༢༢༽ ཆོས་འཁོར་ལོ་ཙཱ་བ་འཇམ་དཔལ་ཡེ་ཤེས།
ཆོས་འཁོར་ལོ་ཙཱ་བའམ་སྟག་ཚང་ལོ་ཙཱ་བ་འཇམ་དཔལ་ཡེ་ཤེས་མཆོག་ནི། ཕྱི་ལོའི་དུས་རབས་བཅུ་བཞི་པའི་དུས་སྨད་ཙམ་དུ་སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། རྗེ་འདིས་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་མདོ་སྔགས་རིག་གནས་དང་བཅས་པར་ཐོས་བསམ་རྨད་དུ་བྱུང་བར་མཛད་ཅིང་། དེ་ནས་བལ་ཡུལ་དང་། འབྲས་ལྗོངས།
རྒྱ་གར་སོགས་སུ་ཕེབས་ནས་ལེགས་སྦྱར་གྱི་སྐད་ཡིག་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད་ནས་བསྟན་བཅོས་མང་པོ་ཞིག་བོད་ཡིག་ཏུ་བསྒྱུར་བར་མཛད།
སྒྱུར་རྩོམ་གཙོ་གྲས་ནི། བསྟན་འགྱུར་ལས། ཡེ་ཤེས་དབབ་པའི་ཆོ་ག་དང༌། རྡོ་རྗེ་རྣལ་འབྱོར་མའི་དགོངས་པའི་གསང་བ་སྦྱིན་སྲེག་གི་ཆོ་ག །རྡོ་རྗེ་རྣལ་འབྱོར་མའི་བསད་པ་ལས་ཀྱི་མན་ངག །ཕྱིར་བཟློག་འཁོར་ལོ། ཕག་མོའི་སྲུང་བའི་འཁོར་ལོ། གཏོར་མའི་ཆོ་ག །ལག་པའི་མཆོད་པ། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་རྣམ་པར་སྒེག་པ། རྡོ་རྗེ་ཕག་མོའི་བསྟོད་པ་རིམ་པ་གཉིས་པ་རྡོ་རྗེ་བཙུན་མོས་བྱིན་གྱིས་བརླབས་པ། རྡོ་རྗེ་ཕག་མོ་དོན་ཐམས་ཅད་གྲུབ་མའི་སྒྲུབ་ཐབས། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ཞལ་གཉིས་མ། ལྷག་པར་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དཔལ་ནག་པོ་ཆེན་པོ་ཡུམ་ཅན་གྱི་སྒྲུབ་ཐབས། གཞན་ཡང་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རྣལ་འབྱོར་ཡན་ལག་དྲུག་པ་ཞེས་བྱ་བ་འདི་ནི་ཐམས་ཅད་མཁྱེན་པ་རོང་སྟོན་ཆོས་རྗེའི་བཀས་བསྐུལ་བ་ལས། སྟག་ཚང་ལོ་ཙཱ་བ་འཇམ་དཔལ་ཡེ་ཤེས་ཀྱིས་བསྒྱུར་བ་སོགས་བཞུགས་སོ།།[1] །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་ ༢༣༠
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༦༣ ནས་ ༣༦༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།