༤༽ གཏན་ཚིགས་ཐིགས་པ།

༤༽ གཏན་ཚིགས་ཐིགས་པ།

 

དེ་ཡང་རྗེ་བཙུན་རེད་མདའ་བ་ཆེན་པོས་ (1349-1412) མཛད་པའི་འཛམ་གླིང་མཁས་པའི་རྒྱན་དྲུག་ལ་བསྟོད་པ་ལས[1]།

ཆོས་ཀྱི་རིགས་པས་ཆོས་མིན་ཕམ་མཛད་ཅིང༌། །

གྲགས་པའི་སྒྲ་ཆེན་འཇིག་རྟེན་གསུམ་ན་གྲགས། །

སྨྲ་ངན་མུན་འཇོམས་སྨྲ་བའི་ཉི་མ་མཆོག །

ཆོས་ཀྱི་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ། །

ཞེས་བསྔགས་པ་དཔལ་ཆོས་ཀྱི་གྲགས་པས་མཛད་པའི་གཏན་ཚིགས་ཐིགས་པའི་གཞུང་གི་ཁྱད་ཆོས་ནི། རྒྱལ་ཚབ་རྗེའི་ (1364-1432) རྣམ་ངེས་དར་ཊཱིཀ་ལས[2]། ལྐོག་གྱུར་རྟོགས་པ་གཏན་ཚིགས་ལ་རག་ལས་ཤིང་། དེ་ཡང་མཐའ་ཆོད་པར་རྟོགས་པ་རྟགས་ཀྱི་ཚུལ་གཏན་ལ་འབེབས་པ་ལ་རག་ལས་པས་ཚུལ་དྲུག་ལ་སོགས་པ་ཡོད་པ་དང་། གཅིག་ཏུ་ཟད་པའི་ལོག་པར་རྟོག་པ་བསལ་ནས་ཚུལ་གསུམ་དུ་ངེས་པར་སྒྲུབ་པའི་ཆེད་དུ། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །ཞེས་པའི་གཞུང་སྤྲོས་ནས་འཆད་པ་ཡིན་ནོ། །ཞེས་གསུངས་པ་ལྟར་དང་། གཞུང་འདི་བོད་འགྱུར་ཙམ་ལས་ལེགས་སྦྱར་གྱི་ཕྱི་མོ་ཆ་ཚང་མི་བཞུགས་ཀྱང་། གཞུང་གཞན་དུ་དྲངས་པའི་གཞུང་ཚན་མང་ཙམ་རྙེད་འདུག

སྐད་ཅིག་མའི་སྒྲུབ་བྱེད་ཀྱི་འཕེལ་རིམ་ལ་བརྟེན་ནས་རྣམ་ངེས་དང་རྩོད་རིགས་བར་དུ་བརྩམས་པར་འདོད་པ་ལྟར་འཐད།[3] བོད་འགྱུར་དུ་དུལ་བ་ལྷའི་གཏན་ཚིགས་ཐིགས་པའི་རྒྱ་ཆེར་འགྲེལ་དང་། བྲམ་ཟེ་ཨར་ཙ་ཊ་[4]ཡི་གཏན་ཚིགས་ཐིགས་པའི་འགྲེལ་པ་བཅས་གཉིས་བཞུགས་ཀྱང་ལེགས་སྦྱར་ལ་ཕྱི་མ་ཙམ་ལས་མི་བཞུགས། ཅིག་ཤོས་པཎྜི་ཏ་དུར་ཝེ་ཀ་མི་ཤྲ་ཡི་ཨར་ཙ་ཊའི་གཏན་ཚིགས་ཐིགས་པའི་འགྲེལ་བཤད་ནི་ལེགས་སྦྱར་ཙམ་ལས་མ་བཞུགས། སི་ཏན་ཀེ་ལུ་རན་གྱིས་དུར་ཝེ་ཀ་མི་ཤྲ་ཡི་ཨར་ཙ་ཊའི་གཏན་ཚིགས་ཐིགས་པའི་འགྲེལ་བཤད་ནང་གི་གཏན་ཚིགས་ཐིགས་པའི་ལེགས་སྦྱར་གཞུང་ཚན་དང་། རྒྱལ་བ་པའི་གཞུང་དྲངས་པའི་ལེགས་སྦྱར་གཞུང་ཚན་དང་དེ་དག་གི་སྟེང་དུ་བོད་འགྱུར་ནས་ལེགས་སྦྱར་དུ་བསྐྱར་གསོ་དང་སྦྲགས་པར་སྐྲུན་གནང་འདུག[5] ལར་ནས་ཨར་ཙ་ཊའི་གཏན་ཚིགས་ཐིགས་པའི་འགྲེལ་པའི་ལེགས་སྦྱར་ཕྱི་མོ་དང་། དུར་ཝེ་ཀ་མི་ཤྲ་ཡི་ཨར་ཙ་ཊའི་གཏན་ཚིགས་ཐིགས་པའི་འགྲེལ་བཤད་ཀྱི་ལེགས་སྦྱར་ཕྱི་མོ་གཉིས་ཀ་སྔ་ས་ནས་པར་སྐྲུན་བྱས་འདུག[6] གཞན་ཡང་མཁས་པ་མུ་ནིཇམ་བཱུ་ཇ་ཡ་ཡིས་རྒྱལ་བ་པའི་རྟོག་གེ་བ་ཟླ་བའི་སྡེའི་སྐྱེ་བ་ལ་སོགས་པའི་དངོས་གྲུབ་འགྲེལ་པ་ཞེས་པའི་ཚད་མ་རིག་པའི་གཞུང་དུ་དྲངས་པའི་གཏན་ཚིགས་ཐིགས་པའི་ལེགས་སྦྱར་གཞུང་ཚན་དང་།[7] དེ་རྗེས་སུ་མུ་ནི་ཇམ་བཱུ་ཝི་ཇ་ཡ་ཡིས་རྒྱལ་བ་པའི་རྟོག་གེ་བ་སློབ་དཔོན་རཱ་མ་ཟླ་བ་དང་། ཡོན་ཏན་ཟླ་བ་སོགས་ཀྱི་གཞུང་དུ་དྲངས་པའི་གཏན་ཚིགས་ཐིགས་པའི་ལེགས་སྦྱར་གཞུང་ཚན་ཡང་བསྐྱར་རྙེད།[8] ཅིག་ཤོས་སི་ཏན་ཀེ་ལུ་ནར་གྱིས་གཏན་ཚིགས་ཐིགས་པ་རྗར་མན་སྐད་དུ་བསྒྱུར་འདུག[9]  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  རེད་མདའ་བའི་བསྟོད་ཚོགས། ༼ང༽ ཐོར་བུ། འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༨ན༣

[2]  ཚད་མ་རྣམ་ངེས་ཊཱིཀ་ཆེན། སྟོད་ཆ། ༼ཀ༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ ལོ། ཤོག་གྲངས་ ༥

[3]  E. Steinkellner, Die Entwicklung des, Ksanikatvanumanam bei Dharmakirti, Wiener Zeitschift fur die Kunde Sud-und Ost-asiens XII/XIII, 1968/1969.

[4]  Arcata c. 730-790 cf. E. Frauwallner, Landmarks in the History of Indian Logic, Wiener Zeitschift fur die Kunde Sud-und Ost-asiens V, 1961, ss. 146-148; Kleine Schriften, ss. 868-870.

[5]  E. Steinkellner: Dharmakirti’s Hetubinduh, Teil I, Tibetischer Text und reconstruierter Sanskrit-Texte, Osterrreichische Akademie der Wissenschaften Philosophisch-Historische Klasse, Sitzungsberichte, 252. Band, 1. Abhandlung, Wien, 1967.

[6]  S. Sanghavi &M. S. Jinavijayayi ed. Hetubindutika of Bhatta Arcata with the subcommentary entitled Aloka of Durveka Misra, Gaekwad’s Oriental Series, No. CXIII, Baroda, 1949.

[7]  Muni Jambuvijaya, A comparative study of the Utpapadisiddhitika and the Hetubindutika, Wiener Zeitschift fur die Kunde Sud-und Ost-asiens XII/XIII, 1968/1969.

[8]  Muni Jambuvijaya: Jainacaryasri-Hemacandras erimukhyasisyabhyam Acarya-Ramachandra-Gunacandrabhyam viracitayam Dravyalankarasvopajnatikayam Bauddhagranthebhya eddhrtah pathah, Studien zum Jainismus und Buddhismus, Gedankschrift fur Ludwig Alsdorf, hrsg. Von K. Bruhn und A. Wezler, Alt-und Neu Indische Studien 23, Wiesbaden, 1981.

[9]  E. Steinkellner, Dharmakitrti’s Hetubinduh, Teil II, Ubersetzung und Anmerkungen, Osterreichische Akademie der Wissenschaften Philosophisch-Historische Klasse, Sitzungsberichte, 252. Band, 2. Abhandlung, Wien. 1967.

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༥༥ ནས་ ༤༥༧ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *