ལེའུ་གསུམ་པ། ནཱ་ལེནྡྲ་སུས་ནམ་ཞིག་བཞེངས་པ།
ཀ༽ ནཱ་ལེནྡྲ་བཞེངས་དུས་དང་བཞེངས་པ་པོ།
༡༽ མྱ་ངན་མེད་ཀྱིས་ནཱ་ལེནྡྲ་ཐོག་མར་ཕྱག་བཏབ་ཚུལ།
དེ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ (250-320)[1] ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་ལས[2]།
སྔོན་གྱི་རྒྱལ་པོས་ཆོས་ཀྱི་གཞི། །ལྷ་ཁང་ལ་སོགས་གཞན་བགྱིས་པ། །
གང་དག་ལགས་པ་དེ་དག་ཀྱང་། །སྔ་ལུགས་བཞིན་དུ་སྐྱོང་བར་མཛོད། །
ཅེས་དང་། རྒྱལ་ཚབ་རྗེས་ (1364-1432) མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་སྙིང་དོན་གསལ་བར་བྱེད་པ་ལས་[3]ཀྱང་། སྔོན་གྱི་རྒྱལ་པོས་ཆོས་ཀྱི་གཞི་ལྷ་ཁང་ལ་སོགས་པ་གཞན་བགྱིས་པ་གང་དག་ལགས་པ་དེ་དག་ཀྱང་མཆོད་པ་ལ་སོགས་པ་ཇི་ལྟར་ཡོད་པ་སྔར་ལུགས་བཞིན་ཆུས་མ་ཟོས་པར་བསྐྱང་བར་མཛོད་ཅིག་པའོ། །ཞེས་བྱུང་བ་བཞིན་དགེ་བསྙེན་ཆོས་དཔལ་དར་དཔྱང་ (དུས་རབས་13པ།) གིས་མཛད་པའི་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་ (1197-1264) གྱི་རྣམ་ཐར་ལས[4]། ན་ལེན་དྲ་ཞེས་པ་མིའི་དབང་པོ་སྔོན་རྒྱལ་པོས་བཞེངས་པས། དེ་སྐད་གྲགས། དེ་ནི་ཆུ་བོ་གངྒཱའི་ཕར་འགྲམ་ན་ཉིན་གཉིས་སྔ་སླེབས་ཀྱི་ས་ན། རྡོ་རྗེ་གདན་ནས་ལྷོ་ནུབ་ཏུ་ཕྱིན་པས་གྲོ་སྔ་སླེབས་ཀྱི་ས་ན་ཡོད། རིན་ཆེན་ཕྲེང་བར།
སྔོན་གྱི་རྒྱལ་པོས་ཆོས་ཀྱི་གཞི།།

༼ཆོས་རྒྱལ་མྱ་ངན་མེད། Ashoka 273/268-232 BCE༽
ཞེས་པའི་སྐབས་སུ་གསུངས་པ་ལ། དེ་ན་དབུ་རྩེ་ཆེན་པོ་བདུན་དབུས་སུ་བསྒྲིགས་པ་ཡོད། གཉིས་མ་གཏོགས་པ་རྒྱལ་པོས་བཞེངས། གཉིས་སློབ་དཔོན་ཆེན་པོ་གཉིས་ཀྱིས་རེ་རེ་བཞེངས་པ། དེའི་ཕྱི་རོལ་བྱང་ཕྱོགས་ན་ནར་མར་བསྒྲིགས་པའི་དབུ་རྩེ་ཆེན་པོ་བཅུ་བཞི། དེའི་ཕྱི་རོལ་ན་ཨཱ་རཱ་མི་ཀ་ཞེས་པའི་གཙུག་ལག་ཁང་ཆུང་བ་བརྒྱད་ཅུ་ཙམ་ཡོད། དེ་ཕལ་ཆེར་རྒྱལ་པོས་བཞེངས། ལ་ལ་བཙུན་མོས་བཞེངས་པའོ། །ཞེས་སྔོན་གྱི་རྒྱལ་པོས་བཞེངས་པར་གསུངས་པ་ལས། རྒྱལ་པོ་དང་། བཙུན་མོ། སློབ་དཔོན་ཆེན་པོ་གང་དག་གིས་དུས་ནམ་ཞིག་ལ་ཚུལ་ཇི་ལྟར་དུ་བཞེངས་མིན་གྱི་གསལ་ཁ་མ་བྱུང་ཡང་། གོང་གསལ་དཔྱད་ཡིག་གསུམ་པོ་ལྟར་ན་མགོན་པོ་ཀླུ་སྒྲུབ་ཀྱི་སྔ་རོལ་ཏུ་བྱོན་པའི་ཆོས་རྒྱལ་ཞིག་ཡིན་དགོས་པས། སྔོན་གྱི་རྒྱལ་པོ་ཞེས་པ་ནི་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པ་དེར་གོ་དགོས་པར་སེམས་སོ།།

འོན་ཀྱང་སློབ་དཔོན་ཆེན་པོ་གཉིས་ཀྱིས་བཞེངས་པ་ནི། རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[5]། མཐོ་བཙུན་སྐུ་མཆེད་ཀྱིས་རྡོ་རྗེ་གདན་དུ་ཉན་ཐོས་ཀྱི་དགེ་སློང་ལྔ་བརྒྱ་རེ་ལ་འཚོ་བ་སྦྱར་ཞིང་། ནཱ་ལེནྡྲར་ཐེག་ཆེན་པ་ལྔ་བརྒྱ་རེ་མཆོད་དོ། །ཞེས་དང་། ཡང་དེ་ཉིད་ལས[6]། བྲམ་ཟེའི་སློབ་དཔོན་སྐུ་མཆེད་ཀྱིས་གཙུག་ལག་ཁང་བརྒྱད་བཞེངས་ཏེ། དེར་ཐེག་ཆེན་མཐའ་དག་གི་གླེགས་བམ་བཞུགས་པར་བྱས་སོ། །དེ་ལྟར་ན་ནཱ་ལེནྡྲའི་གཙུག་ལག་ཁང་ཐོག་མར་འདེབས་པ་མྱ་ངན་མེད། ཆོས་གཞི་དར་བར་མཛད་པ་སློབ་དཔོན་ལྔ་བརྒྱ་དང་། མཐོ་བཙུན་སྐུ་མཆེད། རྒྱས་པར་མཛད་པ་སྒྲ་གཅན་འཛིན་བཟང་པོ། ཤིན་ཏུ་རྒྱས་པར་བྱེད་པ་ཀླུ་སྒྲུབ་བོ། །ཞེས་གསུངས་པ་ནི་བྱུང་རབས་ཀྱི་སྡོམ་ཚིག་ཧ་ཅང་ཆེན་པོ་ཞིག་ཡིན་ལ། པཎ་ཆེན་དཔལ་ལྡན་ཡེ་ཤེས་ (1738-1780) ཀྱིས་མཛད་པའི་ལམ་རིམ་ཆེན་མོའི་བཤད་ལུང་རྒྱས་པར་གནང་སྐབས་གཞུང་གི་རྩ་ཚིག་ལ་མི་གསལ་བའི་གསུང་བཤད་རྣམས་ཀྱི་ཟིན་བྲིས་ལེགས་བཤད་རྒྱ་མཚོ་ལས[7]། ནཱ་ལེནྡྲར་ཆོས་རྒྱལ་མྱ་ངན་མེད་ཀྱིས་མཆོད་རྟེན་དང་གནས་ཆ་ཆུང་ངུ་ཞིག་བརྩིགས་ཀྱང་། རྒྱས་པར་བྱེད་མཁན་ནི་མགོན་པོ་ཀླུ་སྒྲུབ་ཡིན། ཞེས་གསུངས་པ་ལྟར། དཔལ་ནཱ་ལེནྡྲ་ཞེས་ཡོངས་སུ་གྲགས་པའི་ཆོས་སྡེ་ཆེན་པོ་འདི་ཉིད་ཐོག་མར་ཆོས་རྒྱལ་མྱ་ངན་མེད་ (ཕྱི་ལོའི་གོང་གི་ལོ་ 273-232 བར་ཆབ་སྲིད་བསྐྱངས།) ཀྱིས་ཕྱི་ལོའི་སྔོན་གྱི་དུས་རབས་གསུམ་པར་དཔལ་ནཱ་ལེནྡྲའི་ཆོས་གཞི་ཐོག་མ་ཕྱག་བཏབ་པ་ནི། དཔལ་ནཱ་ལེནྡྲའི་ཆོས་གཞི་ཐོག་མ་ཡིན་པར་ངོས་འཛིན་བྱེད་དོ།།
དེ་བཞིན་སྨིན་གླིང་རབ་འབྱམས་པ་ཨོ་རྒྱན་ཆོས་ཀྱི་གྲགས་པས་ (1676-?) མཛད་པའི་ཆོས་འབྱུང་བསྟན་པའི་ཉི་མ་ལས[8]། དེ་ལ་ནཱ་ལེནྡྲ་ནི། སྔོན་འཕགས་པ་ཤཱ་རིའི་བུ་འཁྲུངས་པའི་ཡུལ་དང་མཐར་ཤཱ་རིའི་བུ་མྱ་ངན་ལས་འདས་པའི་ས་སྟེ། བར་སྐབས་སུ་བྲམ་ཟེའི་གྲོང་ནི་སྟོངས། ཤཱ་རིའི་བུའི་མཆོད་རྟེན་གཅིག་ཡོད་པ་ལ་གཞི་གསོ་དང་གཙུག་ལག་ཁང་ཐོག་མར་མྱ་ངན་མེད་ཀྱིས་བྱས། ཆོས་གཞི་དར་བར་མཛད་པ་སློབ་དཔོན་ལྔ་བརྒྱ། མཐོ་བཙུན་སྐུ་མཆེད། རྒྱས་པར་མཛད་པ་སྒྲ་གཅན་འཛིན་བཟང་པོ། ཤིན་ཏུ་རྒྱས་པར་བྱེད་པ་ཀླུ་སྒྲུབ་བོ། །ཞེས་ཕྱོགས་མཚུངས་སུ་གསལ་བ་ལྟར་ཤཱ་རིའི་བུའི་མཆོད་རྟེན་གཅིག་ཡོད་པ་དེ་ཉིད་མྱ་ངན་མེད་ཀྱིས་ཞིག་གསོ་དང་གཙུག་ལག་ཁང་ཐོག་མར་བཞེངས་པར་གསུངས།
དེ་ཡང་ཆོས་རྒྱལ་མྱ་ངན་མེད་ཕྱི་ལོའི་སྔོན་གྱི་དུས་རབས་གསུམ་པའི་ནང་རྒྱ་གར་གྱི་གྲོང་ཁྱེར་མེ་ཏོག་ཅན་དུ་རྒྱལ་རིགས་སུ་སྐུ་འཁྲུངས་ཤིང་། ལྷ་མོ་ཨུ་མ་དུར་ཁྲོད་ཀྱི་མ་མོར་བཅས་པ་ལ་ལྷར་བཟུང་ནས་མཆོད་ཅིང་། འདོད་ཡོན་ལ་རྣམ་པར་བརྩེ་བས་འདོད་པའི་མྱ་ངན་མེད་ཅེས་གྲགས། ཕུ་བོ་རྣམས་དང་མ་མཐུན་པས་དེ་དག་ལ་འཐབ་སྟེ་དེ་དག་བཀྲོངས། གཞན་གྲོང་ཁྱེར་མང་པོ་དང་། ཁ་བ་ཅན། རི་བོ་འབིགས་བྱེད་ཀྱི་བར་དབང་དུ་བསྒྱུར། བྷྲ་གུའི་རིགས་ཀྱི་དྲང་སྲོང་བ་ལང་རྣ་བ་ཞེས་བྱ་བས། མི་ཁྲི་ཕྲག་གཅིག་བསད་པའི་མཆོད་སྦྱིན་བྱས་ན་རྒྱལ་སྲིད་རྒྱས་ཤིང་ཐར་པའི་རྒྱུར་འགྱུར་ཞེས་བསྟན་པ་ལྟར་མི་ལྔ་སྟོང་ཙམ་བསད། མཚན་ལའང་གཏུམ་པོ་མྱ་ནང་མེད་དུ་གྲགས། དགེ་ཚུལ་དགྲ་བཅོམ་པས་བཏུལ་ནས་སངས་རྒྱས་པར་བཅུག །མཁན་པོ་གྲགས་པ་རྒྱལ་མཚན་གྱིས་ཆོས་མང་དུ་བསྟན་ནས་དགེ་བའི་ལས་ཁོ་ནར་སྦྱར། མཁན་པོ་གྲགས་པས་བསྐུལ་བ་བཞིན་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་གྱུར་པའི་མཆོད་རྟེན་བྱེ་བ་གཅིག་བཞེངས་ཤིང་། བཀའ་བསྡུ་གཉིས་པའི་སྦྱིན་བདག་མཛད་དེ་དཀོན་མཆོག་གསུམ་ལ་བསྙེན་བཀུར་རྒྱ་ཆེར་མཛད་པས་ཆོས་རྒྱལ་མྱ་ངན་མེད་ཅེས་གྲགས་སོ།།[9]
དེ་ལྟར་ཆོས་རྒྱལ་མྱ་ངན་མེད་ནི། ཕྱི་ལོའི་སྔོན་གྱི་ལོ་ ༢༧༣ ནས་ཕྱི་ལོའི་སྔོན་གྱི་ལོ་ ༥༧ བར་བྱོན་ཅིང་། ཕྱི་ལོའི་སྔོན་གྱི་ལོ་ ༢༧༣ ལོར་མཽརྱའི་རྒྱལ་སའི་ཁྲིར་འཁོད་ནས་ལོ་ངོ་ ༡༢ པ་ལ་ཆོས་རྒྱལ་མྱ་ངན་མེད་ཀྱིས་ཀ་ལིངྐའི་ཡུལ་དུ་དྲག་པོའི་དམག་གིས་མངའ་དབང་བསྒྱུར་ཏེ་ཆབ་འབངས་མང་པོ་རྐྱེན་འདས་སུ་སོང་བས། ཕྱིས་སུ་ཀ་ལིངྐའི་འཇིགས་རུང་དམག་འཁྲུག་གི་དོན་རྐྱེན་ཐུགས་ལ་དྲན་ནས་འགྱོད་སེམས་ཆེན་པོས་ནང་པའི་ཆོས་སྒོར་ཞུགས་ཤིང་། གནས་ཆེན་ཁག་ལ་རྡོ་རིང་དང་རྡོ་ཡིག་མང་དུ་བརྐོ་འཇོག་གནང་སྟེ་ཆོས་ཀྱི་སྲི་ཞུ་བླ་མེད་བསྒྲུབས། དེ་ཡང་མཽརྱའི་རྒྱལ་རྒྱུད་རྣམས་དང་། ལྷག་པར་རྒྱ་གར་འཕགས་ཡུལ་གྱི་རྒྱལ་པོ་རྣམས་ཀྱི་ཁྲོད་ནས་ཆོས་སྲིད་གཉིས་ཐད་ནས་མཛད་རྗེས་ཆེ་ཤོས་འཇིག་རྟེན་ན་ཡོངས་སུ་གྲགས་པ་ནི། མཽརྱའི་ཆོས་རྒྱལ་མྱ་ངན་མེད་ཡིན་ལ། ཆོས་རྒྱལ་འདིས་རྒྱལ་བསྟན་དར་འཕེལ་ཐད་མཛད་རྗེས་ཆེན་པོ་མང་དུ་བཞག་པ་ལས། གཅིག་ནི་སྔོན་འཕགས་པ་ཤཱ་རིའི་བུ་སྐུ་འཁྲུངས་པའི་ཡུལ་དང་། མཐར་འཕགས་པ་ཤཱ་རིའི་བུ་འཁོར་དགྲ་བཅོམ་པ་ཁྲི་ཕྲག་བརྒྱད་དང་བཅས་ཏེ་སྐུ་མྱ་ངན་ལས་འདས་པའི་གནས་སུ་སྔོན་ཤཱ་རིའི་བུའི་སྐུ་གདུང་མཆོད་རྟེན་ཡོད་སར་སྟོན་པའི་གཏད་རབས་བདུན་གྱི་མཐའ་མ་འཕགས་པ་ལེགས་མཐོང་ཆེན་པོའི་སྐུ་དུས་སུ་འཕགས་པ་ཤཱ་རིའི་བུའི་མཆོད་རྟེན་ཞིག་གསོ་དང་། ཐོག་མར་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གསར་བཞེངས་མཛད།
དེ་ཡང་ཐང་སན་ཙང་ (603-664) གིས་མཛད་པའི་ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་ལས[10]། གཙུག་ལག་ཁང་ཐོག་མར་ཨར་ལས་འཛུགས་སྐབས་ཀླུ་ལ་གནོད་པ་ཕོག་པས། དགེ་འདུན་ལ་ཁྲག་སྐྱུག་པའི་ནད་མང་ཙམ་བྱུང་ཟེར། ད་ལྟ་ལོ་སྟོང་ལྷག་སོང་ཡང་དགེ་འདུན་གྱི་སྡེ་དང་ལོངས་སྤྱོད་འཕེལ་རྒྱས་ལས། འགྲིབ་རྒུད་ཅུང་ཙམ་ཡང་བྱུང་མ་མྱོང་། ཞེས་གསུངས་པར་དཔགས་ན། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཆོས་རྒྱལ་མྱ་ངན་མེད་ཀྱི་སྐུ་དུས་སུ་བཞེངས་པར་འདོད། དེ་ཡང་ཐང་གི་བཙུན་པ་རྒྱ་གར་དུ་བྱོན་པའི་དུས་ནི་ཕྱི་ལོ་ ༦༢༩ ནས་ ༦༤༥ བར་ཡིན་ཅིང༌། དེ་ནས་བརྩིས་ཚེ་ཆོས་རྒྱལ་མྱ་ངན་མེད་ཀྱི་དུས་དང་འགྲིགས་པར་མ་ཟད། ཤཱ་རིའི་བུའི་འཁྲུངས་འདས་ཀྱི་ཡུལ་དུ་གདུང་རྟེན་གྱི་མཆོད་རྟེན་བཞེངས་ཤིང་། གཞན་ཡང་དགྲ་བཅོམ་པ་མང་པོའི་རིང་བསྲེལ་དང་ཐུགས་རྟེན་གྲངས་མང་བཞུགས་པས་གནས་ཁྱད་པར་དུ་འཕགས་པར་ཐུགས་དགོངས་གཏད་དེ། ཆོས་རྒྱལ་མྱ་ངན་མེད་ཀྱིས་མཆོད་རྟེན་དང་ལྷ་ཁང་བཞེངས་པ་དེ་ནི་གནས་འདིར་དགོན་པའི་རྨང་གཞི་ལྟ་བུར་གྱུར་པས་གཙུག་ལག་ཁང་ཆེན་པོ་འདི་ཉིད་ཐོག་མར་ཕྱག་འདེབས་པ་པོ་ཆོས་རྒྱལ་མྱ་ངན་མེད་ཡིན།
མཁས་བཙུན་བཟང་པོ་ལགས་ (1920-2009) ཀྱིས་བརྩམས་པའི་རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ་གསར་པ་ལས[11]། ནཱ་ལེནྡྲ་ནི། སྔོན་འཕགས་པ་ཤཱ་རིའི་བུ་འཁྲུངས་པའི་ཡུལ་དང་། མཐར་ཤཱ་རིའི་བུ་དང་འཁོར་ཁྲི་བརྒྱད་དང་བཅས་ཏེ་མྱ་ངན་ལས་འདས་པའི་ས་ཡང་ཡིན་ལ། དེར་འཕགས་པ་ཤཱ་རིའི་བུའི་མཆོད་རྟེན་གཅིག་ཡོད་པ་ལ་ཆོས་རྒྱལ་མྱ་ངན་མེད་ཀྱིས་རྒྱ་ཆེར་མཆོད་ནས་སངས་རྒྱས་ཀྱི་ལྷ་ཁང་ཆེན་པོ་ཞིག་བཞེངས་སོ། །དེ་ནས་ཕྱིས་ཐེག་ཆེན་གྱི་སློབ་དཔོན་ལྔ་བརྒྱས་བཀའ་བགྲོས་ཏེ། གནས་དེར་ཐེག་ཆེན་ཤིན་ཏུ་དར་བར་འགྱུར་བའི་མཚན་མ་མཁྱེན་ནས་བྲམ་ཟེའི་སློབ་དཔོན་སྐུ་མཆེད་ཀྱིས་གཙུག་ལག་ཁང་བརྒྱད་བཞེངས་ཏེ། དེར་ཐེག་ཆེན་མཐའ་དག་གི་གླེགས་བམ་བཞུགས་པར་བྱས་སོ། །དེ་ལྟར་ན་ཐོག་མར་འདེབས་པ་མྱ་ངན་མེད། འདས་ལོ་བརྒྱ་ཕྲག་གཉིས་པ། ཞེས་བྱུང་བ་ལྟར་དཔལ་ནཱ་ལེནྡྲ་ནི་ཕྱི་ལོ་བརྒྱ་ཕྲག་གཉིས་པའི་ནང་ཆོས་རྒྱལ་མྱ་ངན་མེད་ཀྱིས་ཐོག་མར་བཞེངས་པར་གསུངས་སོ།།
༸རྒྱལ་དབང་ལྔ་པ་ཆེན་པོས་ (1617-1682) མཛད་པའི་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་བརྒྱུད་ལ་གསོལ་བ་འདེབས་པ་རིན་ཆེན་ཀེ་ཏ་ཀའི་ཕྲེང་བ་ལས[12]།
ས་ཆེན་སྐྱོང་བ་བསྟན་འཛིན་ཆོས་ཀྱི་རྒྱལ། །བསོད་ནམས་རབ་ཏུ་བསྟན་པའི་མི་ཡི་དབང་། །
རྒྱལ་བའི་བསྟན་པ་སྟོབས་ཀྱིས་ལེགས་འཛིན་རྣམས། །སྐུ་ཚེ་མངའ་ཐང་ཆབ་སྲིད་རྒྱས་གྱུར་ཅིག །
ཅེས་གསུངས་པ་ལྟར། རྒྱ་གར་འཕགས་ཡུལ་དུ་བསྟན་པ་སྐྱོང་བ་ལ་འགྲན་ཟླ་དང་བྲལ་བ་གསུམ་བྱོན་པ་ལས། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཐོག་མར་གསར་བཞེངས་གནང་མཁན་བསྟན་པ་སྟོབས་ཀྱིས་འདེགས་པའི་ས་སྐྱོང་ཆོས་རྒྱལ་མིའི་དབང་པོ་མྱ་ངན་མེད་དུས་ནམ་ཞིག་བྱོན་མིན་ནི། རྒྱ་གར་འཕགས་ཡུལ་གྱི་བཞེད་རྒྱུན་ལྟར་ན། སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་མདོ་སྡེ་རྒྱན་གྱི་བསྟན་བཅོས་དང་། མདོ་མཛངས་བླུན། ལྷའི་རྟོགས་བརྗོད། ཆོས་རྒྱལ་མྱ་ངན་མེད་ཀྱི་མདོ། ཆོས་རྒྱལ་མྱ་ངན་མེད་ཀྱི་རྟོགས་བརྗོད། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས། ལོ་ཆེན་ཧྱན་ཙང་གི་རྒྱ་གར་གྱི་ལམ་ཡིག་སོགས་སུ་ཆོས་རྒྱལ་མྱ་ངན་མེད་ནི། སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་བརྒྱ་ཙམ་ནས་ཕེབས་པར་གསལ་ཡོད།
དཔའ་བོ་གཙུག་ལག་ཕྲེང་བས་ (1504-1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[13]། སྔོན་ཚེ་སྟོན་པ་གྲོང་ཁྱེར་གཤེགས་པའི་ཚེ། །ཁྱེ་འུ་གཉིས་ཤིག་རྒྱལ་བློན་ཚུལ་དུ་རྩེ། །བྱེ་མའི་ཚོགས་ལས་ཕོ་བྲང་བང་མཛོད་བྱས། །དེ་ཡིས་སྟོན་པ་གཤེགས་མཐོང་དད་གྱུར་ཏེ། །བང་མཛོད་དུ་བསྔོས་བྱེ་མའི་ཕུང་པོ་ལས། །སྙིམ་པ་གང་ཞིག་ཁྱེའུ་རྒྱལ་པོས་བཅུས། །ཐུབ་པའི་ལྷུང་བཟེད་ནང་དུ་དབུལ་བར་བརྩམས། །མ་སྙོབས་གྱུར་པས་ཁྱེ་འུ་ཅིག་ཤོས་ཀྱིས། །སྒུར་པོར་བྱས་པའི་སྟེང་དུ་འཛེགས་ནས་ཕུལ། །སྟོན་པས་དེ་ཡི་དད་པའི་བསམ་པ་དགོངས། །ཕྱག་གི་ལྷུང་བཟེད་དཔངས་དམད་གྱུར་པས་བཟེད། །མ་ཡིས་རྒྱལ་ལ་འདི་འདྲ་འབུལ་བ་ཞེས། །སྤྱོས་པ་སྟོན་པས་ཟློག་པར་མཛད་ནས་ནི། །ཀུན་དགའ་བོ་ལ་བསམ་པ་བཟང་པོ་ཡིས། །ཕུལ་འདི་ཆུད་མ་ཟོས་པར་བྱ་བའི་ཕྱིར། །ས་སྦྱིན་བ་བྱུང་དྲི་དང་སྦྱར་བ་ཡིས། །སྟོན་པའི་དྲི་ཡི་གཙང་ཁང་སྐུས་ཤིག་གསུངས། །ང་འདས་ནས་ནི་ལོ་བརྒྱ་ལོན་པ་ན། །ཁྱེ་འུ་སྟེང་མ་འདི་ནི་འཛམ་གླིང་གི །རྒྱལ་པོ་མྱ་ངན་མེད་ཅེས་བྱ་བར་འགྱུར། །བྱེ་མ་ཕུལ་འདིའི་འབྲུ་གྲངས་དང་མཉམ་པའི། །ང་ཡི་རིང་སྲེལ་ལྡན་པའི་མཆོད་རྟེན་ནི། །འཛམ་བུའི་གླིང་ཀུན་ཁྱབ་པར་བྱེད་པར་འགྱུར། །ཁྱེ་འུ་གཅིག་ཤོས་དེ་ཡི་བློན་པོར་འགྱུར། །འཛམ་གླིང་རྣལ་དུ་འགོད་པར་བྱེད་དོ་གསུངས། །སྔོན་ཚེ་བྱེ་མ་ཕུལ་བའི་ས་ཡིན་ཞེས། །ནཱ་ལེནྡཱ་ན་དེ་ཡི་མཆོད་རྟེན་ཡོད། །ཅེས་གསུངས་པ་ལྟར། སྟོན་པས་སྔར་ལུང་དུ་བསྟན་པ་དྲན་ཞིང་། འཛམ་གླིང་ཐོག་མཆོད་བརྟེན་བྱེ་བ་བཞེངས་པ་ལས། སྔར་ལུང་བསྟན་མཛད་ཡུལ་ནཱ་ལེནྡྲར་ཡང་ཆོས་རྒྱལ་མྱ་ངན་མེད་ཀྱིས་ཤཱ་རིའི་བུའི་སྐུ་གདུང་མཆོད་རྟེན་བཞེངས་པར་གསུངས་པ་ལས་ཀྱང་རྟོགས་ནུས་སོ།།
དེ་ཡང་མདོ་མཛངས་བླུན་གྱི་རྒྱལ་པོ་ཨ་ཤོ་ཀའི་ལེའུ་ལས[14]། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀུན་དགའ་བོ་དང་། བསོད་སྙོམས་ལ་གཤེགས་པ་ལས། ལམ་ཁ་ན་བྱིས་པ་དག་ཅིག་ས་ལ་ཁང་བུ་དང་། བང་མཛོད་དང་། རིན་པོ་ཆེར་བསྔོས་ནས་རྩེ་ཞིང་འཁོད་དོ། །དེ་ལ་ཁྱེའུ་གཅིག་ཅིག་གིས་སངས་རྒྱས་རྒྱང་མ་ནས་གཤེགས་པ་མཐོང་ནས་རབ་ཏུ་དགའ་སྟེ་སྦྱིན་པ་བྱ་བར་བསམས་ནས་བང་པ་ཞེས་བསྔོས་པའི་ས་ལས་སྙིམ་པ་གང་བླངས་ཏེ་སངས་རྒྱས་ལ་དབུལ་བར་གཟས་པ་ལས། ཁྱེའུ་ཆུང་ཆེས་པས་མ་སླེབས་ནས་གྲོགས་ཁྱེའུ་ཅིག་ལ་ཁྱོད་ས་ལ་སྒུ་ཞིག །ཁོ་བོ་ཁྱོད་ཀྱི་སྟེང་དུ་འགྲེང་སྟེ་ལྷུང་བཟེད་དུ་བླུག་གོ །ཞེས་སྨྲས་ནས་གྲོགས་པོས་ཀྱང་དེ་བཞིན་དུ་བྱའོ། །ཞེས་སྨྲས་ཏེ། ཁྱེའུ་དེས་གྲོགས་པོའི་ཕྲག་པ་ལ་འཛེགས་ཏེ་ས་སྙིམ་པ་གང་སངས་རྒྱས་ལ་ཕུལ་ལོ། །སངས་རྒྱས་ཀྱིས་ཀྱང་ལྷུང་བཟེད་སྨད་ནས་ས་ཕུལ་བ་བཞེས་སོ། །བཞེས་ནས་ཀུན་དགའ་བོ་ལ་གཏད་དེ་ས་འདི་འཇིམ་པར་གྱིས་ལ་གཙུག་ལག་ཁང་ལ་བྱུགས་ཤིག་ཅེས་བཀའ་སྩལ་ཏོ།།
ཀུན་དགའ་བོ། ཆུང་ངུས་དགའ་བའི་སེམས་ཀྱིས་ང་ལ་ས་ཕུལ་བ་བཞེས་ནས་གཙུག་ལག་ཁང་ལ་བསྐུས་པས། དེའི་བསོད་ནམས་ཀྱིས་ང་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པའི་འོག་ཏུ་རྒྱལ་པོ་ཨ་ཤོ་ཀ་ཞེས་བྱ་བར་འགྱུར་རོ། །ཁྱེའུ་གཅིག་ཤོས་ནི་དེའི་བློན་པོར་འགྱུར་ཏེ། འཛམ་བུའི་གླིང་ལ་དབང་བྱེད་ཅིང་དཀོན་མཆོག་གསུམ་གྱི་ཡོན་ཏན་ཡང་ཡུལ་ཐམས་ཅད་དུ་བསྒྲགས་ནས་རིང་བསྲེལ་ལ་ཡང་རྒྱས་པར་མཆོད་པར་བྱེད་དེ། འཛམ་བུའི་གླིང་དུ་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་ཅིག་ཅར་བྱེད་པར་འགྱུར་རོ། །ཀུན་དགའ་བོ་དགའ་མགུ་རངས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པས་སྔོན་བསོད་ནམས་ཅི་ཞིག་མཛད་པས། རིང་བསྲེལ་ལ་ཡང་མཆོད་རྟེན་དེ་སྙེད་ཅིག་བགྱིད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྟག་པར་ཉོན་ལ་ཤིན་ཏུ་ཡིད་ལ་ཟུངས་ཤིག་དང་། ཁྱོད་ལ་བསྟན་པར་བྱའོ།།
སྔོན་བསྐལ་པ་གྲངས་མེད་པ་འདས་པ་ན་འཛམ་བུའི་གླིང་འདིར་རྒྱལ་པོ་གསལ་ཐུབ་ཅེས་བྱ་བ། རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་སྙེད་ལ་དབང་བྱེད་པ་ཞིག་བྱུང་ངོ༌། །དེའི་ཚེ་སངས་རྒྱས་པུར་ཤ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། རྒྱལ་པོ་དེས་བློན་པོ་དང་བཅས་སུ་ཡོ་བྱད་རྣམ་པ་བཞི་སྦྱར་ཏེ་སངས་རྒྱས་དང་། དགེ་སློང་གི་དགེ་འདུན་ལ་ཕུལ་ལོ། །དེའི་ཚེ་རྒྱལ་པོ་དེ་དང་། ཡུལ་མི་རྣམས་ནི་རྟག་ཏུ་སངས་རྒྱས་དང་ཕྲད་དེ་ཕྱག་འཚལ་བ་དང་། བསྙེན་བཀུར་བྱེད་ཀྱི། རྒྱལ་ཕྲན་གཞན་དག་ནི་བསོད་ནམས་ཀྱང་མི་བྱེད་པས་མཐའ་འཁོབ་ཀྱི་རྒྱལ་ཕྲན་དང་། ཡུལ་མི་དག་བསོད་ནམས་བྱེད་དུ་གཞུག་པའི་ཕྱིར་སངས་རྒྱས་ཀྱི་སྐུ་གཟུགས་བྲིས་ལ་རྒྱལ་ཕྲན་རྣམས་ལ་སྦྱིན་ནོ་སྙམ་བསམས་ནས་རི་མོ་མཁན་མང་པོ་བསྡུས་ཏེ་སངས་རྒྱས་ཀྱི་སྐུ་གཟུགས་རི་མོ་ལ་བྲིས་ཤིག་ཅེས་བསྒོ་བ་དང་། རི་མོ་མཁན་དག་སངས་རྒྱས་ཀྱི་སྤྱན་སྔར་སོང་སྟེ་སངས་རྒྱས་ཀྱི་མཚན་བལྟས་ནས་རི་མོ་བྲིས་པ་ལས་མཚན་གཅིག་བྲིས་ན་གཅིག་མི་འདྲ་བར་གྱུར་ཏེ། རི་མོ་མཁན་གྱིས་རི་མོ་བྲི་བར་མ་ནུས་སོ། །སངས་རྒྱས་ཉིད་ཀྱིས་ཚོན་རྩི་སྦྱར་ཏེ་སྐུ་གཟུགས་གཅིག་བྲིས་ནས་རི་མོ་མཁན་རྣམས་དེ་ལ་བལྟས་ཏེ་སྐུ་གཟུགས་མཚན་དང་ལྡན་པ་བརྒྱད་ཁྲི་བཞི་སྟོང་བྲིས་ནས་རྒྱལ་ཕྲན་རེ་རེ་ལ་སྐུ་གཟུགས་རེ་རེ་བསྐུར་ཏེ། སྐུ་གཟུགས་དེ་ལ་རྒྱལ་པོ་དང་། ཡུལ་མི་ཐམས་ཅད་ཀྱིས་མེ་ཏོག་དང་། སྤོས་དང་། ཡོ་བྱད་ཐམས་ཅད་ཀྱིས་མཆོད་དེ་ཕྱག་འཚོལ་ཅིག་ཅེས་བསྒོ་འོ།།
རྒྱལ་ཕྲན་དེ་དག་དང་། ཡུལ་མི་དེ་དག་གིས་དེ་བཞིན་གཤེགས་པའི་སྐུ་གཟུགས་མཐོང་ནས་རབ་ཏུ་དགའ་མགུ་རངས་ཏེ་བསྙེན་བཀུར་བྱས་སོ། །དེའི་ཚེ་ན་རྒྱལ་པོ་གསལ་ཐུབ་དེ་ནི་ད་ལྟར་ང་ཡིན་ཏེ། དེ་ལྟར་དེ་བཞིན་གཤེགས་པའི་སྐུ་གཟུགས་བརྒྱད་ཁྲི་བཞི་སྟོང་བྲིས་ཏེ་རྒྱལ་ཕྲན་ཀུན་ལ་སྤེལ་བའི་བསོད་ནམས་ཀྱིས་གང་ནས་གང་དུ་སྐྱེས་ཀྱང་མཐོ་རིས་སུ་བརྒྱ་བྱིན་ལྷའི་དབང་པོར་སྐྱེས་ཏེ་བྱད་གཟུགས་བཟང་བ་དང་། མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་ཐོབ་སྟེ་མངོན་པར་སངས་རྒྱས་སོ། །མྱ་ངན་ལས་འདས་ནས་ཀྱང་རིང་བསྲེལ་ལ་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་སྙེད་བྱེད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་པ་ལ་ཀུན་དགའ་བོ་དང་། འཁོར་མང་པོ་མངོན་པར་དགའ་ནས་རྗེས་སུ་ཡི་རང་ངོ༌། །རྒྱལ་པོ་ཨ་ཤོ་ཀའི་ལེའུ་སྟེ་ཉི་ཤུ་བདུན་པའོ། །ཞེས་བྱུང་། དེ་བཞིན་བཀའ་འགྱུར་གྱི་མདོ་བཅུ་གཅིག་ཙམ་ནང་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་ན་ཆོས་རྒྱལ་མྱ་ངན་མེད་འབྱུང་བར་ལུང་བསྟན་ཡོད།
དེ་ལྟར་སྟོན་པས་ལུང་བསྟན་པ་བཞིན་མངའ་བདག་ཉང་ཉི་མ་འོད་ཟེར་ (1124-1192) གྱིས་མཛད་པའི་ཉང་ཆོས་འབྱུང་ལས་[15]ཀྱང་། དེ་ནས་རེ་ཞིག་ན་རྒྱལ་པོ་ཛ་མ་ག་དྷ་ན་བཞུགས་པའི་དུས་སུ་ཡབ་མེས་ཀྱི་ཡི་གེ་རྣམས་གཟིགས་པས། མེས་དྷརྨ་ཨ་ཤོ་ཀས་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པར་ཞལ་གྱིས་བཞེས་པ་ལ། མཆོད་རྟེན་བྱེ་བ་བཞེངས་པ་གྲུབ་སྟེ། གསུང་གི་རྟེན་མ་གྲུབ་པས། དེའི་ཕྱག་རྗེས་ངས་གསོབ་པ། ཞེས་གསུངས་པས་འབངས་རྣམས་ཀྱི་དྷརྨ་ཨ་ཤོ་ཀས་ཞལ་གྱིས་ཅི་བཞེས་ཞུས་པས། དེ་ངས་བཤད་ཀྱིས་ཁྱེད་རྣམས་ཉོན་ཅིག་གསུངས་ནས། སྔོན་སྐྱེ་བ་སྔ་མ་ལ་མཉན་ཡོད་དུ་བྱིས་པར་གྱུར་པ་ན། སངས་རྒྱས་བཅོམ་ལྡན་འདས་དང༌། ཚེ་དང་ལྡན་པ་ཀུན་དགའ་བོ་གཉིས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་གཤེགས་པའི་ཚེ་དེ་ན་ཚོང་པའི་རིགས་ཐ་ག་པ་མ་མད་གཉིས་ཡོད་པའི་བུས། བྱེ་མ་ལ་འབྲས་ཀྱི་བང་བའི་ཚུལ་དུ་བྱས་ཏེ་རྩེ་བ་ལ། སངས་རྒྱས་བྱོན་པ་ལ་བྱིས་པ་རྣམས་དད་ནས། བྱེ་མ་ཁྱོར་གང་ཕུལ་བ་དང༌། གཟུགས་ཀྱིས་མ་སླེབས་ཏེ། གྲོགས་གཉིས་སྒུར་བའི་སྟེང་དུ་འཛེགས་ཏེ། བཅོམ་ལྡན་འདས་ཀྱི་ལྷུང་བཟེད་སྨད་པ་ལ་ཡར་གཏོར་བས། བྱེ་མ་ལྷུང་བཟེད་དུ་སོང་བ་དེ་མ་ཡིས་མཐོང་ནས། མ་ན་རེ་བུ་ལ། འཕགས་འདི་ལྟ་བུ་བྱོན་པ་ལ། ཁ་ཟས་ཀྱི་བསྙེན་བཀུར་མི་བྱེད་པར་རྡུལ་འཐོར་བ་ཟེར་ནས་བུ་ལ་ཐལ་ལྕག་བརྒྱབ་པས། དེ་ལ་བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། ཁྱེད་ཀྱི་བུས་ང་ལ་དད་གུས་ཀྱིས་བྱེ་འབྲས་ཕུལ་བས། བྱེ་མ་ཕུལ་བའི་གྲངས་དང་མཉམ་པའི་བདེ་བར་གཤེགས་པའི་སྐུ་གདུང་བཞེངས་པའི་ལས་བསགས་ཏེ། དེའི་འབྲས་བུ་ནི། མ་འོངས་པ་ན་འཛམ་བུའི་གླིང་ལ་དབང་བའི་རྒྱལ་པོར་སྐྱེས་ནས། བྱིས་པ་རྩེ་རོགས་གཉིས་ཀྱང་བཅོམ་ལྡན་འདས་ལ་དད་པས་གནོད་སྦྱིན་གཉིས་སུ་གྱུར་ནས། རྒྱལ་པོ་དེ་ཡི་འཕོང་གྲོགས་བྱས་ནས་ཤིང་རྟ་བསྒྲུབས་ནས་ནུབ་གཅིག་ལ་མཆོད་རྟེན་བྱེ་བ་བརྩིགས་ཏེ། བཀའ་བསྡུ་བའི་བདག་རྐྱེན་ཡང་བྱེད་ལ། བླ་མཆོད་དགྲ་བཅོམ་པ་གནས་བརྟན་གྲགས་པས་གཙོ་བྱས་པ་དགྲ་བཅོམ་པ་ལྔ་བརྒྱ་འདེགས། སྐུ་གདུང་བྱེ་བ་བཞེངས་པར་འགྱུར་རོ། །གསུངས་ནས་ལུང་བསྟན་གནང་ངོ༌། །དེར་བྲམ་ཟེ་མོ་དེ་དགའ་ནས་བཅོམ་ལྡན་འདས་ལ་གསོལ་བ། བྱེ་མ་དེ་ལ་གྲངས་སུ་བདོག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱེ་མའི་གྲངས་བྱེ་བ་ཡོད་དོ། ཀུན་དགའ་བོ་ཁྱོད་བྱེ་མ་འདི་ཆོས་གོས་ཀྱི་གྲར་ཐུམས་ལ་བྱིས་པ་བསོད་ནམས་འཕེལ་བའི་ཕྱིར་གཙང་ཁང་ལ་ཁྱོད་ཀྱིས་ཞལ་བ་གྱིས་ཤིག་ཅེས་བཀའ་སྩལ་ཏེ་དེའི་ཤུལ་ན་ནཱ་ལེན་དྲ་ན་མཆོད་རྟེན་འདོམ་བཞི་ཙམ་པ་ཞིག་ལ་བཅོམ་ལྡན་འདས་ཀྱི་སྐུ་བཞུགས་པ་གཅིག་ཡོད་དོ། །ཞེས་ཞལ་གསལ་དུ་བྱུང་བ་ལྟར་རོ།།
དེ་བཞིན་ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) མཆོག་གིས་མཛད་པའི་བསྟན་རྩིས་ཀུན་ལས་བཏུས་པ་ལས་[16]ཀྱང་། ས་སྐྱའི་ཡིག་རྙིང་ཞིག་ན་སྟོན་པ་འདས་ནས་ལོ་བརྒྱ་དང་བཅུ་ན་མྱ་ངན་མེད་བྱོན། དེ་ནས་ལོ་བརྒྱ་དང་བཅུ་ན་དབྱིག་གཉེན་བྱོན་ཟེར་ཏེ་སྔ་ཆེས་སམ་སྙམ། ཞེས་གསལ་ལ། ཆ་རིས་སྐལ་བཟང་ཐོགས་མེད་ཀྱིས་བརྩམས་པའི་རྒྱལ་བསྟན་ཡུལ་གྲུ་སོ་སོར་དར་ཚུལ་ལས[17]། ཆོས་རྒྱལ་མྱ་ངན་མེད་ནི། ཐ་རུའི་རྒྱུད་དུ་གཏོགས་པ་ཡུལ་ཙམྤ་ཨཎ་ཞེས་བྱ་བར་ཉི་མའི་རིགས་ཀྱི་རྒྱལ་པོ་ནེམྦི་ཏ་ཟེར་བ་ཞིག་ཡོད་པ་ལ་སྲས་བདུན་མཆིས་པའི་མཐའ་ཆུང་ཡིན་པར་བཤད། ཆུང་དུས་ཁོང་གི་མཚན་ལ་ཨ་ཤོ་ཀ་སྟེ་མྱ་ངན་མེད་ཅེས་འབོད། རྒྱལ་པོ་འདི་དུས་ནམ་ཞིག་ཏུ་བྱུང་བ་བོད་ཀྱི་དེབ་ཐེར་ཆོས་འབྱུང་རྣམས་སུ་བཤད་ཚུལ་སྣ་ཚོགས་ཤིག་མཆིས་ནའང་། སྔོན་བྱོན་ལོ་རྒྱུས་སྨྲ་བའི་དབང་པོ་ཀུན་མཁྱེན་བུའི་ཆོས་འབྱུང་དུ། སྟོན་པ་འདས་ནས་ལོ་བརྒྱ་དང་བཅུ་ན་ཆོས་རྒྱལ་མྱ་ངན་མེད་ཀྱིས་སྦྱིན་བདག་བྱས་ཏེ་ཡངས་པ་ཅན་གྱི་ཀུསྨ་པུ་རིའི་གཙུག་ལག་ཁང་དུ་བཀའ་བསྡུ་གཉིས་པ་མཛད་ཚུལ་གསུངས་པ་དང༌། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་དེབ་དཀར་དུ། སིང་ག་ལའི་གནས་བརྟན་མིང་ཆེན་གྱིས་མཛད་པའི་མ་ཧཱ་བཥཱར་སངས་རྒྱས་མྱ་ངན་ལས་འདས་ཏེ་ལོ་ཉིས་བརྒྱ་རེ་གཅིག་པར་མྱ་ངན་མེད་ཁྲི་ལ་འཁོད་དེ། ལོ་བཞི་བཅུར་སྲིད་བསྐྱངས་ནས་གྲོངས་ཞེས་དང༌། འགོས་ལོ་གཞོན་ནུ་དཔལ་གྱིས་བརྩམས་པའི་དེབ་ཐེར་སྔོན་པོའི་ནང་བསྟན་པའི་གཏད་རབས་ཀྱི་ཤོག་དྲིལ་ཞིག་བོད་ཡིག་ཏུ་བསྒྱུར་འདུག་པར། བར་སྐབས་དེར་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་ལོན་ཏེ། མྱ་ངན་མེད་ཅེས་བྱ་བའི་རྒྱལ་པོ་དེ་ཤི་ནས། ཞེས་དང༌། ཕྱི་ལོ་ ༡༩༣༢ ཟླ་བ་ ༣ ཚེས་ ༣༠ ཉིན་པཎྜི་ཏ་སྲིད་བློན་ནེ་རུས་བརྩམས་པའི་འཛམ་གླིང་ལོ་རྒྱུས་ལ་འཁྱུག་ཙམ་ལྟ་བ་ (Glimpses of World History) ཞེས་པའི་ལོ་རྒྱུས་བརྩམས་ཆོས་ལས[18]། ཕྱི་ལོའི་སྔོན་གྱི་ལོ་ ༢༢༦ ནང་རྒྱལ་པོ་ཨ་ཤཱོ་ཀ་སྐུ་གྲོངས་པ་དང་། སྐུ་མ་གཤེགས་སྔོན་ལ་ཁོང་རབ་ཏུ་བྱུང་བ་རེད། ཅེས་གསལ་ལ། དེ་བཞིན་རྒྱ་ནག་གི་ཡིག་ཚང་འགར་ཡང་ཕྱི་ལོའི་སྔོན་གྱི་ ༢༦༨ ལོ་ནས་སྔོན་གྱི་ ༢༣༢ བར་སྲིད་མཛད་ཚུལ་བཀོད་ཡོད་པ་སོགས་ཕན་ཚུན་བསྡུར་ནས་དཔྱད་ཚེ། ཡིག་ཆ་འདི་དག་ཧ་ལམ་མཐུན་པ་ཙམ་དུ་ཡོད་པས་ཇི་ལྟར་འཕྱིས་ཀྱང་སངས་རྒྱས་སྐུ་འདས་ནས་ལོ་ཉིས་བརྒྱ་ལྔ་བཅུའི་ནང་རོལ་ཏུ། རྒྱལ་པོ་མྱ་ངན་མེད་འཁྲུངས་ཡོད་པ་འདྲ་ལ། ད་རུང་མུ་མཐུད་དུ་དཔྱད་པའི་གནས་སོ། །ཞེས་གསལ་བ་ལྟར་རོ།།
གཞན་ཡང་བཙུན་པ་དབྱིག་བཤེས་ཀྱིས་མཛད་པའི་གཞུང་ལུགས་ཀྱི་བྱེ་བྲག་བཀོད་པའི་འཁོར་ལོ་ལས[19]། རྫོགས་པའི་སངས་རྒྱས་མྱ་ངན་འདས། །ལོ་བརྒྱ་རྫོགས་པར་ཚང་ནས་སུ། །བསྟན་པ་ལ་ནི་གནོད་བགྱིད་པ། །གྱེས་པ་ཇི་ལྟར་བྱུང་བ་བཞིན། །སྡེ་པ་རྣམས་ནི་ཕན་ཚུན་དུ། །བློ་གྲོས་ཐ་དད་བྱུང་བ་བཞིན། །སྐྱོང་བར་བྱེད་པ་དེ་རྣམས་ནི། །བདག་ལ་ཡོད་པ་བརྟེན་ནས་བཤད། །དེ་ཚེ་དབྱིག་བཤེས་བློ་ལྡན་པ། །ཤཱཀྱའི་དགེ་སློང་བློ་ཆེན་པོ། །བྱང་ཆུབ་སེམས་དཔའ་བློ་གྲོས་ཆེ། །རྣམ་པར་གཡེངས་ལ་ཀུན་བརྟགས་ཤིང་། །ཐུབ་པའི་བཀའ་ནི་གྱེས་པ་བཞིན། །གཞུང་ལུགས་དེ་དང་དེ་དག་བཤད། །འཕགས་པའི་བདེན་པའི་གཏམ་གྱི་གནས། །སངས་རྒྱས་བསྟན་པ་ཀུན་བསྟན་ནས། །རྡུལ་རྣམས་ལ་ནི་གསེར་བཞིན་དུ། །དེ་ཕྱིར་དེ་ལས་སྙིང་པོ་བླང་། །འདི་སྐད་ཅེས་གྲགས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ཤིང་རྒྱལ་བའི་ཉི་མ་ནུབ་ནས་ལོ་བརྒྱ་ལོན་ཏེ། དུས་ཅུང་ཟད་ཅིག་འདས་ནས་ཤིང་སྐྱ་ནར་གྱི་བུ་མེ་ཏོག་གི་གྲོང་བར་གྱི་རྟེན་མ་རྒྱལ་པོ་མྱ་ངན་མེད་གདུགས་གཅིག་པའི་ས་སྐྱོང་ཞིང་རྒྱལ་སྲིད་མཛད་པའི་དགེ་འདུན་ཕལ་ཆེན་པ་གྱེས་པ་བྱུང་སྟེ། ཞེས་སྟོན་པ་འདས་ནས་ལོ་བརྒྱ་རྫོགས་པར་ཚང་ནས་ཆོས་རྒྱལ་མྱ་ངན་མེད་བྱོན་ནས་རྒྱལ་སྲིད་བསྐྱངས་པར་གསུངས་སོ།།
གཞན་ཡང་སིངྒ་ལའི་སློབ་དཔོན་སའི་རྩ་ལག་ (C.500-570) གིས་མཛད་པའི་དམ་པའི་ཆོས་པདྨ་དཀར་པོའི་འགྲེལ་པ་ལས། གསེར་གྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ནི་བསྐལ་པ་ཡར་སྐྱེ་བའི་ཚེ་འཇིག་རྟེན་དུ་ངེས་པར་འབྱུང་གི །དངུལ་དང་ཟངས་དང་ལྕགས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་འབྱུང་བའི་དུས་སུ་ནི་ངེས་པ་མེད་དེ། དེ་བས་ན་རྒྱལ་པོ་དྷརྨཱ་ཨ་ཤོ་ཀ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པའི་འོག་ཏུ་འབྱུང་ངོ་། །ཞེས་སྟོན་པ་འདས་ནས་ལོ་བརྒྱ་ལོན་པའི་འོག་ཏུ་འབྱུང་བར་གསུངས་ལ། སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པའི་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་འོད་ལྡན་ལས་[20]ཀྱང་། དེ་ནས་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་རྩ་བཅུ་ལོན་པ་དང་། འཕགས་པ་ཐམས་ཅད་འདོད་ལ་སོགས་པ་ནས་སྒུར་པོ་དང་ཞི་ལྡན་ལ་ཐུག་པ་དགྲ་བཅོམ་པ་བདུན་བརྒྱས་ཡངས་པ་ཅན་དུ་འདུས་ནས་བསྡུ་བ་གཉིས་པ་མཛད་དེ། ཧུ་ལུ་ཧུ་ལུ་ཀའི་ཆོ་ག་ལ་སོགས་པ་བཅུ་བསལ་ཏེ། རྒྱ་ཆེར་ནི་ཕྲན་ཚེགས་ལས་འབྱུང་ངོ་། །ཞེས་གསུངས་པ་ལྟར། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་བརྩམས་པའི་དེབ་དམར་མཆན་འགྲེལ་ལས་[21]ཀྱང་། སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་སོང་བ་ཡུལ་ཡངས་པ་ཅན་དུ་གནས་པའི་དགེ་སློང་རྣམས་ཀྱིས། ཧུ་ལུ་ཧུ་ལུ་ཡི་རུང་བ་དང་། ཨ་ལ་ལ་ཡི་རུང་བ་སོགས་རུང་བ་བཅུ་བྱས། ཞེས་གསལ་བ་ལྟར། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་བརྩམས་པའི་རྟོག་གེ་འབར་བ་དང་། སློབ་དཔོན་དབྱིག་བཤེས་ཀྱིས་བརྩམས་པའི་སྡེ་པ་ཐ་དད་དུ་འབྱེད་པ་ལས། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་དྲུག་ཅུ་ན་ཡིན་ཞེས་གསུངས་ཏེ། སློབ་དཔོན་ལེགས་ལྡན་འབྱེད་ (c.500-575) ཀྱིས་མཛད་པའི་རྟོག་གེ་འབར་བ་ལས[22]། ཡང་སྡེ་པ་བཅོ་བརྒྱད་པོ་དེ་དག་ནི་གང་ཡིན་པ་དེ་དག་གི་བྱེ་བྲག་ནི་ཇི་ལྟར་བྱུང་ཞེ་ན། བདག་གི་བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་འདི་ལྟར་རྗེས་སུ་ཐོས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་བཅུ་དྲུག་ལོན་པ་ན་གྲོང་ཁྱེར་མེ་ཏོག་གིས་རྒྱས་པ་ཞེས་བྱ་བར། རྒྱལ་པོ་དྷརྨ་ཨ་ཤོ་ཀ་ཞེས་བྱ་བ་རྒྱལ་སྲིད་བྱེད་པའི་ཚེ། རྩོད་པའི་ཆོས་འགའ་ཞིག་བྱུང་བའི་དབང་གིས། དགེ་འདུན་གྱི་དབྱེན་ཆེན་པོར་གྱུར་ཏོ། །ཞེས་དང་། དེ་བཞིན་རྟོག་གེ་འབར་བའི་ཉན་ཐོས་སྡེ་པའི་རྣམ་གཞག་གི་སྐོར་ཟུར་དུ་བཀོལ་བ་སྡེ་པ་ཐ་དད་པ་འབྱེད་པ་དང་རྣམ་པར་བཤད་པ་སློབ་དཔོན་བྷ་བྱས་ (c.500-575) མཛད་པ་ལས་[23]ཀྱང་། སྡེ་པ་བཅོ་བརྒྱད་པོ་དག་ནི་གང་ཡིན། དེ་དག་གི་བྱེ་བྲག་ནི་ཇི་ལྟར་བྱུང་ཞེ་ན། བདག་གི་བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་འདི་ལྟར་རྗེས་སུ་ཐོས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་དྲུག་ཅུ་ལོན་པ་ན་གྲོང་ཁྱེར་མེ་ཏོག་གིས་རྒྱས་པ་ཞེས་བྱ་བར་རྒྱལ་པོ་དྷརྨ་ཨ་ཤོ་ཀ་ཞེས་བྱ་བ་རྒྱལ་སྲིད་བྱེད་པའི་ཚེ། རྩོད་པའི་ཆོས་འགའ་ཞིག་བྱུང་བའི་དབང་གིས་དགེ་འདུན་གྱི་དབྱེན་ཆེན་པོར་གྱུར་ཏོ། །ཞེས་ཚིག་རིས་དང་བཅས་པ་བརྗོད་པ་མཚུངས་ཀྱང་། ལོ་བརྒྱ་དྲུག་ཅུ་ལོན་པ་ན་ཞེས་གསལ་བ་ནི་བརྒྱ་བཅུ་དྲུག་ཟེར་རྒྱུ་ཡིན་པ་ལ་ཡི་གེའི་དག་སྡེབ་ཤིན་ཏུ་འདྲ་བའི་དབང་གིས་བརྒྱ་དང་དྲུག་ཅུ་ཞེས་ཡིག་ནོར་བྱུང་བ་ཡིན་འདུག །དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་རྗེས་ལོ་བརྒྱ་ནས་ཆོས་རྒྱལ་མྱ་ངན་མེད་ཀྱིས་སྦྱིན་བདག་མཛད་ནས་དགྲ་བཅོམ་པ་བདུན་བརྒྱས་བཀའ་བསྡུ་གཉིས་པ་བྱས་པས་ན། ཆོས་རྒྱལ་མྱ་ངན་མེད་སྟོན་པ་འདས་རྗེས་ལོ་བརྒྱ་ཙམ་ནས་བྱོན་པར་འདོད།
གཞན་ཡང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[24]། རྒྱ་གར་དུ་རྒྱལ་པོ་མྱ་ངན་མེད་ཀྱི་ལོ་རྒྱུས་སྐོར་བཅོམ་ལྡན་འདས་ཀྱིས་མདོ་རྒྱུད་དུ་མ་ནས་ལུང་བསྟན་པ་དེ་ཙམ་མ་གཏོགས། སྐབས་དེའི་ཡི་གེའི་སྲོལ་ཡང་ཡོ་རོབ་དང་རྒྱ་གར་རང་ལ་ཤོད་སྲོལ་དུ་ཡོད་པ་དེ་ཡང་ནུབ་ནས་མེད་སྟབས། སྲས་ཀུ་ན་ལའི་ཡབ་མྱ་ངན་མེད་ཅེས་པ་དེ་ཁོང་གི་ཡབ་སྙིང་པོ་ཐིག་ལེའི་ (བིན་དུ་ས་ར་) ཡབ་ཟླ་བ་སྦས་པ་[25] (ཙནྡྲ་གུཔྟ་) ཞེས་པ་དེའི་དུས་སྐབས་ནང་རྒྱ་གར་ནང་འབྲེལ་བ་ཆེ་བའི་ཡོ་རོབ་ཀྱི་ཁོངས་གྷི་རིགས་ (ཡ་བ་ནའམ་ཤིས་ལ་ཡང་ཟེར་) ཀྱི་ཡིག་ཆའི་ནང་སྐབས་དེའི་རྒྱ་གར་གྱི་ལོ་རྒྱུས་ཆེས་གསལ་བས། རྒྱ་གར་གྱི་ཚན་རིག་པ་རྣམས་ནས་ཀྱང་གྷི་རིགས་ཀྱི་ཡིག་ཆ་དེ་དག་ལ་ཁུངས་བརྟེན་པ་མ་གཏོགས། རྒྱ་གར་རང་དུ་ཕྱི་ནང་གི་དམག་འཁྲུག་ཐེངས་མང་བྱུང་བའི་དབང་གིས་རྒྱལ་རབས་སྔ་ཕྱིའི་ལོ་རྒྱུས་དང་། གསུང་རབ་ཁག་མང་བཅས་རྩ་འཐོར་ཁུངས་མེད་དུ་སོང་ཞིང་། དེའི་དབང་གིས་རྒྱ་གར་དུ་ཡོད་པའི་མྱ་ངན་མེད་ཀྱི་ལོ་རྒྱུས་ནང་མྱ་ངན་མེད་སྔ་རྗེས་གཉིས་ཀྱི་ལོ་རྒྱུས་མཉམ་བསྲེས་ཀྱིས་ཤོད་སྲོལ་བྱུང་བ་དེ་བོད་ཀྱི་ལོ་རྒྱུས་ཐོག་ཏུ་ཡང་མུ་མཐུད་མ་དག་རྒྱུན་འབྱམས་བྱུང་བ་ཡིན།
དོན་དངོས་ཐོག་སྐབས་དེར་རྒྱ་གར་དང་འབྲེལ་བ་དམ་པོ་ཡོད་པའི་གྷི་རིགས་ཀྱི་ཡིག་ཆ་གཞིར་བཟུང་བྱས་ན་འདི་ལྟར་ཏེ། མྱ་ངན་མེད་ཕྱི་མ་ཀུ་ན་ལའི་ཡབ་ཡིན་པ་དེའི་ཡབ་ནི་བིན་དུ་ས་ར་སྟེ་སྙིང་པོ་ཐིག་ལེ་ཡིན་པ་དང་། དེའི་ཡབ་ནི་ཙནྡྲ་གུཔྟ་ (ཟླ་བ་སྦས་པ་) ཡིན་ཅིང་། ཀུ་ན་ལའི་ཡབ་མྱ་ངན་མེད་ (མྱ་ངན་མེད་ཕྱི་མ་) དེའི་ཡབ་སྙིང་པོ་ཐིག་ལེ་ཡིན་པ། དེའི་ཡབ་ཟླ་བ་སྦས་པས་ཕྱི་ལོའི་གོང་གི་ལོ་ ༣༢༣ ནས་ ༢༩༨ བར་ཆབ་སྲིད་བསྐྱངས་པ་དེ་འཇམ་དཔལ་རྩ་རྒྱུད་ཀྱི་ལུང་གིས་ཟིན་པ་ཞིག་ཡིན། སྐབས་དེར་གྷི་རིགས་ཀྱི་གཞུང་ནས་རྒྱ་གར་གྱི་རྒྱལ་ས་བཀའ་ན་ཟེར་བར་སྡོད་མཁན་མེ་གྷ་ས་ཐེ་ན་ཞེས་པ་དེ་འབྱོར། ཟླ་བ་སྦས་པའི་རྗེས་ལ་དེའི་བུ་སྙིང་པོ་ཐིག་ལེ་ཞེས་པ་དེ་ཕྱི་ལོའི་སྔོན་གྱི་ལོ་ ༢༩༨ ནས་ ༢༧༣ བར་སྲིད་བཟུང་། དེ་ཡང་འཇམ་དཔལ་རྩ་རྒྱུད་ནས་ལུང་བསྟན་པའི་རྒྱལ་པོ་དེ་ཡིན། དེ་ནས་དེའི་བུ་དེང་སང་ཡོངས་སུ་གྲགས་པའི་མྱ་ངན་མེད་དེས་ཕྱི་ལོའི་གོང་གི་ལོ་ ༢༧༣ ནས་ ༢༣༢ བར་ལོ་བཞི་བཅུ་ཞེ་གཉིས་རིང་སྲིད་བསྐྱངས་པ་བཅས་རྒྱ་གར་གྱི་ལོ་རྒྱུས་ཐོག་མིང་དང་མཛད་རྗེས་གཉིས་ཀ་འདྲ་བའི་མྱ་ངན་མེད་སྔ་རྗེས་གཉིས་བྱུང་བ་དེ་མི་གཅིག་ཡིན་པར་འཁྲུལ་ནས་ལོ་རྒྱུས་ཁག་གཉིས་ཀ་མཉམ་འདྲེས་ཀྱིས་བཤད་པ་འགྲིག་ཐབས་གཏན་ནས་མེད།
གཞན་ཡང་མཆོད་རྟེན་བྱེ་བ་བཞེངས་མཁན་གྱི་མྱ་ངན་མེད་དེ། སྟོན་པའི་གཏད་རབས་བདུན་གྱི་ནང་ཚན་འཕགས་པ་ནག་པོས་བསྟན་པ་སྐྱོང་བའི་སྐབས་སུ་ཡིན་པར་ཆོས་འབྱུང་གཞན་དག་ལས་བཤད་ཅིང་། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུའི་ནང་ཁོངས་སུ་གཏད་རབས་བདུན་རྫོགས་པར་ལུང་ཕྲན་ཚེགས་བམ་པོ་བརྒྱད་པ་ལས་ཆེས་གསལ་བར་གསུངས་པས། གལ་ཏེ་མྱ་ངན་མེད་མི་གཅིག་ལས་བྱུང་མེད་པར་ཁས་ལེན་ན། རྒྱལ་པོ་སྙིང་པོ་ཐིག་ལེའི་བུ་མྱ་ངན་མེད་དེ་སྟོན་པའི་གཏད་རབས་བདུན་མ་རྫོགས་གོང་དུ་བྱུང་ཟིན་པར་ཁས་ལེན་དགོས་ལ། གཏད་རབས་བདུན་མ་རྫོགས་གོང་དུ་རྒྱལ་པོ་སྙིང་པོ་ཐིག་ལེའི་བུ་མྱ་ངན་མེད་དེ་བྱུང་ཟིན་པ་ལྟ་ཞོག །རྒྱལ་པོ་དེའི་ཡབ་ཀྱི་ཡབ་ཟླ་བ་སྦས་པ་ཡང་བྱུང་མ་ཟིན་པ་ཡིན།
བཀའ་བསྡུ་གཉིས་པའི་སྦྱིན་བདག་མཛད་མཁན་རྒྱལ་པོ་མྱ་ངན་མེད་ནི། མྱ་ངན་མེད་སྔོན་མ་ཀ་ལ་ཨ་ཤོ་ཀ་སྟེ་མྱ་ངན་མེད་ནག་པོའམ་དུས་ཀྱི་མྱ་ངན་མེད་ཅེས་འབོད་པ་དེ་ཡིན། རྒྱལ་པོ་འདི་དུས་གང་ཙམ་ལ་བྱུང་བ་བོད་ཀྱི་ལོ་རྒྱུས་ཁག་ནང་ཤོད་སྟངས་འདྲ་མིན་ཡོད་ཀྱང་། བོད་ཀྱི་ལོ་རྒྱུས་མཁས་ཅན་བུ་སྟོན་རིན་ཆེན་གྲུབ་[26]ཀྱིས་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ན་ཆོས་རྒྱལ་མྱ་ངན་མེད་ཀྱིས་སྦྱིན་བདག་བྱས་ན་བཀའ་བསྡུ་བ་གཉིས་པ་བྱས་པར་གསུངས་ཤིང་། མདོ་སྨད་པ་དགེ་འདུན་ཆོས་འཕེལ་ (1903-1951) གྱིས་བརྩམས་པའི་དེབ་ཐེར་དཀར་པོ་ལས[27]། སིངྒ་ལའི་གནས་བརྟན་མིང་ཆེན་གྱིས་བརྩམས་པའི་མཧཱ་བཥཱར་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉིས་བརྒྱ་རེ་གཅིག་པར་མྱ་ངན་མེད་ཁྲིར་འཁོད་དེ་ལོ་བཞི་བཅུར་སྲིད་བསྐྱངས་ནས་གྲོངས་ཞེས་བྲིས་པ་དེ་དང་། འགོས་ལོ་གཞོན་ནུ་དཔལ་གྱིས་བརྩམས་པའི་དེབ་ཐེར་སྔོན་པོའི་[28]ནང་དུ་བསྟན་པའི་གཏད་རབས་ཤོག་འཁྱར་ཞིག་བོད་སྐད་དུ་བསྒྱུར་ནས་བྲིས་པ་ལས། བར་སྐབས་དེར་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་ལོན་ཏེ། མྱ་ངན་མེད་ཅེས་བྱ་བའི་རྒྱལ་པོ་ཉིད་ཤི་ནས། ཞེས་འཁོད་པ་གཉིས་ལོ་གཅིག་གིས་ཀྱང་ཆད་ལྷག་མེད་པར་མཐུན་པས་ན་ཇི་ཙམ་འཕྱིས་ཀྱང་སངས་རྒྱས་འདས་ནས་ལོ་ཉིས་བརྒྱ་ལྔ་བཅུའི་ནང་རོལ་ཏུ་རྒྱལ་པོ་མྱ་ངན་མེད་འཁྲུངས་ནས་ཡོད་ངེས་པས་སོ། །ཞེས་བཤད་པ་རྗེས་སུ་དཔྱད་དགོས།
རྒྱལ་པོ་འདི་ཐོག་མར་མུ་སྟེགས་དབང་ཕྱུག་པའི་ལྟ་བ་བཟུང་ནས་མི་དང་སེམས་ཅན་མང་པོ་དམར་གསོད་བཏང་བའི་དམར་མཆོད་འབུལ་མཁན་ཞིག་ཡིན་ཀྱང་། རྗེས་སུ་དགྲ་བཅོམ་པ་གྲགས་པས་ཆོས་བཤད་དེ་སངས་རྒྱས་ཆོས་ལུགས་སུ་བསྒྱུར་ནས་ལྷ་ཁང་དགོན་པ་མང་པོ་བཞེངས་པ་དང་། འཛམ་བུ་གླིང་གི་ས་གནས་ཁག་མང་པོར་སངས་རྒྱས་ཀྱི་རིང་བསྲེལ་བཞུགས་པའི་མཆོད་རྟེན་བྱེ་བ་གཅིག་བཞེངས་པ་སོགས་བཤད་སྲོལ་ཡོད།
དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱི་འདས་ལོ་རྩི་ཚུལ་མི་འདྲ་བ་མང་དུ་ཡོད་པའི་ནང་ནས་གནས་བརྟན་སྡེ་པའི་ལུགས་ཀྱི་འདས་ལོ་དེ་རྒྱ་གར་གྱི་ནང་པ་ཕལ་ཆེ་བ་དང་། སིངྒ་ལའི་ནང་པ་སོགས་ཀྱིས་ཁས་ལེན་པའི་འདས་ལོ་ལྟར་བརྩིས་ནས་མྱ་ངན་མེད་སྔོན་མ་དེའི་ལོ་རྒྱུས་བཤད་ན། སྤྱིར་སངས་རྒྱས་ཐུགས་རྗེ་ཅན་མངོན་པར་རྫོགས་པར་སངས་རྒྱས་པའི་སྐབས་ཀྱི་རྒྱལ་པོ་ནི་གཟུགས་ཅན་སྙིང་པོ་ (བིན་བི་ས་ར་) ཡིན། དེ་ནི་ཕྱི་ལོའི་གོང་གི་ལོ་ ༥༨༩ ལོ་དེར་སྲིད་བཟུང་། དེ་ནས་བཅོམ་ལྡན་འདས་དགུང་ལོ་དོན་དྲུག་གམ་དོན་བདུན་ལ་ཕེབས་སྐབས་སྲས་མ་སྐྱེས་དགྲས་རང་ཉིད་ཀྱི་ཡབ་གཟུགས་ཅན་སྙིང་པོ་བཀྲོངས་ནས་སྲིད་བཟུང་། ཕྱི་ལོའི་སྔོན་གྱི་ལོ་ ༥༤༩ དེ་ནས་ལོ་ལྔ་སོང་བའི་ཚེ་སྟོན་པ་ཐུགས་རྗེ་ཅན་མྱ་ངན་ལས་འདས། ༥༤༤ དེ་ནས་རྒྱལ་པོ་མ་སྐྱེས་དགྲས་ཡུལ་མ་ག་དྷའི་སྲིད་དབང་ལོ་ཉེར་བདུན་བར་བསྐྱངས། དེ་ནས་དེའི་བུ་མིང་ཟུར་དུ་ཨུ་ཡོད་པ་བོད་སྐད་དུ་ལག་བཟང་ཞེས་འབོད་པ་དེས་རང་གི་ཕ་མ་སྐྱེས་དགྲ་བཀྲོངས་ནས་སྲིད་བཟུང་། རྒྱལ་པོ་དེ་ཡང་འཇམ་དཔལ་རྩ་རྒྱུད་ནས་ལུང་བསྟན། དེ་ནས་མདོ་རྒྱུད་དུ་མ་ནས་ལུང་བསྟན་པའི་ཆོས་རྒྱལ་མྱ་ངན་མེད་ཅེས་བཀའ་བསྡུ་གཉིས་པའི་སྦྱིན་བདག་མཛད་མཁན་ (འདིས་ལི་ཡུལ་ཐོག་མར་བཟུང་། རྒྱལ་སྲས་ས་ནུ་ཞེས་པ་དེའི་ཡབ་ཡིན།) དེས་སྲིད་དབང་བཟུང་། མྱ་ངན་མེད་དེ་ནི་ཕྱི་ལོའི་གོང་གི་ལོ་ ༤༢༠ ཙམ་ལ་འཁྲུངས་ཟིན་ཅིང་། དེ་ལ་ཀ་ལ་ཨ་ཤོ་ཀ་སྟེ། མྱ་ངན་མེད་ནག་པོའམ་དུས་ཀྱི་མྱ་ངན་མེད་ཅེས་ཟེར། དེའི་རྗེས་སུ་རིམ་བཞིན་རྒྱལ་པོ་མྱ་ངན་བྲལ་དང་། དཔའ་བོའི་སྡེ། དགའ་བོ། པདྨ་ཚེ་བཅས་ཀྱིས་ལོ་རབས་མང་ཙམ་སྲིད་དབང་བཟུང་བ་བཅས་ཡིན། ཞེས་གསུངས་པ་ལྟར་ཕྱི་ལོའི་སྔོན་གྱི་དུས་རབས་གསུམ་པ་ཙམ་ལ་བྱོན་པའི་ཆོས་རྒྱལ་མྱ་ངན་མེད་ཀྱིས་འཛམ་བུའི་གླིང་དུ་མཆོད་རྟེན་བྱེ་བ་བཞེངས་ཤིང་། ལྷག་པར་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཐོག་མར་བཞེངས་སྐྲུན་མཛད་པ་སོགས་ལས། རྒྱལ་བསྟན་ད་བར་དར་རྒྱས་ཡུན་གནས་བྱུང་བ་དང་། བསོད་ནམས་ཀྱི་བགོ་སྐལ་དུ་བཞུགས་པ་འདི་ནི་ཆོས་རྒྱལ་མྱ་ངན་མེད་ཀྱི་སྐུ་དྲིན་ཉག་ཅིག་ཏུ་གྱུར་ཡོད།[29]
རྩོམ་པ་པོ་ཚེ་རིང་དཔལ་འབྱོར་གྱིས་བརྩམས་པའི་གནས་བཤད་འདོད་འཇོའི་བུམ་བཟང་[30]ལྟར་ན། ཕྱི་ལོའི་སྔོན་གྱི་ལོ་ ༢༧༠ ལོར་ (ཆོས་རྒྱལ་ཨ་ཤོ་ཀ་མཆོག་ཕྱི་ལོའི་སྔོན་གྱི་ལོ་ ༣༠༤-༢༣༢ བར།) མོརྱའི་རྒྱལ་པོ་གསུམ་པའི་ཁྲིར་འཁོད་ཅིང་། ཕྱི་ལོའི་སྔོན་གྱི་ལོ་ ༢༥༩ ལོར་ཆོས་རྒྱལ་མྱ་ངན་མེད་ཀྱིས་སྟོན་པ་བཅོམ་ལྡན་འདས་ཀྱི་ཆོས་ལུགས་དར་ཁྱབ་གནང་སྟེ་མཆོད་གཞིས་བཙུགས་པ་དང་། ཕྱི་ལོའི་སྔོན་གྱི་ལོ་ ༢༥༨-༢༥༧ བར་ཆོས་རྒྱལ་ཨ་ཤོ་ཀའི་བཀའ་ཤོག་ཡིག་གཟུགས་མི་འདྲ་བ་བཞིའི་ཐོག་ཨབ་གྷ་ནི་སི་ཐན་དང་། པ་ཀི་སི་ཐན་སོགས་སུ་རྡོ་རིང་ལ་བརྐོས་ཤིང་། ཕྱི་ལོའི་སྔོན་གྱི་ལོ་ ༢༥༦-༢༥༥ བར་ཆོས་རྒྱལ་མྱ་ངན་མེད་ཀྱིས་སྟོན་པའི་ཆོས་ལ་སྐྱབས་སུ་འགྲོ་བའི་སྐོར་ཀ་ལིངྐའི་བཀའ་ཤོག་རྡོ་རིང་ལ་བརྐོས། ཕྱི་ལོའི་སྔོན་གྱི་ལོ་ ༢༥༠ ལ་ཆོས་རྒྱལ་མྱ་ངན་མེད་ཀྱི་སྲས་མ་ཧིནྡྲ་དགེ་སློང་ནང་འཛུལ་ཏེ་ཤྲི་ལངྐར་ནང་ཆོས་སྤེལ་བར་བྱོན་པ་དང་། ཕྱི་ལོའི་སྔོན་གྱི་ལོ་ ༢༤༩ ལོར་ཆོས་རྒྱལ་མྱ་ངན་མེད་ནང་པའི་གནས་ཆེན་ཁག་ལ་གནས་སྐོར་དུ་བྱོན་པ། ཕྱི་ལོའི་སྔོན་གྱི་ལོ་ ༢༤༠ ལོར་ཆོས་རྒྱལ་མྱ་ངན་མེད་ཀྱིས་དབུ་འཁྲིད་ཐོག་བཀའ་བསྡུ་གསུམ་པ་པཊ་ན་ (པ་ཊ་ལི་པུ་ཊ) མཛད་པ་དང་། ཕྱི་ལོའི་སྔོན་གྱི་ལོ་ ༢༣༢ ལོར་ཆོས་རྒྱལ་མྱ་ངན་མེད་དགོངས་པ་རྫོགས་ཏེ་ཁོང་གི་སྲས་རྒྱལ་པོའི་ཁྲིར་འཁོད་པར་གསལ་ལོ།།
དེ་ལྟ་བུའི་གཞི་དེར་དུས་ནམ་ཞིག་ལ་གཙུག་ལག་ཁང་ཕྱག་བཏབ་མིན་བཞེད་པ་མི་མཐུན་པ་མང་ཡང་། ལོ་རྒྱུས་དང་བྱུང་རབས་མང་པོ་ཞིག་གུང་བསྒྲིགས་ཏེ་ཞིབ་ཏུ་དཔྱད་ན། སྟོན་པ་མྱ་ངན་ལས་འདས་རྗེས་ཀྱི་ལོ་བརྒྱ་ཕྲག་གཉིས་པའི་ནང་ཕྱི་ལོའི་སྔོན་གྱི་དུས་རབས་བཞི་པའི་སྨད་ཙམ་ན་གཙུག་ལག་སློབ་གཉེར་ཁང་ཆེན་པོ་འདི་དབུ་བརྙེས་པ་ཡིན་ཅིང༌། སྔོན་ཨ་ཤོ་ཀའི་སྐྱེ་བ་སྔ་མ་ཚོང་དཔོན་གྱི་བུས་སྟོན་པར་དད་པས་བྱེ་མ་ཕུལ་བར། སྟོན་པས་ཁྱེའུ་དེ་སྐྱེ་བ་ཕྱི་མ་ཨ་ཤོ་ཀར་སྐྱེ་བར་ལུང་བསྟན་པའི་གནས་དེར་ཨ་ཤོ་ཀས་དེ་བཞིན་གཤེགས་པའི་རིང་བསྲེལ་སྙིང་པོ་ཅན་གྱི་མཆོད་རྟེན་བཞེངས་ཤིང་། དེའི་ལོགས་སུ་སྟོན་པའི་སྐུ་བརྙན་བཞུགས་པའི་གཙུག་ལག་ཁང་ཞིག་ཀྱང་བརྩིགས། དེར་དགྲ་བཅོམ་གྲགས་པས་[31]ངག་བཀོད་གནང་བ་ལྟར་ཆོས་གཞིས་རྒྱ་ཆེན་པོ་བཙུགས་ཏེ་གཉུག་མར་གནས་པ་དང༌། གློ་བུར་དུ་ལྷགས་པའི་དགེ་འདུན་པ་རྣམས་ལ་འཚོ་བའི་ཡོ་བྱད་སྦྱར་ནས་འཆད་ཉན་གྱི་སྡེ་ཐོག་མར་བཙུགས། རིམ་གྱིས་ཕྱོགས་བཞི་མཚམས་བརྒྱད་ནས་དགེ་འདུན་རྣམས་སྤྱན་དྲངས། འཚོ་བའི་མཐུན་རྐྱེན་སོགས་ཕངས་མེད་དུ་སྦྱར། ཉམ་ཐག་དབུལ་ཞིང་ཕོངས་པའི་ཚོགས་ཐམས་ཅད་སྦྱིན་པས་ཚིམ་པར་བྱས་པས། སྙན་པའི་གྲགས་པ་མཐའ་དབུས་ཀུན་ཏུ་འབར། ལོ་ལྟར་དབྱར་ཟླ་བ་གསུམ་གྱི་རིང་ལ་ཕྱོགས་ཐམས་ཅད་ཀྱི་སྦྱིན་པ་ལ་དགའ་བ་དང་། དགེ་འདུན་གྱི་སྡེ་ལ་དད་པའི་རྒྱལ་པོ་རྣམས་འདིར་འདུས་ཏེ་མཆོད་འབུལ་དང་། སྦྱིན་པའི་བྱ་བར་ཞུགས་ཏེ་སྦྱིན་པ་གཏོང་བའི་ལྟེ་གནས་སུ་གྱུར། བསླབ་པར་བརྩོན་པའི་དགེ་འདུན་རྣམས་ཀྱང་རིམ་གྱིས་ཕྱོགས་འདིར་འདུས་ཏེ་དགེ་འདུན་གྱི་སྡེ་ཡང་མཐའ་མེད་དུ་འཕེལ་[32]བར་གྲགས་སོ།།
བུ་སྟོན་ཐམས་ཅད་མཁྱེན་པས་ (1290-1364) མཛད་པའི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བཞུགས་བྱང་དཀར་ཆག་ལས[33]། དེ་ལྟར་གཏད་རབས་ལྔ་པ་དྷཱི་ཏི་ཀའི་ཚེ་བྱང་ཕྱོགས་ཀྱི་རྒྱལ་པོ་ནེ་མི་ཏའི་བུ་བདུན་གྱི་ཐ་ཆུང་བདེ་བར་གཤེགས་པའི་བསྟན་པ་ལ་མཆོད་པའི་མིའི་རྒྱལ་པོ་རྣམས་ཀྱི་མཆོག །མྱ་ངན་མེད་སྐྱེས་ཏེ་དཀའ་ཟློག་མ་ལྷར་བཟུང་སྟེ་འདོད་ཡོན་ལ་ལྷག་པར་བརྩེ་བས་ཀཱ་ལ་ཨ་ཤོ་ཀར་གྲགས་སོ།།
གཏད་རབས་དྲུག་པ་ནག་པོའི་སྐབས་རང་གི་ཕུ་བོ་དྲུག་བློན་པོ་ལྔ་བརྒྱ་དང་བཅས་པ་བསད་ནས་རྒྱལ་སྲིད་བཟུང་སྟེ། ཁ་བ་ཅན་དང་འབིགས་བྱེད་ཀྱི་བར་ཐམས་ཅད་ལ་དབང་བསྒྱུར་ཞིང་འཁྲུག་རྩོད་ཀྱིས་དུས་འདའ་བ་ན། སྐབས་ཤིག་ན་ལོག་པའི་བཤེས་གཉེན་གྱིས་ཟིན་པས་མི་ཁྲི་ཕྲག་གཅིག་གསོད་པའི་མཆོད་སྦྱིན་ལ་བརྩོན་པར་བྱེད་པས་ཙཎྜ་ཨ་ཤོ་ཀར་གྲགས་སོ།།
བདུན་པ་ལེགས་མཐོང་ཆེན་པོའི་སྐབས་དགྲ་བཅོམ་པ་གྲགས་པའི་སློབ་མ་དགེ་ཚུལ་ཞིག་གིས་དད་པར་བྱས་པ་ནས་བཟུང་སྟེ་དགྲ་བཅོམ་པ་གྲགས་པས་བསྟན་པ་བཞིན་དུ་དགྲ་བཅོམ་པ་སྟོང་ཕྲག་དྲུག་ཅུ་ལ་ཟླ་བ་གསུམ་དུ་ཡོ་བྱད་ཐམས་ཅད་ཀྱིས་མཆོད་པ་སོགས་བསོད་ནམས་རྒྱ་ཆེན་པོ་བསགས་པས་ཀླུའི་དབང་པོས་བཀའ་བསྒོ་བ་ཉན་པ་བྱུང་ཞིང་། མ་སྐྱེས་དགྲའི་གདུང་སྐལ་གྱི་རིང་བསྲེལ་སྦས་པ་བླངས་ནས་ལི་ཡུལ་ཚུན་ཆད་ཀྱི་ཛམྦུའི་གླིང་ཐམས་ཅད་དུ་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་གྱིས་བཀང་སྟེ། གནོད་སྦྱིན་གྱིས་གྲོགས་བྱས་པས་ཉིན་ཞག་ཕྲུགས་རེ་ལའང་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་གྲུབ་སྟེ། དེ་དག་ལ་ཉིན་རེ་བཞིན་མར་མེ། བདུག་སྤོས། མེ་ཏོག་གི་ཕྲེང་བ་རྣམས་སྟོང་སྟོང་གིས་མཆོད་དོ།།
དེ་བཞིན་དུ་བྱང་ཆུབ་ཀྱི་ཤིང་ལ་བཻ་ཌཱུརྱ་སོགས་རིན་པོ་ཆེའི་བུམ་པ་སྟོང་ཕྲག་བཅུ་དྲི་བཟང་གི་ཆུས་བཀང་སྟེ་མཆོད་ཅིང་། མཆོད་པ་གཞན་དག་ཀྱང་སྟོང་ཕྲག་བཅུ་བཅུས་མཆོད་དོ། །དེར་ཡང་ཟླ་བ་གསུམ་དུ་དགྲ་བཅོམ་པ་སྟོང་ཕྲག་དྲུག་ཅུ་ནམ་མཁའ་ལ་བཞུགས་སུ་གསོལ་ནས་མཆོད་ཅིང་། སློབ་པ་རྣམས་ས་སྟེང་དུ་མཆོད་དེ་མཐར་འབུམ་རི་བའི་གོས་རེ་ཕུལ་བ་སོགས་དང་། ཡང་མཆོད་རྟེན་ཐམས་ཅད་གསེར་གྱིས་བརྒྱན་ཅིང་མཆོད་པ་རྣམས་སྔར་ལས་བཅུ་འགྱུར་དུ་ལྷག་པར་ཕུལ་ནས་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ་སོགས་དང་། ཡང་དགེ་སློང་འབུམ་ཕྲག་གསུམ་ལ་ལོ་ལྔའི་དུས་སྟོན་བྱས་པ་སོགས་དང་། ཛམྦུའི་གླིང་གི་དགེ་འདུན་རྣམས་ལ་གསེར་སྲང་བྱེ་བ་ཕྲག་བརྒྱ་རེ་འབུལ་བར་དམ་བཅས་པ་སོགས་དམ་པའི་ཆོས་ལ་ལྷག་པར་གུས་པས་དྷརྨ་ཨ་ཤོ་ཀ་ཞེས་གྲགས་སོ།།
དེ་ལྟར་མྱ་ངན་མེད་བྱུང་བ་དང་བཀའ་བསྡུ་བར་མ་སོགས་ཀྱི་དུས་འདི་འདྲ་མིན་མང་དུ་འཕགས་ཡུལ་དུའང་གྲགས་ཤིང་། བོད་དུ་ནི་འཕགས་ཡུལ་བའི་ལོ་རྒྱུས་ཕལ་ཆེར་ཞིག་ལ་མཁས་པ་རྣམས་ཀྱིས་ཀྱང་འོལ་ཚོད་དང་ངག་སྒྲོས་འཁྱལ་བ་ཙམ་ལ་བརྟེན་པ་མང་བ་དང་། ལྷག་ཏུ་འདི་སྐབས་ལུང་ལས་གཏད་རབས་ཕྱི་མ་རྣམས་མིང་ཙམ་ལས་ལོ་རྒྱུས་ཞིབ་པ་མི་གསལ་བ་དང་། དཔག་བསམ་འཁྲི་ཤིང་དུ་འགའ་ཞིག་གསལ་ཡང་དུས་ཀྱི་ངེས་པ་སོགས་མེད་པས། ངག་སྒྲོས་རིམ་བརྒྱུད་ཙམ་ལ་བརྟེན་ནས་མི་འདྲ་བ་མང་དུ་སྨྲས་པ་ཡོད་ཀྱང་དེ་དག་ལ་ཡིད་བརྟན་མ་བྱས་པར་མ་ག་དྷའི་པཎྜི་ཏ་ས་དབང་བཟང་པོས་བྱས་པའི་གཏམ་གྱི་སྦྱོར་བ་ཉིད་ཁུངས་སུ་ཆེ་བར་མཐོང་ནས་དེ་ལྟར་བྲིས་པ་ཡིན་ཅིང་། འདི་ལྟར་འཐད་པའི་རྒྱུ་མཚན་དུ་མ་སྨྲ་བར་བྱར་ཡོད་ཀྱང་སྤྲོས་པས་ཆོག་གོ །ཞེས་བྱུང་ངོ་།།
ཕྱི་ལོ་ ༡༩༣༢ ཟླ་བ་ ༣ ཚེས་ ༣༠ ཉིན་པཎྜི་ཏ་སྲིད་བློན་ནེ་རུས་བརྩམས་པའི་འཛམ་གླིང་ལོ་རྒྱུས་ལ་འཁྱུག་ཙམ་ལྟ་བ་ (Glimpses of World History) ཞེས་པའི་ལོ་རྒྱུས་བརྩམས་ཆོས་ལས[34]། རང་རྒྱལ་དུ་སངས་རྒྱས་པའི་ཆོས་ལུགས་དར་ཁྱབ་ཆེན་པོ་བྱུང་ཡོད། རྒྱལ་པོ་ཨ་ཤཱོ་ཀར་མཚོན་ན། སངས་རྒྱས་པའི་ཆོས་ལུགས་ནི། རྨོངས་དད་དང་ཆོ་ག་ཕྱག་ལེན་གྱི་བྱེད་སྒོ་འབའ་ཞིག་བསྐྱར་བཟློས་བྱས་པ་ཙམ་མིན་པར། དེ་ནི་དགེ་བའི་ཚོགས་བསགས་པ་དང་། སྤྱི་ཚོགས་ཡར་བསྐུལ། མི་མང་སྨན་ཁང་དང་། རང་བྱུང་ཁོར་ཡུག །ཆུ་གཏེར། འགྲིམ་འགྲུལ་སོགས་ཡར་རྒྱས་འཛུགས་སྐྲུན་གྱི་བྱེད་སྒོ་གལ་ཆེན་ཞིག་ཡིན་པར་མ་ཟད། ལྷག་པར་དུ་བུད་མེད་ཀྱི་སློབ་གསོ་སྒྲུབ་པའི་མཐུན་རྐྱེན་གྱ་ནོམ་པ་བསྐྲུན་འདུག །དཔེར་ན། །དུས་སྐབས་དེར་གཙུག་ལག་ཁང་ཆེན་པོ་བཞི་བསྐྲུན་པ་ནི། བྱང་ཕྱོགས་ཀྱི་པི་ཤཱ་ཝར་ (Peshawar) གྲོང་ཁྱེར་ཉེ་འགྲམ་གྱི་རྡོ་འཇོག་ (Taxila) དང་། བཅོམ་བརླག་ (Mathura)། དབུས་རྒྱུད་ཀྱི་ཨུ་ཇན་ (Ujjain)། བྷི་ཧར་ (Bihar) མངའ་སྡེའི་གྲོང་ཁྱེར་པ་ཊི་ན་ (Patna) ཉེ་འཁྲིས་ཀྱི་ན་ལནྡཱ་ (Nalanda) བཅས་ཡིན་པ་དང་། གཙུག་ལག་ཁང་དེ་དག་གིས་རང་རྒྱལ་གྱི་སློབ་གཉེར་བ་གཅིག་པུ་ཙམ་མིན་པར། ཐག་རིང་གི་རྒྱལ་ཁབ་གཞན་ ༼རྒྱ་ནག་དང་ཨེ་ཤ་ཡའི་ནུབ་རྒྱུད་རྒྱལ་ཁབ་ཁག་ལ་གོ།༽ གྱི་སློབ་གཉེར་བའི་ཡིད་དབང་ཅིག་ཅར་དུ་འཕྲོག་ཅིང་། ཕྱི་ཡོང་སློབ་གཉེར་བ་ཚོ་ཕྱིར་རང་རྒྱལ་ནས་འགྲོ་ཁར་སྟོན་པ་སངས་རྒྱས་པའི་ཆོས་གཞུང་མང་པོ་ཞུས་ཡོད་པ་རེད། རང་རྒྱལ་རྒྱ་གར་རྒྱལ་ཡོངས་སུ་ནང་པའི་དགོན་སྡེ་མང་པོ་བསྐྲུན་ཞིང་། དེ་ལ་དགོན་སྡེ་ (Vihara) ཞེས་གྲགས། པ་ཊི་ན་གྲོང་ཁྱེར་མཐའ་འཁོར་ཡོངས་སུ་ནང་པའི་དགོན་པ་མང་པོ་བརྩིགས་པས། གྲོང་ཁྱེར་དེའི་མིང་ལ་དགོན་སྡེ་ (Vihara) ཞེས་འབོད་སྲོལ་བྱུང་བ་བདེན་པར་མཆིས། གསལ་བ་ལྟར་ནཱ་ལེནྡྲ་གཙོ་གྱུར་གཙུག་ལག་ཁང་ཆེན་པོ་བཞི་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པར་གསལ་ལོ།།
མདོར་ན། རྒྱལ་པོ་མྱ་ངན་མེད་ཀྱིས་ཤཱ་རིའི་བུའི་འཁྲུངས་ཡུལ་ནཱལནྡྲར་བཞུགས་ཡོད་པའི་མཆོད་རྟེན་དེ་གཟིགས་ནས་ས་གནས་དེར་དགོན་པ་ཞིག་བཞེངས་པ་དང་། ཕྱིས་སུ་དེ་ཡར་རྒྱས་ཕྱིན་ནས་ནཱལནྡྲ་ཞེས་འཛམ་གླིང་ནང་གཙུག་ལག་ཁང་ཐོག་མ་དེ་ཆགས་ཡོད། གང་ལྟར་ཡང་ལོ་རྒྱུས་རྣམས་སུ་དུས་རབས་དང་པོ་ནས་བཟུང་ས་གནས་དེ་ཤེས་ཡོན་གྱི་ལྟེ་གནས་གལ་ཆེན་ཞིག་ཡིན་པ་གསལ་ཡོད།[35] ཅེས་བྱུང་ངོ་།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་ཕྱི་ལོ་ (150-250) བར་ཀླུ་སྒྲུབ་འཇིག་རྟེན་གྱི་ཁམས་སུ་བྱོན་པར་གསལ། དེབ་སྔོན་གསར་མ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་ ༣༦༧ པར་གསལ་བ་ལྟར་དུས་རབས་དང་པོའི་དཀྱིལ་ལམ་དུས་རབས་གཉིས་པའི་འགོ་སྟོད་ཙམ་ལ་བྱོན་པར་འདོད།
[2] བསྟན་འགྱུར་དཔེ་བསྡུར་མ། སྐྱེས་རབས། ༼གེ༽ དེབ་ཨང་ ༩༦ པ། ༡༩༩༥ ལོ། ཤོག་གྲངས་ ༣༡༨
[3] རྒྱལ་ཚབ་རྗེའི་གསུང་འབུམ། ༼ཀ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༢༦༩
[4] ཆག་ལོ་ཙཱ་བའི་རྣམ་ཐར། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༡ ལོ། ཤོག་གྲངས་ ༤༠ ནས་ ༤༨ བར།
[5] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༨༦
[6] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༨༧
[7] དཔལ་ལྡན་ཡེ་ཤེས་ཀྱི་གསུང་འབུམ། པོད། ༼ཏ༽ ལམ་རིམ་ཟིན་བྲིས། ཤིང་དཔར། ཤོག་གྲངས་ ༣ན༤
[8] བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས། པོད། ༼ཇི༽ དབུ་མེད་བྲིས་མ། ཤོག་གྲངས་ ༧༧བ༦
[9] བོད་བརྒྱུད་ནང་བསྟན་མི་སྣའི་ཚིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ༢༠༢༡ ལོ། ཤོག་གྲངས་ ༢༧༥
[10] ཐང་སན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༢༢
[11] རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ། བོད་ཀྱི་དཔེ་མཛོད་ཁང་། ༡༩༧༣ ལོ། ཤོག་ ༩༣༢
[12] ༸རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ། ༼བ༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༢༢༣
[13] ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༨༦
[14] མདོ་མཛངས་བླུན། བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ཨ༽ དེབ་ཨང་ ༧༤ པ། ཤོག་གྲངས་ ༦༡༥
[15] ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༩༥
[16] བསྟན་རྩིས་ཀུན་ལས་བཏུས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ལོ། ཤོག་གྲངས་ ༤༠
[17] རྒྱལ་བསྟན་ཡུལ་གྲུ་སོ་སོར་དར་ཚུལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ ལོ། ཤོག་གྲངས་ ༢༧
[18] https://nawindocoment.blogspot.com/2022/01/blog-post_8.html
[19] བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼སུ༽ དེབ་ཨང་ ༩༣ པ། ༢༠༠༢ ལོ། ཤོག་གྲངས་ ༡༡༢༦
[20] བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཤུ༽ དེབ་ཨང་ ༩༣ པ། ༢༠༠༨ ལོ། ཤོག་གྲངས་ ༤༡༤
[21] དེབ་ཐེར་དམར་པོའི་གལ་ཆེའི་ཚིག་འགྲེལ་གནད་བསྡུས། མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོ། ཤོག་གྲངས་ ༡༧༤
[22] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཛ༽ དེབ་ཨང་ ༥༨ པ། ༢༠༠༢ ལོ། ཤོག་གྲངས་ ༣༦༡
[23] བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼སུ༽ དེབ་ཨང་། ༩༣ པ། ༡༩༩༥ ལོ། ཤོག་གྲངས་ ༡༡༤༤
[24] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༦༦༡
[25] ཟླ་བ་སྦས་པ་དང་པོ་ 310-335 དང་། ཟླ་བ་སྦས་པ་གཉིས་པ་ (375-414) བར་བྱུང་། འགའ་ཞིག་གིས་ཟླ་བ་སྦས་པ་ནི་ 414-455 བར་བྱོན་པར་གསུངས།
[26] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༣༡
[27] དེབ་ཐེར་དཀར་པོ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༣༥
[28] དེབ་ཐེར་སྔོན་པོ། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༤༧
[29] ཏྲེ་ཧོར་བརྩོན་འགྲུས་སངས་རྒྱས། ཟ་མ་ཏོག །ལྡི་ལི་བོད་ཁང་། ༢༠༠༦ ལོ། ཤོག་གྲངས་ ༡༧
[30] གནས་བཤད་འདོད་འཇོའི་བུམ་བཟང་། འབྲུག་ཡུལ། ༢༠༡༣ ལོ། ཤོག་གྲངས་ ༢
[31] མདོ་སྡེ་བསྐལ་བཟང་ལས། དེ་བཞིན་གཤེགས་པ་དགྲ་བཅོམ་གྲགས་པ་སྐྱེ་བའི་ཡུལ་ནི་རྨད་དུ་བྱུང་བ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱའོ། །ཡབ་ནི་ཀླུས་སྦས་ཞེས་བྱའོ། །ཡུམ་ནི་མེ་ཏོག་ཅན་ཞེས་བྱའོ། །སྲས་ནི་མངོན་པར་ཤེས་པའི་མེ་ཏོག་ཅེས་བྱའོ། །རིམ་གྲོ་པ་ནི་དོན་ལེགས་བསམས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དབྱངས་སྙན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཤེས་རབ་འབྱུང་གནས་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅུ་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་བརྒྱའོ། །དམ་པའི་ཆོས་ནི་ལོ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །ཞེས་བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ཀ༽ དེབ་ཨང་ ༤༥ པ། ༢༠༠༨ ལོ། ཤོག་ ༣༤༤ ཐོག་གསལ་ལ། དེ་བཞིན་ཡལ་འདབ་གོ་བཞི་པ། གྲགས་པའི་བཤེས་གཉེན་གྱི་རྟོགས་པ་བརྗོད་པ། མཛེས་པས་འོད་སྲུང་དུས་སུ་དགེ་འདུན་ལ། །གཙང་མའི་ཆབ་བསྐྱིས་ཟས་བཅུད་སྐྱེད་དང་བཅས། །མཆེ་བ་ལས་འབབ་ཕལ་པའི་ཟས་ནོར་ལ། །ཆགས་བྲལ་དགྲ་བཅོམ་གྲགས་པའི་བཤེས་གཉེན་ནོ། །དཔག་བསམ་འཁྲི་ཤིང་གི་འགྲེལ་པ་ངོ་མཚར་སྙེ་མའི་ཡལ་འདབ། ནོར་བྲང་ཨོ་རྒྱན་གྱི་གསུང་རྩོམ། པོད། ༼༡༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༣༥༣ ཐོག་གསལ་ལོ།།
[32] ཏྲེ་ཧོར་བརྩོན་འགྲུས་སངས་རྒྱས། ཟ་མ་ཏོག །ལྡི་ལི་བོད་ཁང་། ༢༠༠༦ ལོ། ཤོག་གྲངས་ ༡༧
[33] རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བཞུགས་བྱང་དཀར་ཆག །སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་ ༣༡༠
[34] https://nawindocoment.blogspot.com/2022/01/blog-post_8.html
[35] རྒྱལ་ཡོངས་འཕགས་བོད་མཁས་པའི་བགོ་གླེང་ཆེན་མོའི་དཔྱད་རྩོམ། དགའ་ལྡན། ༢༠༡༩ ལོ། ཤོག་ ༧༠༣
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཨ་རིའི་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༩༧ ནས་ ༡༢༤ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།