམས་ཀྱིས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་དང་། སྡེ་སྣོད་གསུམ་ལའང་གཞུང་ཆེན་བཀའ་པོད་ལྔ་སོགས་སློབ་དཔོན་སོ་སོས་བསྟན་བཅོས་རྩ་འགྲེལ་མང་དུ་མཛད་པ་སྟེ། དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བ་ལས[1]། སྔོན་གྱི་སློབ་དཔོན་རྣམས་ཀྱིས་ཕྱོགས་རེ་རེ་མཛད་དེ། སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་། དྷརྨ་ཀཱིརྟི་ལ་སོགས་པས་ཚད་མའི་གཞུང་རྒྱས་པར་མཛད་དོ། །

སློབ་དཔོན་ཆོས་སྐྱོབ་དང་། སློབ་དཔོན་སངས་རྒྱས་ལྷ་[2]དང་། དབྱིག་བཤེས་དང་། དབྱངས་སྒྲོགས་དང་། ཡིད་འོང་ལ་སོགས་པས་ཉན་ཐོས་བྱེ་བྲག་ཏུ་སྨྲ་བའི་ལུང་རྒྱས་པར་མཛད་དོ། །སློབ་དཔོན་དགེ་སྲུངས་དང་། ཆོས་མཆོག་དང་། དབྱིག་གཉེན་སྔ་མ་ལ་སོགས་པས་ཉན་ཐོས་མདོ་སྡེ་པའི་གཞུང་རྒྱས་པར་མཛད་དོ། །སློབ་དཔོན་ཐོགས་མེད་དང་། དབྱིག་གཉེན་དང་། བློ་བརྟན་དང་། ཤེས་རབ་འབྱུང་གནས་སྦས་པ་དང་། ཀ་ལིང་ཀ་དང་། ལྷ་དབང་བློ་དང་། དགེ་བསྙེན་བཙུན་པ་ངོ་བོ་ཉིད་མེད་པ་ལ་སོགས་པས་ནི་རྣམ་བཅས་རྣམ་མེད་ཀྱི་གཞུང་རྒྱས་པར་མཛད་དོ།།

སློབ་དཔོན་བྷ་བྱ་དང་། བུདྡྷ་པཱ་ལི་ཏ་དང་། དེ་བ་ཤརྨ་དང་། སྤྱན་རས་གཟིགས་བརྟུལ་ཞུགས་དང་། ཤཱནྟ་རཀྵི་ཏ་དང་། ཀ་མ་ལ་ཤཱི་ལ་ལ་སོགས་པས་ནི་དབུ་མའི་གཞུང་རྒྱས་པར་མཛད་དོ། །སློབ་དཔོན་ཙནྡྲ་གོ་མི་དང་། སློབ་དཔོན་དཔའ་བོ་དང་། སློབ་དཔོན་རྒྱ་མཚོ་སྤྲིན་དང་། སློབ་དཔོན་ཤཱནྟ་དེ་བ་དང་། སློབ་དཔོན་ལུན་ཏ་ཀ་ལ་སོགས་པས་སེམས་བསྐྱེད་མ་ཐག་པ་ལས་དང་པོ་བའི་ཕྱིར་ཚད་མེད་པ་བཞི་དང་། བསྡུ་བའི་དངོས་པོ་བཞི་དང་། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཇི་ལྟར་ཉམས་སུ་བླང་བའི་སྤྱོད་པ་རྒྱ་ཆེན་པོའི་གཞུང་རྒྱས་པར་མཛད་དོ། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་དང་། སློབ་དཔོན་ཨཱརྱ་དེ་བ་དང་། སློབ་དཔོན་མ་ཏི་ཙི་ཏྲ་དང་། སློབ་དཔོན་ཀཾ་པ་ལ་དང་། སློབ་དཔོན་ཟླ་བ་གྲགས་པ་དང་། སློབ་དཔོན་ལྔ་པོས་མཛད་པའི་དབུ་མའི་གཞུང་དེ་དག་ནི་དབུ་མའི་གཞུང་ཐམས་ཅད་ཀྱི་ཕྱི་མོ་ཡིན་ནོ། །དབུ་མའི་གཞུང་ཐམས་ཅད་ཀྱི་རྩ་བ་ཡིན་པས་འགྲན་ཟླ་མེད་པ་ཡིན་ནོ།།

འདི་ལྟར་བཀའ་གསང་སྔགས་ཀྱི་གཞུང་ཡང་སློབ་དཔོན་སངས་རྒྱས་གསང་བ་དང་། སློབ་དཔོན་ཤཱཀྱ་བཤེས་གཉེན་དང་། སློབ་དཔོན་ཤེས་རབ་གྲུབ་པ་དང་། སློབ་དཔོན་ཀུན་དགའ་སྙིང་པོ་ལ་སོགས་པས་ནི་རྣལ་འབྱོར་གྱི་རྒྱུད་དང་། བྱ་བའི་རྒྱུད་ཀྱི་དོན་གསལ་བར་མཛད་དོ། །སློབ་དཔོན་ཨིནྡྲ་བྷཱུ་ཏི་དང་། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ལ་སོགས་པས་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་དོན་འབའ་ཞིག་གསལ་བར་བྱས་སོ། །སློབ་དཔོན་ཙཱརྱ་པ་དང་། སློབ་དཔོན་རྡོ་རྗེ་དྲིལ་བུ་དང་། སློབ་དཔོན་ལཱུ་ཡི་པ་ལ་སོགས་པས་དཔལ་བདེ་མཆོག་གི་རྒྱུད་ཀྱི་དོན་གསལ་བར་མཛད་དོ། །སློབ་དཔོན་ཌོཾ་བི་ཧེ་རུ་ཀ་དང་། ས་ར་རཱུ་པ་ལ་སོགས་པས་དཔལ་ཧེ་བཛྲའི་རྒྱུད་ཀྱི་དོན་ཙམ་གསལ་བར་མཛད་དོ། །སློབ་དཔོན་ཀུ་ཀུ་རི་པ་དང་། ཆོས་ཀྱི་ཞབས་ལ་སོགས་པས་ནི་དཔལ་མ་ཧཱ་མཱ་ཡཱའི་དོན་གསལ་བར་མཛད་དོ།།

སློབ་དཔོན་གྱི་ཞལ་སྔ་ནས་སྐྱེ་བོ་མ་ལུས་པ་ལ་འདི་བཀའ་དྲིན་ཆེ་བ་ཡིན་ཏེ། ཐ་མལ་པ་ལ་ཤིན་ཏུ་ཕན་གདགས་པའི་ཕྱིར་རྟེན་འབྲེལ་གྱི་རྩིས་དང་མོའི་རྣམ་པ་མཛད་དོ། །བློན་པོ་རྣམས་ལ་ཕན་གདགས་པའི་ཕྱིར་ཤེས་རབ་བརྒྱ་པ་དང་། བརྟག་པ་བཅུ་གཉིས་པ་ལ་སོགས་པ་མཛད་དོ། །རྒྱལ་པོ་རྣམས་ཀྱི་ཕྱིར་བཤེས་པའི་སྤྲིང་ཡིག་དང་། རིན་པོ་ཆེའི་ཕྲེང་བ་མཛད་དོ། །འཁོར་རྣམ་བཞིར་གཏོགས་པ་བསོད་ནམས་ཆུང་བ་རྣམས་ཀྱི་ཕྱིར་སྤོས་སྦྱོར་ཆེ་ཆུང་ལ་སོགས་པ་མཛད་དོ། །སྨན་པ་རྣམས་ཀྱི་ཕྱིར་སྦྱོར་བ་བརྒྱ་པ་དང་། སྦྱོར་བ་སུམ་ཅུ་རྩ་གཉིས་པ་དང་། ཉི་ཤུ་པ་དང་། བདུད་རྩིའི་སྙིང་ཐིགས་དང་། འཚོ་བའི་མདོ་ལ་སོགས་པ་མཛད་དོ། །ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་ཀྱི་ཆེད་དུ་སེམས་བསྐྱེད་པའི་ཆོ་ག་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་གསལ་བ་དང་། མདོ་ཀུན་ལས་བཏུས་པ་ལ་སོགས་པ་མཛད་དོ།།

ཡང་དེ་དག་གི་ཐོག་ཏུ་དབུ་མ་རྩ་བའི་ཤེས་རབ་དང་། དེ་ལས་འཕྲོས་པ་རྩོད་པ་བཟློག་པ་དང་། སྟོང་པ་ཉིད་བདུན་ཅུ་པ་མཛད་དོ། །དེའི་ཡན་ལག་ཏུ་རིགས་པ་དྲུག་ཅུ་པ་དང་། ཐེག་པ་ཆེན་པོ་ཉི་ཤུ་པ་དང་། སྲིད་པ་འཕོ་བ་དང་། བསྒོམ་པའི་རིམ་པ་དང་། རྣམ་པར་འཐག་པ་དང་། ཚིག་བརྒྱ་པ་དང་། བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་བཤད་པ་དང་། ཆོས་ཀྱི་དབྱིངས་སུ་བསྟོད་པ་དང་། དོན་དམ་པར་བསྟོད་པ་དང་། རྣམ་པར་མི་རྟོག་པར་བསྟོད་པ་དང་། བསམ་གྱིས་མི་ཁྱབ་པར་བསྟོད་པ་དང་། འཇིག་རྟེན་ལས་འདས་པར་བསྟོད་པ་དང་། སེམས་ཀྱི་རྡོ་རྗེའི་བསྟོད་པ་དང་། སཱ་ལུ་ལྗང་པའི་འགྲེལ་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རྩ་འགྲེལ་དང་བཅས་པ་དང་། དེ་བཞིན་དུ་དབང་པོ་རྣོན་པོའི་ཡང་རྣོན་པོ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྣོད་དུ་གྱུར་པ་རྣམས་ལ་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་དོན་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་དང་། ཆོ་ག་ཉི་ཤུ་པ་དང་། པཎྜི་ཀྲི་ཏ་དང་། མདོ་དང་བསྲེས་པ་དང་། དཔལ་རིམ་པ་ལྔ་པ་མཛད་དོ།།

དཔལ་རྡོ་རྗེ་གདན་བཞིའི་རྒྱུད་ཆེན་པོའི་ཊཱིཀ་མཛད་དོ། །མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་དང་། རྗེ་བཙུན་ཁརྶ་པཱ་ཎིའི་སྒྲུབ་ཐབས་དང་། ཡི་གེ་དྲུག་པ་དང་། ཨ་ར་པ་ཙ་ན་དང་། ངག་གི་དབང་ཕྱུག་དང་། ཚིག་སྦྱིན་གཞོན་ནུ་ལ་སོགས་པའི་སྒྲུབ་ཐབས་མང་དུ་མཛད་དོ། །དམ་ཚིག་གསུམ་བཀོད་པའི་ཆོ་ག་དང་། དཔའ་བོ་གཅིག་སྒྲུབ་དང་། དེའི་མན་ངག་འདོད་འཇོའི་བ་མོ་དང་། གཏོར་མ་སུམ་ཅུ་པ་དང་། སངས་རྒྱས་མཉམ་སྦྱོར་གྱི་རྫོགས་པའི་རིམ་པའི་མན་ངག་ཆེན་པོ་ལ་སོགས་པ་མང་དུ་མཛད་དོ། །ཞེས་གསུངས་པ་ལྟར་མང་དུ་བཞུགས་པས་ཞིབ་ཕྲ་འགོད་ཐབས་བྲལ་ལོ།།

འོན་ཀྱང་སྐབས་སུ་བབས་པ་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསུང་གི་འགྲེལ་མཛད་རྒྱ་གར་འཕགས་ཡུལ་གྱི་མཁས་པ་ངོས་བཟུང་ཐུབ་པ་འགའ་ཞིག་གི་མཚན་བྱང་རགས་ཙམ་འགོད་པ་ལ། ༡༽ སློབ་དཔོན་ནག་པོ་པ་དང་། ༢༽ སྤྱན་རས་གཟིགས་བརྟུལ་ཞུགས། ༣༽ སློབ་དཔོན་དཔལ་གཞན་ལ་ཕན་པ། ༤༽ སློབ་དཔོན་ཤེས་རབ་འབྱུང་གནས་བློ་གྲོས། ༥༽ སློབ་དཔོན་ཆོས་སྐྱོང་། ༦༽ སློབ་དཔོན་དགེ་བའི་ལྷ། ༧༽ སློབ་དཔོན་ཡེ་ཤེས་སྙིང་པོ། ༨༽ སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བ། ༩༽ བླ་མ་གསེར་གླིང་པ། ༡༠༽ སློབ་དཔོན་རྒྱལ་བའི་སྲས། ༡༡༽ སློབ་དཔོན་རྒྱ་མཚོ་སྤྲིན། ༡༢༽ དགེ་བསྙེན་བཙུན་པ་ངོ་བོ་ཉིད་མེད་པ། ༡༣༽ སློབ་དཔོན་བློ་བརྟན། ༼འདི་སློབ་དཔོན་བློ་གྲོས་བརྟན་པ་དང་གཅིག་མིན་ན་དེ་གཉིས་རེ་རེ་ནས་བགྲང་དགོས།༽ ༡༤༽ སློབ་དཔོན་དུལ་བ་ལྷ། ༡༥༽ སློབ་དཔོན་བློ་བཟང་ངང་ཚུལ། ༡༦༽ སློབ་དཔོན་གང་སྤེལ། ༡༧༽ སློབ་དཔོན་མི་ཕམ་བཤེས་གཉེན། ༡༨༽ སློབ་དཔོན་ལྷ་དབང་བློ། ༡༩༽ སློབ་དཔོན་དགེ་བའི་བློ་གྲོས། ༢༠༽ སློབ་དཔོན་ཤེས་རབ་འབྱུང་གནས་སྦས་པ། ༢༡༽ སློབ་དཔོན་རྒྱལ་བ་ཅན། ༢༢༽ བྲམ་ཟེ་བདེ་བྱེད་དགའ་བ། ༢༣༽ སློབ་དཔོན་ཆོས་མཆོག །༢༤༽ སློབ་དཔོན་ཉི་མ་སྦས་པ། ༢༥༽ སློབ་དཔོན་ཡེ་ཤེས་དཔལ་བཟང་པོ། ༢༦༽ སློབ་དཔོན་བྱང་ཆུབ་བཟང་པོ། ༢༧༽ ཁ་ཆེ་པཎྜི་ཏ་ཆེན་པོ་ཛ་ཡ་ཨཱ་ནནྟ། ༢༨༽ པཎྜི་ཏ་ཆེན་པོ་ཤྲཱི་བི་བྷུ་ཏི་ཙནྡྲ། ༢༩༽ སློབ་དཔོན་ཆེན་པོ་ཀྲི་ཥན་པ། ༣༠༽ བི་ཀྲ་མ་ཤཱི་ལའི་པཎྜི་ཏ་ཆེན་པོ་བཻ་རོ་ཙ་ན་རཀྵི་ཏ། ༣༡༽ སློབ་དཔོན་འདུན་བཟང་། ༣༢༽ སློབ་དཔོན་ཤཱཀྱ་བློ། ༣༣༽ སློབ་དཔོན་ཛ་མཱ་རི། ༣༤༽ བྲམ་ཟེ་ཨ་ཙ་ཊ་སོགས་རྒྱ་གར་འཕགས་ཡུལ་གྱི་སློབ་དཔོན་གྲགས་ཅན་བཅུ་ཕྲག་གསུམ་ལྷག་གིས་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱིས་མཛད་པའི་ལེགས་བཤད་རྣམས་ལ་འགྲེལ་པ་མཛད་ཡོད། གོང་གསལ་རྒྱ་གར་འཕགས་ཡུལ་གྱི་འགྲེལ་བྱེད་པཎ་གྲུབ་གྲགས་ཅན་ ༣༤ རྣམས་ཀྱི་རྣམ་ཐར་སྙིང་བསྡུས་རེ་ངོ་སྤྲོད་ཞུ་བ་ལ།

༡༽ སློབ་དཔོན་ནག་པོ་སྤྱོད་པའམ་ནག་པོ་པ་ནི། དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་དང་། ནག་པོ་ཆེན་པོ་མགོན་པོ་མངོན་འབྱུང་གི་རྒྱུད་རྣམས་ལས་ལུང་བསྟན་ཅིང་། གྲུབ་ཐོབ་སྟོང་དང་བཞི་བརྒྱའི་འཁོར་གྱིས་བསྐོར་བ། ཡུལ་གྲུ་ཆེན་པོ་བཅུ་གསུམ་གྱི་སྐྱེ་བོ་ཐམས་ཅད་རྡོ་རྗེ་འཛིན་པའི་ས་ལ་བཀོད་ཅིང་། མཁའ་འགྲོ་མ་སྐལ་བ་བཟང་མོའི་ཕྱག་ནས་སམྦུ་ཊའི་རྒྱུད་སྤྱན་དྲངས་པ་སོགས་གྲུབ་པའི་སློབ་དཔོན་ཆེས་ཆེ་བ་དེ་ལ། དཔལ་ཧེ་རུ་ཀའི་བཀས་བསྐུལ་བ་བཞིན་དུ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས། དབང་ཆོག །སྦྱིན་སྲེག་སྟེ་བསྐྱེད་རིམ་གཞུང་གསུམ་དང་། དཔྱིད་ཀྱི་ཐིག་ལེ། རིམ་པ་བཞི་པ། གསང་བའི་དེ་ཁོ་ན་ཉིད་དེ་རྫོགས་རིམ་གཞུང་གསུམ་སྟེ་ནག་པོ་གཞུང་དྲུག་ཏུ་གྲགས་པ་མཛད་ཅིང་། བདེ་མཆོག་གི་ཆོས་སྐོར་ཁུངས་མ་རྣམས་ཀྱི་ནང་ནས་ལུགས་འདི་རྒྱས་ཤོས་ཡིན། ཕྱིས་གྲུབ་ཆེན་ནཱ་རོ་པ་ཡང་ལུགས་འདི་ཁོ་ན་གཙོ་བོར་མཛད་དོ།།

༢༽ སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ནི། ལྷོ་ཕྱོགས་ཡུལ་ས་ཀེ་ཏ་རུ་བྲམ་ཟེའི་རིགས་སུ་སྐུ་འཁྲུངས། དེ་ཡང་རྒྱལ་པོ་དེ་ཝ་པཱ་ལའི་དུས་སུ་བྱོན་པས་དུས་རབས་ ༨ མཇུག་ཙམ་ (C.-700) དུ་བྱོན་པ་ཞིག་ཡིན་ལ། རང་དང་གཞན་གྱི་གྲུབ་མཐའ་ལ་མཁས་པར་གྱུར་ཏེ་དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མའི་རྒྱ་ཆེར་འགྲེལ་པ་མཛད་དོ།།

༣༽ སློབ་དཔོན་གཞན་ལ་ཕན་པ་ནི། རྒྱ་གར་ཆོས་འབྱུང་ལས། རྒྱལ་པོ་མ་ཧི་པཱ་ལས་སྲིད་ལོ་ལྔ་བཅུ་རྩ་གཉིས་མཛད། རགས་རྩིས་སུ་བྱས་ན་རྒྱལ་པོ་འདི་འདས་ཙམ་ན། བོད་ན་བཙན་པོ་ཁྲི་རལ་ཡང་སྐུ་འདས་པ་ཙམ་གྱི་དུས་ཡིན་ནོ། །རྒྱལ་པོ་དེའི་རིང་ལ་སློབ་དཔོན་ཀུན་དགའ་སྙིང་པོ་དང༌། ཀུན་རྫོབ་དང་དོན་དམ་བྱང་སེམས་ཀྱི་སྒོམ་རིམ་མཛད་མཁན་རྟ་དབྱངས་ཞེས་བྱ་བ་དབུ་མ་ཐལ་འགྱུར་པ་ཞིག་དང༌། སློབ་དཔོན་གཞན་ལ་ཕན་པ་དང་། སློབ་དཔོན་ཟླ་བ་པདྨ་ལ་སོགས་པ་བྱུང་ཞེས་པ་ལྟར་ན། ཕྱི་ལོ་བརྒྱ་ཕྲག་དགུ་པའི་སྨད་དང་བཅུ་པའི་ནང་བཞུགས་པར་མངོན་ལ། སློབ་དཔོན་མཁས་པ་ཆེན་པོ་དཔལ་གཞན་ལ་ཕན་པས་སྟོང་ཉིད་བདུན་ཅུ་པའི་རྣམ་པར་བཤད་པ་སོགས་མཛད་དོ།།

༤༽ སློབ་དཔོན་ཤེས་རབ་འབྱུང་གནས་བློ་གྲོས་ནི། རིག་པའི་གནས་ཐམས་ཅད་ལ་མཁས་ཤིང༌། འཇམ་དཔལ་གྱིས་ཞལ་མངོན་སུམ་དུ་གཟིགས་པ། མུ་སྟེགས་དང་རྩོད་པའི་ཚེ། འཇམ་དཔལ་གྱི་བྲིས་སྐུ་ཞིག་ལ་མཆོད་པ་དང༌། གསོལ་བཏབ་མཛད་པ་ཙམ་གྱིས་མུ་སྟེགས་ཀྱི་རྩོད་པ་ཇི་ལྟར་ཟེར་དུ་འོང་བ་དང༌། དེའི་ལན་འདེབས་ཚུལ་ཅིག་ཅར་ཐུགས་ལ་ཤར་ནས་སླར་རྩོད་པའི་ཚེ་ངེས་པར་རྒྱལ་བ་ཞིག་ཡོད་པར་གྲགས་སོ། །འདི་ནི་རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་སྤྱོད་འཇུག་གི་བཀའ་འགྲེལ་མཛད་པ་པོའི་སློབ་དཔོན་ཤེས་རབ་འབྱུང་གནས་བློ་གྲོས་བྱ་བ་ཡིན་ལ། ཕྱི་ལོའི་དུས་རབས་ ༡༡ པའི་ནང་བྱོན་པའོ།།

༥༽ སློབ་དཔོན་ཆོས་སྐྱོང་ནི། ལྷོ་ཕྱོགས་ཀྱི་རྒྱུད་དུ་འཁྲུངས་པ། སྙན་དངགས་མཁན་གྱི་རིགས་ལས་བྱུང་བ། དགེ་བསྙེན་དུ་གནས་པའི་དུས་ནས། སྙན་དངགས་མཁན་ཆེན་པོ་ཕྱི་ནང་གི་གཞུང་ལུགས་ཕལ་ཆེར་ཤེས་པ་ཞིག་སློབ་དཔོན་ཆོས་འབངས་[3]ལས་རབ་ཏུ་བྱུང་ཞིང༌། འདུལ་བ་ཉན་ནས་མཁས་པ་ཆེན་པོར་གྱུར་པ་ན་ཡུལ་དབུས་སུ་བྱོན། རྣམ་ཐར་རྒྱས་པ་མཁན་རབས་ ༦ པའི་སྐབས་སུ་བཀོད་ཟིན་ཏོ།།

༦༽ སློབ་དཔོན་དགེ་བའི་ལྷ་ནི། ཕ་དམ་པ་སངས་རྒྱས་རབ་ཏུ་འབྱུང་ཡུལ་གྱི་བླ་མ་དེ་ཡིན་ལ། ཁོང་དང་དུས་མཉམ་པ་ལས་རྣམ་ཐར་མ་རྙེད་དོ། ། ༧༽ སློབ་དཔོན་ཡེ་ཤེས་སྙིང་པོ་ནི། ཤར་གསུམ་མཁན་པོའི་ཡ་གྱལ་ཡིན་ཅིང་། ཨོ་ཌི་བི་ཤར་སྐུ་འཁྲུངས། དེ་ཡང་ལོ་ཙཱ་བ་དཔལ་བརྩེགས་དང་དུས་རགས་པ་མཉམ་པས་དུས་རབས་ ༨ པའི་ནང་དུ་བྱོན་སྙམ། ཁོང་གིས་བདེན་པ་གཉིས་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ་སོགས་མཛད་དོ།།

༨༽ སློབ་དཔོན་རཏྣ་ཨཱ་ཀ་ར་ཤནྟཱི་པའམ་རིན་ཆེན་འབྱུང་གནས་ཞི་བ་ནི། བྲམ་ཟེའི་རིགས་སུ་སྐུ་འཁྲུངས། དེ་ཡང་མཁས་པ་སྒོ་དྲུག་འདས་པའི་འོག་ཏུ་ཇོ་བོ་ཆེན་པོ་ཕེབས་པར་བཤད་པ་ལྟར་ན་དུས་རབས་ ༡༠།༡༡ མཇུག་ཡན་ཆད་ཅིག་ཏུ་བྱོན་སྙམ། ནཱ་ལེནྡྲའི་ཤར་སྒོ་སྲུང་བའི་པཎྜི་ཏ་ཡིན། མཁས་པ་འདིས་ཤེར་ཕྱིན་བསྒོམ་པའི་མན་ངག་སོགས་བསྟན་བཅོས་དུ་མ་མཛད་དོ།།

༩༽ བླ་མ་གསེར་གླིང་པ། གསེར་གླིང་པ་ཆོས་ཀྱི་གྲགས་པ་ནི། ཇོ་བོས་བསྟེན་པའི་བླ་མ་སོ་བཞི་ཙམ་གྱི་ཁྲོད་ནས་ལོ་བཅུ་གཉིས་རིང་བསྟེན་ནས་ཆོས་གསན་སའི་བླ་མ་གཙོ་བོ་ཞིག་ཡིན་ལ། བླ་མ་གསེར་གླིང་པས་མཛད་པའི་བློ་སྦྱོང་སེམས་དཔའི་རིམ་པ་སོགས་མང་དུ་བཞུགས་ལ། ཐེག་པ་ཆེན་པོའི་ཆོས་ལུགས་ཀྱི་བློ་སྦྱོང་ནི། བླ་མ་གསེར་གླིང་པ་ནས་ཇོ་བོ་རྗེ་ལ་བརྒྱུད་པའི་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བློ་སྦྱོང་བའི་ཁུངས་གཏུག་ས་དེ་ཡང་གསེར་གླིང་པ་ཡིན་ཅིང་། ཕྱི་ལོའི་དུས་རབས་བཅུ་པའི་ནང་བྱོན་པའོ།།

༡༠༽ སློབ་དཔོན་རྒྱལ་བའི་སྲས་གྲགས་པའི་བཤེས་གཉེན་ནི། རྒྱལ་པོ་གོ་པཱ་ལ་དང་དུས་རགས་པ་མཉམ་པས་དུས་རབས་ ༨ ནང་དུ་བྱོན་སྙམ། ཁོང་གིས་ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་དོན་གསལ་བ་སོགས་མཛད་དོ།།

༡༡༽ སློབ་དཔོན་རྒྱ་མཚོ་སྤྲིན་ནི། རྒྱལ་བ་མི་ཕམ་པའི་ཞལ་གཟིགས་ནས། རྣལ་འབྱོར་སྤྱོད་པའི་ས་སྡེ་ལྔ་ལ་འགྲེལ་པ་རྩོམ་པར་ལུང་བསྟན་ཐོབ་པས་ཡོངས་རྫོགས་ལ་འགྲེལ་པ་མཛད་པར་ཡང་གྲགས་ཤིང༌། བྱང་སའི་འགྲེལ་པ་ནི་གྲགས་ཆེ་ལ། ཕྱི་ལོའི་དུས་རབས་དགུ་པའི་ནང་བྱོན་པའོ།།

༡༢༽ དགེ་བསྙེན་བཙུན་པ་ངོ་བོ་ཉིད་མེད་པ་ནི། ཤར་ཕྱོགས་བྷང་ག་ལའི་ཆར་གཏོགས་པ་ཧ་པུ་ར་ཞེས་བྱ་བར་ཚོང་པའི་རིགས་སུ་སྐུ་བལྟམས། འཕགས་པ་འཇམ་དཔལ་གྱི་ཞལ་མངོན་སུམ་དུ་གཟིགས་པ་དང་། མདོ་སྡེ་ལྔ་བརྒྱ་ཙམ་ཐུགས་ནས་འདོན་ཞིང་། སྒྲོལ་མའི་རིག་སྔགས་ཀྱང་འགྲུབ་ལ། རྣམ་རིག་གི་དབུ་མ་རྒྱ་ཆེར་བཤད་པ་དང་། ཐེག་བསྡུས་བཤད་སྦྱར་སོགས་མཛད། སློབ་དཔོན་ཆོས་བཤེས་དང་དུས་མཉམ་དུ་བྱོན་པའོ།།

༡༣༽ སློབ་དཔོན་བློ་གྲོས་བརྟན་པ་ནི།   ཕྱི་ལོའི་དུས་རབས་ ༦ པའི་ནང་དུ་མཐའ་འཁོབ་འདྲ་མ་ཞེས་བྱ་བར་དམངས་རིགས་ཤིག་གི་སྲས་སུ་སྐུ་འཁྲུངས། ཁོང་གིས་ཕུང་པོ་ལྔའི་རབ་ཏུ་བྱེད་པ་བྱེ་བྲག་ཏུ་བཤད་པ་དང་། སུམ་ཅུ་པའི་བཤད་པ། དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་བཤད་སོགས་མཛད་དོ།།

༡༤༽ སློབ་དཔོན་དུལ་བ་ལྷ་ནི། གྲུབ་ཆེན་ནག་པོ་སྤྱོད་པའི་མཇུག་ཙམ་སྟེ། ཕྱི་ལོའི་དུས་རབས་བདུན་པའི་སྨད་ཙམ་ལ་བྱོན་པ་དང་། གྲུབ་ཐོབ་རྒྱལ་པོ་ལྷན་སྐྱེས་རོལ་པ་དང་དུས་མཉམ་པར། དཔལ་ནཱ་ལེནྡྲར་སློབ་དཔོན་དུལ་བ་ལྷ་བྱོན་ཏེ། ཁོང་གིས་དམིགས་པ་བརྟག་པའི་རྒྱ་ཆེར་བཤད་པ་སོགས་དང་། ཚད་མ་སྡེ་བདུན་ལ་འགྲེལ་པ་བྱས། མདོ་སྡེ་འཛིན་པ་ཤུ་བྷ་མི་ཏྲ་དང༌། སློབ་དཔོན་ཚུལ་ཁྲིམས་བསྐྱངས་དང༌། ཤནྟི་སོ་མ་ལ་སོགས་པ་བྱུང་སྟེ། རྣམ་རིག་གི་གྲུབ་མཐའ་རྩ་བར་བཟུང༌། མདོ་སྡེ་དང་འདུལ་བ་དར་བར་བྱས་སོ།།

༡༥༽ སློབ་དཔོན་བློ་བཟང་ངང་ཚུལ་ནི། ཕྱི་ལོའི་དུས་རབས་དགུ་པའི་ནང་ཤཱཀྱ་བཤེས་གཉེན་དང་། དཾ་ཥྟ་སེ་ན་སྟེ་མཆེ་བའི་སྡེ་དང༌། རྡོ་རྗེ་མཚོན་ཆ་དང༌། སྤྱན་རས་གཟིགས་བརྟུལ་ཞུགས་རྣམས་དང་དུས་མཉམ་དུ་བྱོན་པ་དང་། ལས་གྲུབ་པའི་རབ་ཏུ་བྱེད་པའི་འགྲེལ་པ་སློབ་དཔོན་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཆེན་པོ་ན་གནས་པ་དགེ་སློང་བློ་བཟང་ངང་ཚུལ་གྱིས་མཛད་པ། ཞེས་འདི་ཡང་དཔལ་ནཱ་ལེནྡྲ་གཙུག་ལག་ཁང་གི་པཎྜི་ཏའོ།།

༡༦༽ སློབ་དཔོན་གང་བ་སྤེལ་བ་ནི། མངོན་པ་མཛོད་ཀྱི་འགྲེལ་བྱེད་སློབ་དཔོན་ཡོན་བློ་གང་གསུམ་གྱི་ཡ་གྱལ་ཞིག་དང་། སློབ་དཔོན་དབྱིག་གཉེན་གྱི་སློབ་མ་མངོན་པ་རང་ལས་མཁས་པ་སློབ་དཔོན་བློ་གྲོས་བརྟན་པའི་སློབ་མ་ཞིག་སྟེ། བཙན་པོ་ཁྲི་སྲོང་ལྡེ་བཙན་དང་དུས་མཉམ་པའི་རྒྱལ་པོ་ཙཀྲ་ཡུ་དྷ་དང་དུས་མཚུངས་སུ་བྱོན་པས་དུས་རབས་ ༨ ནང་དུ་སྐུ་འཁྲུངས་ཤིང་། ཁོང་གིས་ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་སོགས་མཛད་པ་དང་། ཁ་ཆེའི་སློབ་དཔོན་གང་བ་སྤེལ་བའི་བསྡུས་མིང་ལ་གང་སྤེལ་ཞེས་ཞུའོ།།

༡༧༽ སློབ་དཔོན་མི་ཕམ་བཤེས་གཉེན་ནི། རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་དེའི་དོན་འགྲེལ་སློབ་དཔོན་མི་ཕམ་བཤེས་གཉེན་གྱིས་མཛད་པ་དང་། གཞན་ཡང་ཨ་ར་པ་ཙ་ནའི་སྒྲུབ་ཐབས་དངོས་གྲུབ་བརྙེས་པའི་སློབ་དཔོན་མི་ཕམ་བཤེས་གཉེན་གྱིས་མཛད་པ་སོགས་བཞུགས་པ་ལས་རྣམ་ཐར་མ་རྙེད་དོ།།

༡༨༽ སློབ་དཔོན་ལྷ་དབང་བློ་ནི། དུས་རབས་ ༧ པའི་སྨད་ཙམ་དུ་སྐུ་འཁྲུངས་པར་བཤད་ལ། ཁོང་གིས་ཚད་མ་རྣམ་འགྲེལ་ལེའུ་ཕྱི་མ་གསུམ་གྱི་འགྲེལ་པ་སོགས་བརྩམས་སོ།།

༡༩༽ སློབ་དཔོན་དགེ་བའི་བློ་གྲོས་ཀྱི་རྣམ་ཐར་མ་རྙེད་ལ། ༢༠༽ སློབ་དཔོན་ཤེས་རབ་འབྱུང་གནས་སྦས་པ་ནི། རྒྱ་གར་ཆོས་འབྱུང་ལས། ཤེས་རབ་འབྱུང་གནས་ཞེས་པ་ཙམ་གྱི་མཚན་ལ་འཁྲུལ་ནས་ཤེར་འབྱུང་བློ་གྲོས་དང༌། ཤེར་འབྱུང་སྦས་པ་གཅིག་པར་འདོད་པའི་འཁྲུལ་པ་ཡང་མང་དུ་སྣང༌། འདི་ནི་རྟེན་དགེ་སློང་ཡིན་ལ། ཤེར་འབྱུང་སྦས་པ་ནི། དགེ་བསྙེན་ཡིན་ནོ་ཞེས་མཁས་པ་རྣམས་ལ་གྲགས་སོ། །ཞེས་བྱུང་ལ། ཤེར་འབྱུང་སྦས་པ་ནི་རྒྱན་མཁན་པོ་སྟེ། ཤེར་འབྱུང་སྦས་པ་ལ་སོགས་པ་འཕགས་ཡུལ་གྱི་རྡོ་རྗེ་སློབ་དཔོན་ཚད་ལྡན་དུ་མ་སེམས་ཙམ་པ་ཡིན་པར་གསུངས་ཤིང་། རྒྱ་གར་ཆོས་འབྱུང་ལས། རྒྱལ་པོ་མ་ཧི་པཱ་ལའི་སྐུ་ཚེའི་སྨད་ཙམ་ན། པི་ཊོ་ཨཱ་ཙརྱས་དུས་ཀྱི་འཁོར་ལོའི་རྒྱུད་སྤྱན་དྲངས་ཏེ་རྒྱལ་པོ་འདིའི་དུས་སུ་དར་བར་མཛད། རྟོག་གེ་བ་རྒྱན་མཁན་པོ་སྟེ་ཤེས་རབ་འབྱུང་གནས་སྤས་པ་བྱུང༌། ཞེས་གསལ་བ་ལྟར། རྒྱན་མཁན་པོ་ནི། ཚད་མ་ལ་མཁས་པའི་སློབ་དཔོན་ལྷ་ཤཱཀ་རྒྱན་གསུམ་དུ་གྲགས་པའི་ཡ་གྱལ་ཞིག་དང་། ཁོང་གིས་རྣམ་འགྲེལ་གྱི་ལེའུ་ཕྱི་མ་གསུམ་གྱི་འགྲེལ་པ་རྣམ་འགྲེལ་གྱི་རྒྱན་ཞེས་བྱ་བ་མཛད་པས་ཡོངས་གྲགས་ལ་རྒྱན་མཁན་པོ་ཞེས་སུ་གྲགས།

༢༡༽ སློབ་དཔོན་རྒྱལ་བ་ཅན་ནི། རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་སློབ་དཔོན་རྒྱལ་བ་ཅན་གྱིས་མཛད་པ་བམ་པོ་དྲུག་ཅུ་པ་བྱང་ཆུབ་ཤེས་རབ་ཀྱི་འགྱུར་སོགས་བཞུགས་པ་ལས་རྣམ་ཐར་མ་རྙེད་དོ།།

༢༢༽ བྲམ་ཟེ་བདེ་བྱེད་དགའ་བའམ་བྲམ་ཟེ་ཤཾ་ཀ་རཱ་ནནྟ་ནི། བྲམ་ཟེའི་རིགས་སུ་སྐུ་འཁྲུངས། དེ་ཡང་དུས་རབས་ ༡༡ ནང་དུ་བྱོན་སྙམ། བརྩམས་ཆོས་ནི་འབྲེལ་པ་བརྟག་པའི་རྗེས་སུ་འབྲང་བ་སོགས་བསྟན་བཅོས་དུ་མ་བཞུགས་སོ།།

༢༣༽ སློབ་དཔོན་ཆོས་མཆོག་ནི། དུས་རབས་བརྒྱད་པའི་སྨད་ཙམ་དུ་སྐུ་འཁྲུངས་པར་བཤད། ཁོང་གིས་ཚད་མ་རྣམ་པར་ངེས་པའི་ཊཱིཀ་འཐད་ལྡན་དང་། རིགས་ཐིགས་རྒྱ་ཆེར་འགྲེལ། གཞན་སེལ་བ་ཞེས་བྱ་བའི་རབ་ཏུ་བྱེད་པ། འཇིག་རྟེན་ཕ་རོལ་གྲུབ་པ་སོགས་བརྩམས་སོ།།

༢༤༽ སློབ་དཔོན་ཉི་མ་སྦས་པ་ནི། ཁ་ཆེའི་ཡུལ་དུ་འཁྲུངས་ཤིང་པཎྜི་ཏར་གྱུར་ཏེ་ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་ལས་ལེའུ་གསུམ་པའི་བཤད་པ་སོགས་མཛད་ལ། ཉི་མ་སྦས་པའི་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་མའི་ལས་ཚོགས་དང་ས་བཅད་རྣམས་ཀྱི་བརྒྱུད་པའང་བཞུགས་སོ།།

༢༥༽ སློབ་དཔོན་ཡེ་ཤེས་དཔལ་བཟང་པོ་ནི། དུས་རབས་བཅུ་གཅིག་པའི་ནང་ཁ་ཆེར་སྐུ་འཁྲུངས་ཤིང་། ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད་མཁས་པའི་གྲགས་པས་རྒྱ་མཚོའི་མཐས་ཀླས་པར་ཁྱབ་པ། སློབ་དཔོན་ཡེ་ཤེས་དཔལ་བཟང་པོའི་ཞལ་སྔ་ནས་མཛད་པ་སོགས་བཞུགས་པ་ལས་རྣམ་ཐར་མ་རྙེད་དོ།།

༢༦༽ སློབ་དཔོན་བྱང་ཆུབ་བཟང་པོ་ནི། རྒྱ་གར་ཤར་ཕྱོགས་སུ་སྐུ་འཁྲུངས། དེ་ཡང་རྒྱལ་པོ་གོ་པཱ་ལ་དང་དུས་མཉམ་པས་དུས་རབས་ ༨ ནང་དུ་བྱོན་སྙམ། བརྩམས་ཆོས་ནི་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པའི་བཤད་སྦྱར་སོགས་བཞུགས་སོ།།

༢༧༽ པཎྜི་ཏ་ཛ་ཡ་ཨཱ་ནནྟ་ནི། ཁ་ཆེའི་ཡུལ་དུ་སྐུ་འཁྲུངས་ཤིང་། བར་སྐབས་ཤིག་ལ་བོད་དུ་བྱོན། དེ་ཡང་པཎྜི་ཏ་འདི་ཉིད་ལ་པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་ཀྱིས་ལོ་ཙཱ་བྱས་ཏེ་ཆ་པ་ཆོས་ཀྱི་སེངྒེ་དང་དབུ་མ་ཐལ་རང་གི་ལྟ་བའི་གནད་ལ་རྩོད་པ་མཛད་པས་པཎྜི་ཏ་མ་ཐུབ། སླར་རྒྱ་ནག་རི་བོ་རྩེ་ལྔར་བྱོན་ནས་འཇམ་དཔལ་བསྒྲུབས་ཤིང་། དེར་འཇུག་པའི་རྒྱས་འགྲེལ་རྟོག་གེའི་ཐོ་བ་མཛད་དེ་སླར་རྩོད་པ་ལ་བྱོན་དུས་ཆ་པ་ཆོས་སེང་སྐུ་གཤེགས་ཞེས་ལྷོ་བྲག་ཆོས་འབྱུང་དུ་གསལ། པ་ཚབ་ལོ་ཙཱ་བའི་བུ་བཞི་སྟེ། གཙང་པ་སར་སྦོས་དང་། རྨ་བྱ་བྱང་ཆུབ་ཡེ་ཤེས། དར་ཡོན་ཏན་གྲགས། ཞང་ཐང་སག་པ་ཡེ་ཤེས་འབྱུང་གནས་སོགས་ནས་དབུ་མ་བསྒྱུར་ཅིང་ཆེས་ཆེར་དར་བར་མཛད། དེ་ལྟར་ན་པཎྜི་ཏ་འདི་ཉིད་ཕྱི་ལོའི་དུས་རབས་ ༡༢ པའི་དུས་སྟོད་ཙམ་དུ་སྐུ་འཁྲུངས་སྙམ། བརྩམས་ཆོས་ནི་དབུ་མ་ལ་འཇུག་པའི་འགྲེལ་བཤད་དོན་གསལ་བར་བྱེད་པ་སོགས་བཞུགས་ལ། ཁོང་གིས་མཛད་པའི་འཇུག་པའི་འགྲེལ་བཤད་དུ་སློབ་དཔོན་ཟླ་བ་གྲགས་པའི་དགོངས་པ་མ་ལོན་པའི་བཤད་པ་མང་དུ་ཡོད་པས་དབུ་མའི་གཞུང་རྣམས་སུ་ཁོང་ཕྱོགས་སྔར་བྱེད་བཞིན་ཡོད།

༢༨༽ པཎྜི་ཏ་ཆེན་པོ་ཤྲཱི་བི་བྷུ་ཏི་ཙནྡྲ་ནི། ཁ་ཆེ་པཎ་ཆེན་བོད་དུ་ཕེབས་སྐབས་པཎ་ཆུང་དགུ་མཉམ་ཁྲིད་ཕེབས་པའི་གྲས་ཏེ། ཁོང་ནི་སྒྲ་དང་མངོན་པ་ལ་མཁས་ཤིང་། དཔལ་ཤ་བ་རི་ལ་ཡང་དངོས་སུ་ཐུག་སྟེ་སྦྱོར་བ་ཡན་ལག་དྲུག་པ་གསན། འདི་ཉིད་ཕྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་དུ་བྱོན་པའོ།།

༢༩༽ སློབ་དཔོན་ཆེན་པོ་ཀྲིཥྞ་པཎྜི་ཏ་ནི། སྐུ་མདོག་ནག་པས་ཀྲིཥྞ་པ་ཞེས་གྲགས་ཤིང་། ཀྲིཥྞ་ཞེས་པ་ནག་པོ་ཡིན་པས་སློབ་དཔོན་ནག་པོ་བ་དང་གཅིག་མིན་དཔྱད་དགོས་ལ། ཀྲིཥྞ་པའི་གདམས་པ་ཐུན་མོང་མ་ཡིན་པ་བཞུགས་པར་མ་ཟད། མཁན་པོ་འདི་པས་བོད་ཀྱི་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་དང་། འགོས་ལྷས་བཙས་སོགས་དང་ལྷན་དུ་བསྒྱུར་བའི་འགྱུར་ལ། བཀའ་འགྱུར་ལས། མདོ་སྡེའི་ནང་ཆོས་ཚན་ ༢ དང་། རང་འགྱུར་ལ་བསྟན་འགྱུར་ལ། རྒྱུད་ ༼ཞི༽ ལ་དེ་ཁོ་ན་ཉིད་ཀྱི་མན་ངག་རྩེ་མོ་དོ་ཧའི་གླུ་ཞེས་བྱ་བ་དཔལ་ས་ར་ཧས་མཛད་པ། ཀྲིཥྞ་པཎྜི་ཏས་བསྒྱུར་བ་བཅས་རྒྱུད་ཀྱི་སྐོར་ལ་ཆོས་ཚན་ ༩ དང་། དབུ་མའི་ནང་ཆོས་ཚན་ ༣ སྣ་ཚོགས་སུ་ཆོས་ཚན་ ༡ བཅས་བཞུགས་སོ།།

༣༠༽ བི་ཀྲ་མ་ཤཱི་ལའི་པཎྜི་ཏ་ཆེན་པོ་བཻ་རོ་ཙ་ན་རཀྵི་ཏ་ནི། ཕྱི་ལོའི་དུས་རབས་བཅུ་གཉིས་པའི་ནང་རྒྱ་གར་ལྷོ་ཕྱོགས་ཀཽ་ས་ལའི་གྲོང་ཁྱེར་སོ་མ་ཡཱ་རིར་རྒྱལ་པོ་ས་ཙནའི་རིགས་སུ་འཁྲུངས། ཡུམ་ནི་སྐལ་བ་བཟང་མོ་ཞེས་བྱ། ལོ་བཅུ་གཉིས་པ་ལ་ཞང་པོ་མུ་སྟེགས་པའི་པཎྜི་ཏ་ཞིག་ཡོད་པ་དེའི་ཕྱིར་འབྲངས་ཏེ་སློབ་གཉེར་མཛད། རྒྱ་གར་ཤར་ནུབ་དབུས་སོགས་སུ་བྱོན་ནས་གསན་བསམ་ཉམས་བཞེས་མཛད། མང་དུ་མཁྱེན་ཀྱང་གསང་ཞིང་ཁེངས་སྐྱུང་མཛད། ཡུལ་ཉི་ཤུ་རྩ་བཞི་ལས་མ་བྱོན་པ་ཨུ་རྒྱན་ལས་མེད། བོད་དུ་ལན་ལྔ་དང་རྒྱ་ནག་ཏུའང་བྱོན། སློབ་མ་ཡང་མང་དུ་བསྐྱངས་ཤིང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ་སོགས་མཛད། མཐར་འོན་གྱི་སྒང་ཁར་མྱ་ངན་ལས་འདས་སོ།།

༣༡༽ སློབ་དཔོན་དགེ་འདུན་བཟང་པོའམ་འདུས་བཟང་ནི། ཁ་ཆེའི་ཡུལ་དུ་སྐུ་འཁྲུངས། དེ་ཡང་སློབ་དཔོན་དབྱིག་གཉེན་གྱི་བླ་མ་ཡིན་པས་དུས་རབས་ ༣ པའི་མཇུག་དང་ ༤ པའི་སྟོད་གང་རུང་དུ་བྱོན་སྙམ། ཁོང་གིས་ཆོས་མངོན་པ་མཛོད་ཀྱི་བསྟན་བཅོས་ཀྱི་ཚིག་ལེའུར་བྱས་པའི་འགྲེལ་པ་མདོ་དང་མཐུན་པ་བརྩམས་སོ།།

༣༢༽ སློབ་དཔོན་ཤཱཀྱ་བློ་གྲོས་ནི། དུས་རབས་ ༨ ནང་དུ་སྐུ་འཁྲུངས་པར་བཤད། རྒྱ་གར་གྱི་ཚད་མ་ལ་མཁས་པའི་སློབ་དཔོན་ཆེན་པོ་ལྷ་ཤཱཀ་རྒྱན་གསུམ་གྱི་གྲས་ཤིག་སྟེ། པཎ་ཆེན་ཤཱཀྱ་བློ་གྲོས་ཞེས་པ་དེ་ཡིན་ལ། ཁོང་ཉིད་སློབ་དཔོན་ལྷ་དབང་བློའི་སློབ་མ་ཡིན་ཅིང་། ཤཱཀྱ་བློ་གྲོས་ཀྱིས་ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་མཛད་ཡོད། དེ་ཡང་རྣམ་འགྲེལ་རང་འགྲེལ་དང་། ལྷ་དབང་བློའི་འགྲེལ་པ་གཉིས་ཀར་འགྲེལ་པ་སོགས་བརྩམས་ཡོད།

༣༣༽ སློབ་དཔོན་ཛ་མཱ་རིའམ་ཡ་མཱ་ནི། ཤེར་འབྱུང་སྦས་པའི་སློབ་མ་དང་། པཎྜི་ཏ་ཆོས་མཆོག་གི་སློབ་དཔོན་ཡང་ཡིན། ལ་ལར་ཆོས་མཆོག་གི་སློབ་མ་ཡིན་པར་གསལ། ནོར་རྒྱུན་མ་ཛ་མཱ་རིའི་ལུགས་ཞེས་ལུགས་ཐུན་མོང་མ་ཡིན་པ་ཡོད་ལ། རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་མཛད་པ་པོ་ཡིན། འགྱུར་ལ་མཚོན་ནའང་རྒྱ་གར་གྱི་བླ་མ་ཛ་མ་རིའི་གནོད་སྦྱིན་ཆེན་པོ་གཞན་གྱིས་མི་ཐུབ་པའི་སྒྲུབ་ཐབས་ཀྱི་རྒྱུད་སོགས་བཞུགས་ཤིང་། ཁ་ཅིག་གིས་ཛ་མ་རི་ཆོས་གྲགས་ཀྱི་དངོས་སློབ་ཡིན་ཟེར་རོ། །མངོན་པ་གོང་མའི་བརྒྱུད་པ་ནི་རྗེའི་གསན་ཡིག་ཏུ། རིགས་པའི་མངོན་པའི་དབང་དུ་མཛད་དེ། སངས་རྒྱས། འཇམ་དབྱངས། ཆོས་སྐྱོབ། མ་ཝཾ་ག །དབྱིག་གཉེན། ཕྱོགས་གླང༌། ཆོས་གྲགས། ལྷ་དབང་བློ། ཤཱཀྱ་བློ། ཤེས་རབ་འབྱུང་གནས། ཆོས་མཆོག །ཛ་མ་རི། དུལ་བའི་ལྷ། ཞེས་གསལ་བ་ལྟར་ཆོས་མཆོག་དང་དུལ་བ་ལྷའི་བར་དུ་བྱུང་བར་གསལ་ལོ།།

༣༤༽ བྲམ་ཟེ་ཨ་ཙ་ཊ་ནི། ཚད་མ་རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་ཤིན་ཏུ་ཡོངས་སུ་དག་པ་ལས། བྲམ་ཟེ་ཨ་ཙ་ཊ་མ་གཏོགས་པ། གཞན་དག་ནི་དོན་བྱ་བ་གྲུབ་པའི་ཡུལ་ཅན་གྱི་རྣམ་པར་རྟོག་པའི་ཤེས་པ་མངོན་སུམ་ལས་གཞན་ཡིན་མོད། དེ་ཚད་མ་ནི་མ་ཡིན་ཞེས་བྱ་བར་སེམས་སོ། །ཞེས་བྱུང་བ་དེ་ཡིན་ལ། གོང་གསལ་འགྲེལ་བྱེད་པཎ་གྲུབ་རྣམས་ཀྱི་ཁྲོད་ནས་དཔལ་ནཱ་ལེནྡྲའི་མཁན་རབས་དང་། པཎྜི་ཏའི་རིགས་རྣམས་ཀྱི་རྣམ་ཐར་རྒྱས་པ་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་བྱུང་རབས་སྲིད་ཞིའི་མཛེས་རྒྱན་ནང་བཀོད་ཡོད་པས་དེར་གཟིགས་པར་འཚལ་ལོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཀི༽ དེབ་ཨང་ ༦༤ པ། ཤོག་གྲངས་ ༣༢༧

[2] འདི་ལ་བཙུན་པ་ཆེན་པོ་སངས་རྒྱས་ལྷའང་ཞུ་ཞིང་། འདི་དང་སློབ་དཔོན་ཆེན་པོ་དབྱིག་བཤེས། ཆོས་སྐྱོབ། འདུས་བཟང་བཅས་ལ་བྱེ་བྲག་སྨྲ་བའི་སློབ་དཔོན་ཆེན་པོ་བཞི་ཞེས་འབོད།

[3] སློབ་དཔོན་ཆོས་འབངས་ཞབས་ནི། ཕྱི་ལོའི་དུས་རབས་དྲུག་པའི་ནང་ཙམ་དུ་རྒྱ་གར་ཤར་ཕྱོགས་བྷཾ་ག་ལར་སྐུ་འཁྲུངས་ཤིང་། འཕགས་པ་ཐོགས་མེད་དང་། སློབ་དཔོན་དབྱིག་གཉེན་རྣམ་གཉིས་བླ་མར་བསྟེན་ནས་གསན་སྦྱོང་མཛད། ཕྱོགས་བཞིའི་ཡུལ་ཐམས་ཅད་དུ་བྱོན་ནས་འཕགས་པ་འཇམ་དཔལ་གྱི་ལྷ་ཁང་བཞེངས། གསུང་རྩོམ་ལ་རྣལ་འབྱོར་སྤྱོད་པའི་ས་ཡོངས་སུ་རྫོགས་པ་ལ་འགྲེལ་པ་མཛད་ཅེས་གྲགས་སོ།།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༣༩ ནས་ ༣༥༣ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *