ཛ༽ ཇོ་བོ་བོད་དུ་བྱོན་ཅིང་བསུ་བ་ཞུས་ཚུལ།
དེ་ཡང་༸རྒྱལ་བ་དགེ་འདུན་རྒྱ་མཚོས་ (1476-1542) མཛད་པའི་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་རྣམ་པར་ཐར་པ་ལ་མདོ་ཙམ་དུ་བསྟོད་པ་ལས[1]།
གངས་ཅན་མགོན་པོ་རྒྱལ་བའི་འབྱུང་གནས་དང་། །
ལེགས་སྤྱད་སྨོན་ལམ་སྟོང་གི་མཚམས་སྦྱོར་ལས། །
སླར་ཡང་བོད་ཡུལ་མུན་པ་ཀུན་སེལ་བའི། །
མར་མེ་མཛད་དཔལ་དོན་མཐུན་ཁྱོད་ཕྱག་འཚལ། །
ཞེས་བསྟོད་ཕྱག་མཛད་པ་ལྟར། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[2]། དེ་ནས་ཇོ་བོ་རྗེ་དཔོན་སློབ་རྣམས་ཀྱིས་བལ་པོ་རྫོང་དུ་ཕྱག་ཕེབས་པ་ན་ལྷ་བཙུན་པའི་རྟ་པ་སུམ་བརྒྱ་ཙམ་བསུ་བ་ལ་གོས་དཀར་པོ་འབའ་ཞིག་གྱོན། རྒྱན་ཐམས་ཅད་ཀྱང་དཀར་པོ་འབའ་ཞིག་བྱས། བློན་པོ་ཆེན་པོ་ལྷའི་དབང་ཕྱུག་དང་། ལྷའི་བློ་གྲོས་དང་། ལྷའི་ཤེས་རབ་དང་། ལྷའི་སྲིད་འཛིན་ཞེས་བྱ་བ་བཞི་ལ་དཔའ་བོ་དར་མདུང་དཀར་པོ་ཐོགས་པ་བཅུ་དྲུག་བཅུ་དྲུག་གིས་བསྐོར། གཞན་ཐམས་ཅད་ལ་ཡང་བ་དན་ཆུང་ངུ་རེ་དང་། ཆུ་དར་གྱི་གདུགས་ཉི་ཤུ་དང་། པི་ཝཾ་དང་། གླིང་བུའི་སྒྲ་སྙན་འཁྲོལ་བ་དང་། དཔོན་གཡོག་ཐམས་ཅད་ཀྱང་ངག་མཐུན་པར་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱེད་པ་དང་། བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་བར་འགྱུར་རོ་བྱ་བའི་ཁ་བརྡ་བཟང་པོ་བྱེད་པ་དང་། ཨ་ཏི་ཤ་ལ་བདོ་བའི་ཕས་རྒོལ་ཐམས་ཅད་བདག་གིས་གཞོམ་པར་བྱའོ་ཞེས་དཔའ་བསྐྱེད་པ་དང་། ཐམས་ཅད་རྟ་ལས་མི་འབབ་པར་གྲལ་སྒོར་མོར་བྱས་ཏེ། དབུས་སུ་ཨ་ཏི་ཤ་དཔོན་གཡོག་འཁོར་དང་བཅས་པ་རྣམས་བཅུག་ནས་མི་རྟ་ཐམས་ཅད་ཀྱི་མགོ་བོ་ནང་དུ་རུག་གིས་བསྟན། བློན་པོ་ཆེན་པོ་བཞིས་དབུས་སུ་འོངས། སྔོན་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་མཁན་པོ་བོ་དྷི་སཏྭ་སྤྱན་དྲངས་པའི་དྲུང་དུ་བློན་པོ་རིག་པ་ཅན་རྣམས་ཀྱིས་ཟོར་མའི་གླུ་བླངས་པ་ལྟར་བློན་པོ་རྣམས་ཀྱིས་གླུ་བླངས་པ་ནི། ལོ་ཞེས་བྱ་བ་གྲག་སྟོང་སྙན་པའི་གླུ་དབྱངས་ལོ། །ཞེས་སོགས་བཀྲ་ཤིས་པའི་གླུ་དབྱངས་མང་པོ་དང་བཅས་སྤྱན་དྲངས།

ལོ་ཙཱ་བ་ཆེན་པོ་གུང་ཐང་པ་ལ་སོགས་པ་རབ་ཏུ་བྱུང་བའི་རྟ་པ་སུམ་ཅུ་རྩ་ལྔས་བསྐོར་བའི་དབུས་ན་ཆིབས་ཅང་ཤེས་མཐོང་སྨོན་ངང་པའི་སྟེང་ན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཁྲུ་གང་ཙམ་གྱིས་སྒ་ལ་མ་རེག་པར་མཛད་ནས་སྐུའི་དཀྱིལ་འཁོར་བབས་ཆགས་པ། མཛེས་པ། བལྟ་ན་སྡུག་པ། འཇིག་རྟེན་ལྷ་དང་བཅས་པས་མཆོད་པར་འོས་པ། འཇིག་རྟེན་མཁྱེན་ཅིང་སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ་བླ་ན་མེད་པའི་ཞལ་འཛུམ་པ་དང་བཅས་པ། སཾ་སྐྲི་ཏའི་གསུང་འཁྲོལ་བ། རུས་པ་ཆགས་པ། ཚིག་གི་ལྷད་མེད་ལ་གསུང་གི་གདངས་སྙན་པ། གསུང་གི་ངར་ཆེ་ལ་དྲང་པོར་སྨྲ་བ་དེ་ཁྲོལ་མཛད་ནས། ཨེ་མ་ཧོ། ཨ་ཏི་ཨ་ཏི། ཕ་ལ་ཕ་ལ། ཕ་ལ་ཧོ་ཞེས་སོགས་སཾ་སྐྲི་ཏའི་སྐད་དུ་བཀྲ་ཤིས་མང་དུ་བརྗོད་པར་མཛད་ཅིང་རིམ་གྱིས་ཕེབས་ཏེ་གངས་རི་ཆེན་པོར་ཕེབས།

གངས་རི་ཆེན་པོ་ལ་ཞབས་སྐོར་མཛད་པ་ན་གནས་བརྟན་ཆེན་པོ་ཡན་ལག་འབྱུང་འཁོར་དགྲ་བཅོམ་པ་རྣམས་དང་བཅས་གསོ་སྦྱོང་མཛད་པའི་གཎྜིའི་སྒྲ་གསན་ཞིང་གནས་བརྟན་ཆེན་པོ་དང་དངོས་སུ་མཇལ་ནས་བཀའ་བགྲོ་བར་མཛད། མཚོ་མ་ཕམ་གྱི་འགྲམ་དུ་ཕེབས་ནས་ཆབ་གཏོར་མཛད་པའི་ཚེ་ཐུགས་རྗེ་ཆེན་པོའི་ཞལ་གཟིགས་ཤིང་། ཀླུ་རྣམས་ཀྱིས་གུས་པས་མཆོད་པ་སོགས་ངོ་མཚར་ཡ་མཚན་ཆེ་བའི་རྣམ་ཐར་མང་དུ་མཆིས། ཕྱོགས་དེའི་དད་ལྡན་རྣམས་ལ་ཆོས་མང་དུ་གསུངས། དེ་ནས་རིམ་གྱིས་ཕེབས་ཏེ་གུ་གེ་མཐོ་ལྡིང་དུ་ཕེབས་སུ་ཉེ་བ་ན་ནག་ཚོ་ལོ་ཙཱ་བས་ལྷ་བླ་མ་བྱང་ཆུབ་འོད་ལ་རིང་པོར་མི་ཐོགས་པར་ཇོ་བོ་རྗེ་འཁོར་བཅས་མཐོ་ལྡིང་གསེར་གྱི་ལྷ་ཁང་དུ་འབྱོན་པར་ཡོད་པས་ཐུགས་དགྱེས་པར་ཞུ་ཞུས་པས་ལྷ་བཙུན་ཆེན་པོ་དགྱེས་པའི་མཐར་ཐུག་ནས། ངས་དད་གུས་མ་ལོག་པར་གསོལ་བ་རྒྱུན་དུ་བཏབ་ནས་ཡུན་རིང་སོང་སྟེ་ལྷ་གཅིག་དང་མཇལ་བ་ཡིན། མདང་རྨི་ལམ་ན་ནུབ་ཕྱོགས་ནས་ཉི་མའི་དཀྱིལ་འཁོར་ཆེན་པོ་གཅིག་ཤར་བྱུང་བ་དང་། ཤར་ཕྱོགས་ནས་ཟླ་བའི་དཀྱིལ་འཁོར་ཉ་གང་བ་འདྲ་བ་ཞིག་ཤར་ནས་བྱུང་བས། དེ་གཉིས་ལྷན་ཅིག་འཚོགས་མ་ཐག་སྤྲིན་དང་ཁུ་རྡུལ་ཐམས་ཅད་རང་སར་དེངས། སྐར་ཚོགས་ཐམས་ཅད་ནམ་གུང་བཞིན་དུ་གྲ་མ་ཉམས་པར་ཉི་ཟླ་གཉིས་ལ་འདུད་ཀྱིན་སྣང་བ་རྨིས། ད་ཟླ་བ་དེ་ང་ཡིན་སྙམ་ན་ཡང་། ཤར་ཕྱོགས་མ་གི་ནས་བྱུང་བ་སུ་ཡིན་གང་ཡིན་ཆ་མེད་སུ་ཡིན་ཡང་དེས་གོ་ཆོད་པར་སྣང་། རྨི་ལྟས་ཀྱང་ཤིན་ཏུ་བཟང་གསུངས།
དེ་ནས་ཇོ་བོ་རྗེ་གཞིས་བྱེས་ཀྱི་རྟ་པ་ལྔ་བརྒྱ་ཙམ་གྱིས་བསྐོར་བའི་དབུས་ན་ཆིབས་མཐོང་སྨོན་རླུང་གཤོག་ལ་ཁྲུ་གང་ཙམ་མ་རེག་པར་ཉི་མའི་དཀྱིལ་འཁོར་ལྟར་ལྷམ་མེ། ཡེ་རེ། ལྷོད་དེ། ཤིག་གེ །ཡར་བགྲེས་མ་དྲགས་པ། མར་གཞོན་མ་དྲགས་པ་དང་བ་འདྲེན་པའི་སྒང་དུ་གྱུར་པ། གཙང་ཆོས་ནས་འབྱུང་བ་བཞིན་དུ་པཎ་ཆེན་གྱི་དབུ་ཞྭ་ཤིན་ཏུ་མཛེས་པ་དེས་ནམ་མཁའི་མཐོངས་སྙེག་པ། དཔོན་སློབ་སུམ་ཅུ་རྩ་བཞི་པོ་ཐམས་ཅད་ལྟ་སྤྱོད་དང་ན་བཟའི་ཆ་ལུགས་ཁྱད་པར་མེད་ནའང་། ཇོ་བོའི་ན་བཟའ་དེ་རྡོ་ཚོས་མ་སྣུམ་ཞིང་དྲི་ཞིམ་ལ་མདངས་ཆགས་པ། སྐུ་ཤ་ཆེ་བ་ལྟ་བུ་ལ་བརྗིད་ཆགས་པ། སྐུ་ལུས་དྲང་ཞིང་མཛེས་ལ་སྐབས་ཐམས་ཅད་ཕྱེད་པ། ཕྱག་དང་སོར་མོ་ཐམས་ཅད་ཟླུམ་ཞིང་རྒྱས་པ། བྱིན་གྱིས་ཕྲ་བ། དབུ་སྐྲ་གནག་ཅིང་སྣུམ་ལ་མཚམས་ཕྱེད་པ། དཔྲལ་བའི་དབྱེས་ཆེ་བ། ཐམས་ཅད་ནས་བལྟས་ཀྱང་འཛུམ་ཆགས་པ། སྨིན་མ་བཟང་ལ་མདངས་འབྲེལ་བ། སྣའི་གཟེངས་མཐོ་བ། ཞལ་གྱི་དཀྱུས་ལེགས་པ། མཆུའི་ཆག་ཐོན་པ། སྙན་ཤལ་རིང་ལ་མཛེས་པ། བག་དྲོ་བ། ཟིལ་ཆེ་བ། ཡང་དང་ཡང་དུ་ལྟ་སྙིང་འདོད་པ། དང་བ་འདྲེན་པའི་སྟོབས་ཀྱིས་བལྟས་ནས་མིག་སྡུད་མི་ཤེས་པ། གསུང་ཁྲོལ་ལ་སྙན་པ། གསུང་ཆེ་ལ་དྲང་བ། ལྡབས་ཀྱིན་མི་མཛད་པ། དམ་པའི་ཆོས་ཀྱི་གསུང་ཁོ་ནར་འབྱོན་པ། དད་པ་ཡེ་མེད་པ་དག་གིས་ཐོས་ཀྱང་དད་པ་གློ་བུར་དུ་སྐྱེ་ཞིང་རྒྱུད་དུལ་ཏེ་འགྲོ་བ། ཕྱོགས་ག་ནས་བལྟས་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཀྱི་དྲུང་དུ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་འདུད་པ་ལྟར་ལྷམ་མེ་ལྷན་ནེ་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་དང་ལྡན་པ་ཞིག་སྣང་བ་དེ་སྐྱེ་བོའི་ཚོགས་སུས་མཐོང་ཡང་མཐོང་མ་ཐག་ཏུ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་གསུམ་ཐམས་ཅད་ཀྱི་ཁ་ནས་འབྱུང་ཞིང་གཅིག་གིས་གཅིག་ལ་སྟོན་ཅིང་ཙག་སྒྲ་དི་རི་བྱས་ནས་ངོ་མཚར་ཆེ་འདི་ནི་མི་རང་ག་བ་མིན། སངས་རྒྱས་བཅོམ་ལྡན་འདས་སམ་དེ་ཡིན་ལས་ཆེ་ཟེར་ཞིང་། ཐམས་ཅད་རང་ས་ནས་ཤེས་པ་གཟུང་རྒྱུ་མེད་པ་སྐད་ཆེན་པོས་འབོད་དེ། སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་རྒྱ་གར་ཆོས་ཀྱི་རྒྱལ་པོ་པཎ་ཆེན་ལྔ་བཅུ་རྩ་གཉིས་ཀྱི་གཙུག་གི་ནོར་བུ་རིན་པོ་ཆེ། མགོན་པོ་ཨ་ཏི་ཤ་སངས་རྒྱས་བསྟན་པའི་བདག་པོ། བདག་ཅག་བོད་ཀྱི་སེམས་ཅན་ལས་ངན་ཅན་རྣམས་ལ་ཐུགས་རྗེས་གཟིགས་ཤིག །ཁྱོད་ཀྱི་ཕྱོགས་སུ་དཀའ་ལས་བྱེད་པ་ལྷ་ཁུ་དཔོན་ཤིན་ཏུ་བདེན་པར་སྣང་ངོ་། །བོད་ཀྱི་མི་ནོར་ཐམས་ཅད་ཟད་ཀྱང་འགྱོད་པ་མ་མཆིས་སོ། །ཁྱེད་གདན་འདྲེན་པ་ལ་དཀའ་ལས་ཆེན་པོ་འོང་བ་རེ་བདེན། ད་ནི་འཇིག་རྟེན་གྱི་མགོན་པོ་བོད་དུ་བྱོན་ནོ། །ཞེས་ཐམས་ཅད་དད་པས་ཕྱོགས་གཅིག་ཏུ་འུར་བ་དང་། མགོན་པོ་ཨ་ཏི་ཤ་ཡང་ཤིན་ཏུ་མཉེས་ནས་བོད་ཀྱི་སེམས་ཅན་རྣམས་ཁོ་བོ་ལ་འདི་ལྟར་དད་པ་ཆེ་བ། བླ་མ་སངས་རྒྱས་བསྟན་པའི་བདག་པོ་ཐམས་ཅད་ཐེག་པ་ཆེན་པོའི་རིགས་ཅན། ཨེ་མ་ཕན་བདེའི་འབྱུང་གནས་དཀོན་མཆོག་གསུམ། ངའི་གདུལ་བྱ་རྣམས་ལ་ཐུགས་རྗེས་ཟུངས་ཤིག་གསུངས་ནས་ཁྲོམ་ཐམས་ཅད་ལ་གཟིགས་ཤིང་བྱིན་བརླབས་མཛད། ལྷ་བླ་མའི་ཨ་ཎི་ལྷ་གཅིག་ཆོས་འབུམ་གྱིས་ཇོ་བོའི་ཞལ་གྱི་དཀྱིལ་འཁོར་ལ་བལྟས་ཏེ་ཐལ་མོ་སྦྱར་ནས་མཁས་པ་འདིའི་ཕྱོགས་སུ་ངའི་མིང་པོ་གསེར་གྱི་རི་རབ་འདྲ་བ་གཅིག་གཤེགས་ཏེ། ང་སེམས་མི་ཁྲལ། མྱ་མི་ངན། མིང་པོ་དེའི་སྲོག་དང་པཎྜི་ཏ་འདི་བརྗེས་པ་ཡིན་ཏེ། བལ་པོ་ན་ཧ་སུ། མངའ་རིས་ན་རིན་བཟང་། ཕྱོགས་ནས་ང་ཆེ་ཟེར་བ་རྣམས་ལ་ངོམ་པ་ཡིན། ངའི་ཚ་བོ་འདི་སྲིན་བུ་འདྲ་བ་ཞིག་བསྐྱངས་པས་ད་ལྟ་སའི་བདག་པོ་སྙིང་རུས་ཆེ་ལ་སྐབས་དོན་ཡོད་པ་འདི་འདྲ་ཞིག་བྱུང་ཟེར་ནས་ལྷ་བླ་མའི་མྱ་ངན་རིས་ནོན་པ་ཙམ་ཡོད་པ་སངས་པར་བྱས། མགུལ་གཡུ་གསེར་སྲང་ལྔ་བཅུ་རི་བ་ཞིག་ཡོད་པ་དེ་མགོན་པོ་ཨ་ཏི་ཤའི་ཕྱག་ཏུ་ཕུལ་ནས། ཐལ་མོ་སྦྱར་ནས་འདི་སྐད་ཟེར། མགོན་པོ་ཨ་ཏི་ཤ་གཡུ་རྡོག་འདི་མཆོད་པར་བཞེས་ལ་ཞུ་བ་འདི་གསོན་དང་། ངའི་མིང་པོ་ལྷ་བླ་མ་ཡེ་ཤེས་འོད་བྱ་བ་དེ་མེས་པོ་ཆོས་ཀྱི་རྒྱལ་པོ་དེ་རྣམས་ཀྱི་ཆོས་ཀྱི་རྣམ་སྲོལ་སྙེག་པ་དང་། སྙིགས་མའི་དུས་འདིར་སངས་རྒྱས་ཀྱི་བསྟན་པ་ལ་ལུས་ལོངས་སྤྱོད་དགེ་བའི་རྩ་བ་རྣམས་ལ་སྤྲུགས་པས། ཁྱེད་ལྟ་བུའི་བླ་མ་དཀོན་མཆོག་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་ཐུགས་རྗེའི་གོ་བར་ནས་སྙིང་སྟོབས་ཅན་དེ་མི་འདོད་པའི་ལག་ཏུ་ཤོར། ད་ནི་མིང་པོ་དེའི་ཚབ་མ་ཁྱེད་ལ་ཞུ་བ་ལགས་པས་སྐྱེ་བོ་ངན་པ་རྣམས་ཀྱི་ལོག་རྟོག་ངན་པ་གཅིག་པུ་སྦྱང་བའི་ཆེད་དུ་ཡང་བོད་དུ་ཡུན་བསྲིངས་ནས་རྒྱུན་དུ་བཞུགས་པ་ཞུ་འཚལ་ཞེས་གསོལ་བ་བཏབ། ཅེས་གསལ་ལོ།།
དེ་བཞིན་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[3]། དཔལ་ལྡན་མར་མེ་མཛད་དཔལ་ཡེ་ཤེས་དེ། །ལྷ་བཙུན་བྱང་ཆུབ་སེམས་དཔའ་ཁུ་དབོན་གྱིས། །དཀའ་བ་ཆེན་པོས་ནན་གྱིས་སྤྱན་དྲངས་ཤིང་། །ལྷག་པའི་ལྷ་ཚོགས་དུ་མས་བསྐུལ་བ་ལས། །བྱང་ཕྱོགས་གངས་ཅན་ཁྲོད་འདིར་གཤེགས་མཛད་དེ། །ཆོས་ཀྱི་རྩ་བ་ལས་འབྲས་བླང་དོར་བསྟན། །ཐམས་ཅད་དཀོན་མཆོག་གསུམ་ལ་སྐྱབས་འགྲོར་བཀོད། །རབ་ཏུ་བྱུང་རྣམས་ཚུལ་ཁྲིམས་གནས་ལ་སྦྱར། །ཐོས་ལྡན་རྣམས་ཀྱི་ལྟ་བ་དྲང་པོར་མཛད། །བསམ་གཏན་པ་རྣམས་ཞི་ལྷག་གཉིས་ལ་སྦྱར། །སྔགས་ལ་ཞུགས་རྣམས་དམ་ཚིག་དག་པར་བཀོད། །ཀུན་ཀྱང་བྱང་ཆུབ་སེམས་ཀྱི་ཐེག་པས་ཁྲིད། །ཆོས་མིན་ཆོས་ལྟར་བཅོས་པ་ཀུན་ནུབ་སྟེ། །སངས་རྒྱས་བསྟན་པའི་ཉིན་བྱེད་རབ་ཏུ་གསལ། །བཀའ་གདམས་བསྟན་པའི་ཤིང་རྟ་ཆེན་པོ་ནི། །རྒྱལ་བས་བསྟན་པ་འཛིན་པར་ལུང་བསྟན་པ། །དགེ་བསྙེན་ཆེན་པོ་འབྲོམ་སྟོན་རྒྱལ་བ་ཡི། །འབྱུང་གནས་དམ་པའི་ཕྱག་ཏུ་བཞག་མཛད་དེ། །དགའ་ལྡན་དུ་གཤེགས་ནམ་མཁའ་དྲི་མེད་ཅེས། །མི་ཕམ་མགོན་གྱི་འཁོར་གྱི་གཙོ་བོར་གྱུར། །རིགས་གསུམ་མགོན་པོས་རྣམ་པར་སྤྲུལ་པ་ཡི། །སྐུ་མཆེད་གསུམ་སོགས་སྐྱེས་ཆེན་མཐའ་ཡས་ཀྱིས། །གཞུང་དང་མན་ངག་རབ་ཏུ་རྒྱས་མཛད་ནས། །མཐའ་ཡས་འགྲོ་བ་ངལ་གསོའི་སྟེགས་སུ་གྱུར། །དེ་བས་བོད་ཡུལ་བསྟན་པ་ཕྱི་དར་ལ། །བཀའ་དྲིན་འདི་དང་མཚུངས་པ་གཞན་ཡོད་མིན། །རིན་ཆེན་བྱང་ཆུབ་སེམས་ཀྱི་གྲ་ཆེན་པོ། །བསླབ་གསུམ་ཚགས་ཀྱིས་བསྡམས་པ་ལེགས་བཤམས་ཏེ། །འགྲོ་ཀུན་སྡུག་བསྔལ་མཚོ་ལས་སྒྲོལ་བརྩོན་པ། །ཇོ་བོ་ཡབ་སྲས་བརྒྱུད་པར་བཅས་ལ་འདུད། །ཅེས་ཀྱང་གསུངས་སོ།།

དེ་བཞིན་ལོ་རྒྱུས་སྨྲ་བ་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་ (1908-1989) མཆོག་གིས་བརྩམས་པའི་བོད་ཀྱི་སྲིད་དོན་རྒྱལ་རབས་ལས[4]། ཇོ་བོ་རྗེ་སྟོན་འཁོར་རྣམས་ལ་ལྷ་བཙུན་བྱང་ཆུབ་འོད་ཀྱིས་བསུ་བའི་བཀོད་པ་རྒྱ་མཚོ་དང་བཅས་ལྕགས་ཕོ་འབྲུག་ ༡༠༤༠ ལོར་ཞང་ཞུང་མཐོ་ལྡིང་གསེར་གྱི་ལྷ་ཁང་དུ་ཕྱག་ཕེབས། ད་ལྟ་བོད་པ་ཚོས་རག་དུང་རིང་པོ་གཏོང་བ་འདི་དེ་དུས་ཆེད་གཏད་བཟོས་པར་གྲགས་ཤིང་། མཁས་པའི་དགའ་སྟོན་དུ། རག་དུང་ཡང་སྔར་མེད་པ་ལ་ཇོ་བོ་སྤྱན་འདྲེན་པའི་ཕྱིར་བཅོས་ཏེ་ལོ་པཎ་སྤྱན་འདྲེན་གྱི་དུང་ཞེས་གྲགས་གསུངས་འདུག །ཅེས་གསལ་བ་ལྟར། དུང་ཆེན་ནམ་རྒྱུ་རག་ལས་བཟོས་པའི་དུང་ཆེན་ཞེས་དེང་སྐབས་རིས་མེད་ཀྱི་དགོན་སྡེ་ཁག་གིས་བེད་སྤྱོད་བྱེད་པ་འདི་བཞིན་ལྕགས་འབྲུག་ཕྱི་ལོ་ ༡༠༤༠ ལོར་ཇོ་བོ་རྗེ་བོད་དུ་བྱོན་སྐབས་ཕེབས་བསུའི་སླད་ཆེད་མངགས་ཀྱིས་སྔར་མེད་གསར་དུ་བཟོས་པ་ཞིག་ཡིན་ནོ།།
གཞན་ཡང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་བྱོན་ལོ་ནི། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ (1523-1596) མཛད་པའི་བསྟན་རྩིས་གསལ་བའི་ཉིན་བྱེད་ལས[5]། དེ་ལྟར་ཇོ་བོ་འདི་ཉིད་བོད་དུ་ཕེབས་པའི་ཚེ། པཎྜི་ཏ་ཆེན་པོ་གཞན་ལ་ཕན་པ་དང་། བིརྱཱ་ཙནྡྲ་[6]དང་། ཡེ་ཤེས་སྒྲོན་མ་སྟེ་པཎྜི་ཏ་ཆེན་པོ་གསུམ། རྒྱ་གར་ནུབ་ཕྱོགས་ཀྱི་བདག་པོ་རྒྱལ་པོ་སའི་སཾ་ག་དང་། བོད་ཀྱི་ནག་ཚོ་སོགས་རྒྱ་བོད་ཀྱི་འཁོར་སུམ་ཅུ་རྩ་ལྔ་ཙམ་ཞིག །ཐོག་མར་མངའ་རིས་པདྨའི་གླིང་དང་། དེ་རྗེས་ཐོ་ལིང་གསེར་གྱི་ལྷ་ཁང་དུ་ཕེབས་པ་སྟེ། རིམ་པས་དབུས་གཙང་དུ་བསྟན་པ་སྤེལ་བ་ཡིན། འདི་དག་གི་གཏམ་བྱ་ལ་མི་མཐུན་པ་དུ་མ་སྣང་ཡང་ཇོ་བོའི་འཁྲུངས་ལོ་ཤིང་རྟར་བྱས་པ་དང་། བོད་དུ་དུས་ནམ་གྱི་ཚེ་ཕེབས་པ་ནི་དུས་གསལ་གཞིར་བཞག་པ་ཡིན། མངའ་རིས་དབུས་གཙང་དུ་ཇི་ལྟར་བཞུགས་པའི་ལོ་གྲངས་ནི་འབྲོམ་གྱི་ལམ་ཡིག་ཚད་མར་བྱས་ན། ལམ་ཡིག་དང་རྣམ་ཐར་འགའ་ཞིག་ལས་དགུང་ཟླ་ཆུ་ཕོ་རྟ་ལོ་པ་དང་། མངའ་རིས་སུ་ལོ་གསུམ་བཞུགས་པ་དང་། བུ་སྟོན་རིན་པོ་ཆེས། ཇོ་བོ་ག་ཡ་དྷ་རའི་སྔ་རོལ་ཏུ་བོད་དུ་ཕེབས་པ་དང་། དེབ་སྔོན་ལས། བསྟན་པ་བསྣུབས་པའི་ལྕགས་བྱ་ནས་ལོ་དོན་བདུན་བསྟན་པ་མེད། དོན་བརྒྱད་པ་ས་ཕོ་སྟག་ལ་ཕྱི་དར་བྱུང་། ཕྱི་དར་གྱི་ས་ཕོ་སྟག་ནས་ལོ་དྲུག་ཅུ་རྩ་ལྔ་པ་ཆུ་ཕོ་རྟ་ལ་ཇོ་བོ་བོད་དུ་བྱོན་ (ཕྱི་དར་ས་ཕོ་སྟག་ནས། ཇོ་བོ་བྱོན་པའི་བར་ལ་ལོ་རེ་ལྔ་ལས་མ་སོང་བ་དང་། དེའི་ཚེ་ལོ་ཆེན་རིན་བཟང་གྱ་ལྔ་པ་ཡིན་གསུངས་པ་མ་བརྟགས་པ་སྟེ། ལོ་ཆེན་མ་འཁྲུངས་གོང་དུ་ཕྱི་དར་བྱོན་ནས་ལོ་མང་དག་སོང་འདུག་པའི་ཕྱིར་རོ།།) ཞེས་གསུངས་སོ།།
དེ་བཞིན་པཎ་ཆེན་བསོད་ནམས་གྲགས་པས་ (1478-1554) མཛད་པའི་བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་ལས[7]། འོ་ན་གསང་འཁོར་མར།
ད་ལྟར་རྗེ་བཙུན་ཐམས་ཅད་མཁྱེན་པ་ནི། །མེ་ཕོ་རྟ་ལ་རྒྱ་གར་ཡུལ་དུ་འཁྲུངས། །
དྲུག་ཅུའི་བར་དུ་རྒྱ་གར་ཆོས་ཀྱིས་བསྐྱངས། །ཆུ་ཕོ་རྟ་ལ་ཁ་བ་ཅན་དུ་བྱོན། །
ཞེས་མེ་རྟ་ལ་འཁྲུངས་པར་གསུངས་པ་ཇི་ལྟར་ཡིན་ཞེ་ན། ཚིག་རྐང་གཉིས་པ་མ་དག་པ་ཁོ་ན་སྟེ། རྐང་པ་བཞི་པ་དང་དངོས་སུ་འགལ་བས་སོ། །ནག་ཚོ་ནས་བརྒྱུད་པའི་རྣམ་ཐར་གྱི་ཡི་གེ་ཆེན་མོ་ལྟར་ན། ཇོ་བོ་ཉིད་ཀྱིས་བསྟན་རྩིས་ཀྱི་དབང་དུ་བྱས་ཏེ། སངས་རྒྱས་ཤིང་ཕོ་སྤྲེའུ་ལ་མྱ་ངན་ལས་འདས་པ་ནས་ལོ་སུམ་སྟོང་བཞི་བཅུ་རྩ་བདུན་འདས་པ་རབ་མྱོས་ཅེས་པ་ལྕགས་ཕོ་རྟའི་ལོ་ལ་ཇོ་བོ་སྐུ་འཁྲུངས། ང་བདུན་པ་ཟད་པ་ཞེས་པ་མེ་སྟག་ལ་རྒྱ་གར་ནས་གདན་བཏེག་སྟེ། ལོ་དེའི་མཇུག་ལ་བོད་དུ་ཕེབས། ཞེས་བྱུང་།
གཞན་ཡང་ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) གིས་མཛད་པའི་བསྟན་རྩིས་ཀུན་ལས་བཏུས་པ་ལས[8]། བླ་བྲང་གདན་རབས་སུ། སྔ་དར་མཇུག་གི་ལྕགས་བྱ་ནས་ཇོ་བོ་བོད་དུ་བྱོན་ལོ་ཆུ་རྟ་བར་དུ་ལོ་གྱ་གཉིས་སོང་། ཞེས་གསུངས་པའི་ལྕགས་བྱ་ནི་ལོ་ཆེན་རིན་བཟང་དགུང་ལོ་གོ་གསུམ་པའི་ལྕགས་བྱ་ཡིན་ནོ། །དེབ་སྔོན་དུ། ཟུར་ཆུང་བ་ལོ་ཞེ་གཅིག་པ་ལ་ཇོ་བོ་བོད་དུ་བྱོན། ཞེས་པ་དག་མིན་བརྟག །ཅེས་གསལ་ལ། དེ་བཞིན་ཇོ་བོ་རྗེ་དགུང་ལོ་ང་དགུ་པ་རབ་བྱུང་དང་པོའི་ལྕགས་འབྲུག་ལོ་སྟེ་ཕྱི་ལོ་ ༡༠༤༠ ལོར་བལ་ཡུལ་བརྒྱུད་ནས་མངའ་རིས་སུ་ཕེབས་པ་ལ་ཕྱག་བཏེག་པ་ནི་འགོས་ལོའི་དེབ་ཐེར་སྔོན་པོ་ལས[9]། དེ་ལ་ཇོ་བོ་རྗེ་ནི་དགུང་སྙིང་ཆུ་ཕོ་རྟ་ (ཕྱི་ལོ་ ༩༨༢) ཡིན་པས་ལྔ་བཅུ་རྩ་དགུ་པ་ལྕགས་ཕོ་འབྲུག་ (ཕྱི་ལོ་ ༡༠༤༠) གི་ལོ་ལ་རྒྱ་གར་ནས་བཏེག །ལྕགས་མོ་སྦྲུལ་ (ཕྱི་ལོ་ ༡༠༤༡) གྱི་ལོ་བལ་ཡུལ་དུ་བཞུགས། མངའ་རིས་སུ་ཆུ་ཕོ་རྟ་ (ཕྱི་ལོ་ ༡༠༤༢) ལ་ཕེབས་པ་ཡིན་ཞེས་གསུངས་ལ། དེ་མཚུངས་པཎ་ཆེན་བསོད་ནམས་གྲགས་པས་ (1478-1554) མཛད་པའི་བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་ལས[10]། བོད་ཀྱི་ལྷ་བཙུན་པ་བྱང་ཆུབ་འོད་ཀྱིས་ནག་ཚོ་ཚུལ་ཁྲིམས་རྒྱལ་བ་ལ་སོགས་པ་སྤྱན་འདྲེན་དུ་བཏང་བ་ལས། ཇོ་བོ་ཉིད་དགུང་ལོ་ལྔ་དགུ་བཞེས་པ་དཔའ་བོ་ཞེས་པ་ལྕགས་ཕོ་འབྲུག་ལ་གདན་བཏེག །ཁྱུ་མཆོག་ཅེས་པ་ལྕགས་མོ་སྦྲུལ་ལ་བལ་ཡུལ་དུ་ཕེབས་ནས་ལོ་གཅིག་བཞུགས། རེ་གཅིག་པ་ཆུ་རྟ་ལ་མངའ་རིས་སུ་བྱོན་ནས་ལས་རྒྱུ་འབྲས་དང་སེམས་བསྐྱེད་ལས་བརྩམས་པའི་ཆོས་གཙོ་བོར་གསུངས་ཤིང་བྱང་ཆུབ་ལམ་གྱི་སྒྲོན་མ་རང་འགྲེལ་དང་བཅས་པ་མཛད། ཅེས་གསུངས།
ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) གིས་མཛད་པའི་བསྟན་རྩིས་ཀུན་ལས་བཏུས་པ་ལས[11]། ལྕགས་འབྲུག །ཇོ་བོ་བོད་དུ་ཆས། ༼ལས་ཆེན་བཀའ་གདམས་ཆོས་འབྱུང་།༽ ནཱ་རོ་པ་གཤེགས་ཞེས་དང་། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ (1523-1596) མཛད་པའི་བསྟན་རྩིས་གསལ་བའི་ཉིན་བྱེད་ལས[12]། པུ་ཏོ་བའི་རྗེས་ལ་ཇོ་བོ་ཨ་ཏི་ཤ་བྱོན་པ་སྔ་སྟེ། དེ་ཡང་སུམ་སྟོང་བརྒྱ་དང་གྱ་བདུན་འདས་པའི་གྱ་བརྒྱད་པ་ཤིང་ཕོ་རྟ་ (ཤིང་མོ་ལུག་) (ཕྱི་ལོ་ ༡༠༥༥) ལ་ཇོ་བོ་བོད་དུ་བྱོན། ལོ་འདི་ཕྱི་དར་ས་མོ་བྱ་ནས་བརྒྱ་དང་ལྔ་འདས་པ་དྲུག་ཏུ་སླེབས་པའི་ལོ་དེ་ཡིན། ཞེས་གསལ་བ་ལྟར་ཇོ་བོ་བོད་དུ་བྱོན་ལོར་མི་མཐུན་པ་མང་ངོ་།།

གཞན་ཡང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[13]། ས་ཡོས། ཕྱི་ལོ་ ༡༠༣༩ ནག་ཚོ་ལོ་ཙཱ་བའི་བསྟོད་པ་དང་། ལམ་ཡིག་ལས། ཇོ་བོ་རྗེ་བལ་ཡུལ་ནས་སྟོད་མངའ་རིས་སུ་ཕེབས་པར་གསུངས་ལ། དེ་བཞིན་ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) གིས་མཛད་པའི་བསྟན་རྩིས་ཀུན་བཏུས་ལས[14]། ས་ཡོས། ཇོ་བསྟོད་དང་ལམ་རིམ་སོགས་ལྟར་ན། ཇོ་བོ་མངའ་རིས་སུ་ཕེབས། ལོ་འདི་ཙམ་ན་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེ་འདས། ཞེས་ས་ཡོས་ལོར་ཕེབས་པ་མཐུན་ཞིང་། སྤྱིར་ལྕགས་འབྲུག་ ༡༠༤༠ ལོར་ནག་ཚོ་ལོ་ཙཱ་བའི་ལམ་ཡིག་ལས་ཇོ་བོ་རྗེ་བལ་ཡུལ་ནས་མངའ་རིས་སུ་ཕེབས་པར་གསུངས་པ་ཁུངས་བཙན་ཞེས་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་གསུངས[15]། ཡང་བོད་ཀྱི་མཁས་པ་འགོས་ལོའི་དེབ་སྔོན་དང་། བསོད་གྲགས་རྣམ་གཉིས་ལྟར་ནའང་ཆུ་རྟ་ཕྱི་ལོ་ ༡༠༤༢ ལོར་ཇོ་བོ་རྗེ་བལ་ཡུལ་ནས་སྟོད་མངའ་རིས་སུ་ཐོག་མར་ཕེབས་པར་གསུངས་[16]པ་དང་། ཡང་ལྷོ་རོང་ཆོས་འབྱུང་ལས། ས་འབྲུག་ཕྱི་ལོ་ ༡༠༢༨ ལོར་ཇོ་བོ་རྗེ་བལ་ཡུལ་ནས་མངའ་རིས་སུ་བྱོན་པར་བཤད་པ་ལོ་རྒྱུས་བྱིངས་དང་མི་མཐུན་[17]པས་དཔྱད་དགོས་པར་སྣང་ངོ་།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ༸རྒྱལ་བ་དགེ་འདུན་རྒྱ་མཚོའི་གསུང་འབུམ། ༼ཀ༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༡༢༣
[2] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༤༣ ནས་ ༡༦༩ བར།
[3] ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༦༥༥
[4] བོད་ཀྱི་སྲིད་དོན་རྒྱལ་རབས། སྟོད་ཆ། ཀ་བློན་སྦུག་ཞྭ་སྒབ་ཤག །༡༩༧༦ ལོ། ཤོག་གྲངས་ ༢༤༩
[5] བསྟན་རྩིས་གསལ་བའི་ཉིན་བྱེད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༡༠༨
[6] བིརྱཱ་ཙནྡྲ་ནི། ཇོ་བོ་རྗེ་ཐོག་མར་བལ་ཡུལ་ནས་མངའ་རིས་སུ་ཕེབས་སྐབས་པཎྜི་ཏ་འདི་དང་པཎ་ཆེན་གཞན་ལ་ཕན་པ་བཟང་པོས་བསྐྱལ་རྗེས་ཕྱིར་བལ་ཡུལ་དུ་བྱོན། དེའི་ཕྱིས་ཇོ་བོ་རྗེ་མཇལ་དུ་བོད་ལ་སླར་ཕེབས་ཀྱང་ཇོ་བོ་རྗེ་འདས་ཟིན་པས་འོལ་ཁ་དང་ཡེར་པ་སོགས་སུ་ཡུན་རིང་བཞུགས་པར་གྲགས།
[7] བཀའ་གདམས་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན། རྔ་ཡུལ་ཀིརྟི་དགོན། ༢༠༠༧ ལོ། ཤོག་གྲངས་ ༦
[8] བསྟན་རྩིས་ཀུན་ལས་བཏུས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ལོ། ཤོག་གྲངས་ ༡༥༨
[9] དེབ་ཐེར་སྔོན་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྟོད་ཆ། ཤོག་གྲངས་ ༣༠༣
[10] བཀའ་གདམས་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན། རྔ་ཡུལ་ཀིརྟི་དགོན། ༢༠༠༧ ལོ། ཤོག་གྲངས་ ༣
[11] བསྟན་རྩིས་ཀུན་ལས་བཏུས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ལོ། ཤོག་གྲངས་ ༡༥༧
[12] བསྟན་རྩིས་གསལ་བའི་ཉིན་བྱེད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༩༨
[13] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༢༦༨
[14] བསྟན་རྩིས་ཀུན་ལས་བཏུས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ལོ། ཤོག་གྲངས་ ༡༥༧
[15] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༢༦༨
[16] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༢༦༨
[17] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༢༦༧
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཆ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༡༩ ནས་ ༢༣༠ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།