༡༤༽ སློབ་དཔོན་ཀུན་དགའ་སྙིང་པོ།
དེ་ཡང་ལེགས་སྦྱར་གྱི་མཚན་ལ་ཨནྡ་གརྦྷ་སྟེ་ (Aanandagarbha) གྲུབ་ཆེན་ཀུན་དགའ་སྙིང་པོ་ནི། གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་བསྟོད་པ་ལས[1]།
སྒྲོལ་མ་དཀར་མོས་བྱིན་གྱིས་བརླབས། །རྣལ་འབྱོར་རྒྱུད་ལ་འགྲེལ་བཤད་མཛད། །
ཀུན་དགའ་སྙིང་པོ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །
ཞེས་བསྟོད་པ་མཛད་ཡུལ་གྱི་སློབ་དཔོན་ཀུན་དགའ་སྙིང་པོའི་ཞབས་ནི། འཇམ་དཔལ་རྩ་རྒྱུད་ལས[2]།
ཡི་གེ་ཨ་མིང་བདག་ཉིད་ཆེ། །སྟོན་པའི་བསྟན་པ་གཅེས་འཛིན་བྱེད། །
བློ་ལྡན་ཡོན་ཏན་ཀུན་གྱིས་བཀུར། །
ཞེས་རྒྱལ་བས་ལུང་བསྟན་ཅིང་། སློབ་དཔོན་ཀུན་དགའ་སྙིང་པོའི་རྣམ་ཐར་ནི། མཁས་བཙུན་བཟང་པོ་ (1920-2009) ལགས་ཀྱིས་བརྩམས་པའི་རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ་གསར་པ་ལས[3]། སློབ་དཔོན་ཀུན་དགའ་སྙིང་པོ་ནི། དེའི་བླ་མ་བརྒྱུད་པའི་ཁུངས་དང་བཅས་བཤད་ན། དང་པོ་དཔལ་རྡོ་རྗེ་འཆང་ཆེན་པོའི་ཐུགས་ཡང་དག་པའི་རང་བཞིན་རྡོ་རྗེ་སེམས་དཔས། གྲོང་ཁྱེར་པ་ཏའི་ཀརྟི་ཞེས་བྱ་བར་སྤྲུལ་པའི་དཀྱིལ་འཁོར་སྤྲུལ་ནས་རྒྱལ་པོ་རབ་གསལ་ཟླ་བ་ལ་དབང་བསྐུར་ཏེ། རྒྱུད་སྡེ་ཐམས་ཅད་སྣང་བ་བྱིན་པའོ། །དེའི་སློབ་མ་ནི་རྒྱལ་བུ་སྒྲ་གཅན་འཛིན་བཟང་པོ་འོ། །གཞན་ཡང་ཡེ་ཤེས་རྡོ་རྗེ་དང༌། པྲཛྙཱ་སིངྷ་དང༌། རབ་འབྱོར་བསྐྱངས་དང་བཞིའོ།།
དེ་ལྟར་བཞིའི་སློབ་མ་ཡུལ་ཤར་ཕྱོགས་བྷ་ག་ལའི་སློབ་དཔོན་ཀུན་དགའ་སྙིང་པོ་ཞེས་བྱ་སྟེ། འདིའི་སྐུ་ཆེ་བའི་ཡོན་ཏན་ནི། སྡོམ་པ་འཛིན་པ་ཆེན་པོ་འཚོ་བ་བསོད་སྙོམས་ལ་བརྟེན་ནས་གསོག་འཇོག་སྤངས་ཏེ་ཟང་ཟིང་མེད་པ། དཔལ་རྡོ་རྗེ་སེམས་དཔའ་དང་བར་ན་བརྒྱུད་པ་གཉིས་ལས་མེད་པས་གདམས་ངག་དང་བྱིན་རླབས་དཔག་ཏུ་མེད་པ། རིག་པའི་གནས་ལྔ་ལ་མཁས་པ། པཎྜི་ཏ་ཆེན་པོ་སྟེ།
ཀུན་དགའ་སྙིང་པོ་རིག་པའི་མཆོག །[4]
ཅེས་པ་ལ་སོགས་པའི་མཁས་པ་མང་པོས་བསྟོད་པར་བྱེད་བཀུར་བར་བྱེད་དོ། །ཁྱད་པར་གསང་སྔགས་ཀྱི་ཐེག་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་ནས། མང་དུ་ཐོས་པ་རྣམས་ཀྱི་ནང་ན་མཆོག་ཏུ་གྱུར་པ། དེ་ལྟ་བུའི་སློབ་དཔོན་དེ་གྲོང་ཁྱེར་པ་ཏི་ཀརྟི་ན་བསོད་སྙོམས་མཛད་ཅིང་བཞུགས་པའི་ཚེ། རྒྱ་གར་ཤར་ཕྱོགས་ལ་ནུབ་ཕྱོགས་སློབ་དཔོན། པྲཛྙཱ་པ་ལི་ཏ་བྱ་བ་བྱོན་ནས་གྲོང་ཁྱེར་བ་རྣམས་ལ་དྲིས་པས། རྒྱལ་པོ་རབ་གསལ་ཟླ་བའི་སློབ་མ་སཽ་དེ་པཱ་ལའམ། ཡེ་ཤེས་རྡོ་རྗེ་འམ། པྲཛྙཱ་སིདྡྷ་འམ། སྒྲ་གཅན་འཛིན་བཟང་པོ་ཞེས་ཞུ་བ་དེ། གདན་བཞུགས་སམ་ཞེས་དྲིས་པས། དེ་ཐམས་ཅད་འདས་ནས་མེད་དོ་ཟེར་རོ། །འོ་ན་དེ་རྣམས་ཀྱི་སློབ་མ་གང་མཁས་པ་ཡོད་དམ་བྱས་པས། ནགས་ཁྲོད་ཡ་གི་ན་ཀུན་དགའ་སྙིང་པོ་བྱ་བ་འཚོ་བ་བསོད་སྙོམས་ལ་མཛད་པ་བཞུགས་ཟེར་ནས། དེ་འཚོལ་དུ་ཕྱིན་པ་དང༌། སློབ་དཔོན་འབྲས་ཆན་གྲང་མོ་རྡོ་ལེབ་ལ་སྲོད་པ་མཇལ་ཏེ། བསླབ་པ་བྲིས་པས་སློབ་དཔོན་བགྲེས་པ་འདུག་པས་ཕྱག་བྱས། ཆོས་ཀྱི་གཏམ་བྱས་པས་མགུ་ནས་ཆོས་ཞུས་སོ།།
དེ་ནས་དེའི་དོན་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་བྱས་ཏེ་གནང་ངོ༌། །དེ་ནས་པྲཛྙཱ་པ་ལི་ཏས་ཡུལ་དབུས་སུ་འཁྱེར་ཏེ་བཤད་པ་བྱས་པས། པཎྜི་ཏ་རྣམས་ན་རེ་འདི་ལྟ་བུའི་ཆོས་སུ་ལ་འདུག་ཟེར་བ་ལ། སློབ་དཔོན་ཨནྡ་གརྦྷ་ཞེས་བྱ་བ་ད་ལྟ་ཡང་བྷཾ་ག་ལ་ན་བསོད་སྙོམས་མཛད་ཅིང་བཞུགས་སོ། །ཞེས་སྨྲས་སོ། །དེ་པཎྜི་ཏ་རྣམས་ཀྱིས་སྙན་ཁུང་ནས་སྙན་ཁུང་བརྒྱུད་དེ་རྒྱལ་པོས་ཀྱང་ཐོས་ཏེ་རྒྱལ་པོ་དད་དེ་སྐྱེས་བུ་དམ་པ་དེ་བསོད་སྙོམས་མཛད་པ་འོ་བརྒྱལ་བས་ཆོས་གནས་བྱའོ། །ཞེས་ཟེར་ནས་ཤིང་རྟ་ལ་སྤྱན་དྲངས་ཏེ། པཎྜི་ཏ་ཆེན་པོ་ཐམས་ཅད་དང༌། རྒྱལ་པོས་ཆོས་ཀྱི་གནས་བརྟན་ཆེན་པོར་མངའ་གསོལ། དེ་ནས་རྒྱལ་པོའི་ཡོན་སྦྱངས་པའི་ཆེད་དུ་རྒྱུད་བརྒྱ་རྩ་བརྒྱད་ཀྱི་འགྲེལ་པ་མཛད་པར་ཞལ་གྱིས་བཞེས་ཏེ་པཎྜི་ཏ་ས་ཐོབ་པ་རྣམས་ཀྱི་གནས་སུ་དེ་ཉིད་སྣང་བ་ལ་སོགས་པའི་འགྲེལ་པ་མཛད་དེ། ཨོཾ་ཛ་ཡ་ན་གཙུག་གི་ནོར་བུ། འཇིག་རྟེན་གསུམ་པོ་དགའ་བྱེད་པའི། །བྱང་ཆུབ་སེམས་དཔའི་ཚོགས་གནས་པ། །དཔལ་ལྡན་གཙུག་ལག་ཁང་ཆེན་དུ། །རྒྱུད་ཀྱི་འགྲེལ་པ་དེ་ཉིད་ནི། །སྣང་བྱེད་དགེ་བ་འདི་བཤད་པས། །[5]ཞེས་སོགས་གསུངས་སོ། །ཕྱིས་རྒྱུད་བརྒྱ་རྩ་བརྒྱད་མ་རྙེད་ནས། དཔལ་མཆོག་ལ་སོགས་པ་ལ་འགྲེལ་པ་གཉིས་མཛད་སྐད་དོ།།
དེ་ལྟ་བུའི་སྐྱེས་བུ་དམ་པ་དེས་སྒྲུབ་པ་ཁོ་ནར་བརྩོན་པས་དངོས་གྲུབ་ཐོབ་སྟེ། རྡོ་རྗེ་འཆང་གི་ཞལ་གཟིགས་ཞེས་རྒྱ་གར་ཤར་ཕྱོགས་པ་གསུངས། གཞན་ཁ་ཆེ་ནས་བྱུང་བའི་གཏམ་རྒྱུད་དང་ཕྱོགས་མཐུན་པར་སྣང༌། གཞན་ཡང་ཇོ་བོ་ཨ་ན་རེ། ཀུན་སྙིང་སྒྲུབ་པ་ཐོབ་པ་ཡིན་ཏེ། གཞན་གྱིས་མིང་མ་ཐོས་པའི་རྒྱུད་མང་པོའི་ཁུངས་བསྟན་བཅོས་ན་འདུག་ཅེས་གསུངས། དེ་ལ་སོགས་པའི་ཆེ་བའི་ཡོན་ཏན་དུ་མ་དང་ལྡན་པའི་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པའི་དཀྱིལ་འཁོར་གྱི་ཆོ་ག་དང༌། འགྲེལ་པ་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་ཀྱི་ཆོས་འདི་རྣམས་རྒྱ་གར་དང༌། ཁ་ཆེ་ལ་སོགས་པར་དར་བར་གྱུར་ནས། བོད་དུ་ཕྱིས་བསྒྱུར་དུས་སུ་སྟོད་དུ་མངའ་བདག་བཀྲ་ཤིས་མགོན་ལ་སྲས་གཉིས་བལྟམས། འཁོར་རེ་དང་སྲོང་ངེ་སྟེ། མཆེད་གཉིས་ཞེས་གྲགས་སོ། །གཅེན་གྱིས་ཡབ་མེས་ཀྱི་ཐང་ཡིག་གཟིགས་པས་དམ་པའི་ཆོས་ལ་དཀའ་བ་དུ་མ་མཛད་པ་གཟིགས་པས་ཐུགས་དབྱུང་ནས་རྟེན་གྱི་དྲུང་དུ་རབ་ཏུ་བྱུང་སྟེ། མཚན་ཡེ་ཤེས་འོད་དུ་བཏགས། ཁོང་གིས་རྗེའུ་རིགས་ཀྱི་བུ་ཚ་མང་པོ་བསགས་ཏེ་གྲིབ་ཚོད་དང་དབྱུག་དགུའི་ཚོད་བཙུགས་ཏེ་འཛིན་དུ་བློ་སུ་རྣོ་བ་དང༌། དོན་ལ་སུ་དཔྱོད་མཁས་པ་བརྟགས་ཏེ། བློ་འོག་མ་རྣམས་བོར། བློ་རབ་ཀྱི་ཡང་རབ་ཏུ་གྱུར་པའི་བྱིས་པ་ལོ་བཅུ་ལས་མི་རྒན་པ་བདུན་རིན་གྱིས་བླུས་ཏེ། བློ་རྣོ་བའི་ཆོ་ག་བྱས། དེ་ལ་གཡོག་པོ་བདུན། འགོ་འདོན་གཉེར་བ་བདུན་བཅས་ཏེ་ཉི་ཤུ་རྩ་གཅིག་ལ་གསེར་མང་དུ་བསྐུར་ནས་ཁ་ཆེར་བརྫངས་ཏེ། ཁྱོད་རྣམས་ཀྱིས་དེ་ཉིད་འདུས་པ་ལ་སློབ་དཔོན་ཀུན་དགའ་སྙིང་པོས་བྱས་པའི་འགྲེལ་པ་ཡོད་ཟེར་བས་ཚོལ་ཅིག །དེ་ལ་པཎྜི་ཏ་དྷརྨ་པཱ་ལ་བྱ་བ་ཡོད་ཟེར་བས་འཚོལ་ལ་སྤྱན་འདྲོངས་ན་གསེར་ལ་མ་ལྟ་ཅིག །སོགས་གསུངས་ཏེ་མངགས་ནས་བརྫངས་པ་ལས་རིན་ཆེན་བཟང་པོ་དང༌། ལོ་ཆུང་ལེགས་པའི་ཤེས་རབ་གཉིས་མ་གཏོགས་གཞན་བཅུ་དགུ་ཚ་བས་གུམ། ཁོང་གཉིས་ཀྱིས་གསང་འདུས་ཀྱི་ཆོས་སྐོར་རྣམས་དང༌། དེ་ཉིད་འདུས་པ། དེའི་དཀའ་འགྲེལ། རྡོ་རྗེ་འབྱུང་བ་སོགས་འདུས་པ་རྣམ་གཉིས་ཀྱི་ཆོས་སྐོར་མང་དུ་བསྒྱུར་བ་ཡིན་ནོ།།
ངོ་མཚར་བའི་ལོ་རྒྱུས་དེ་ལྡན་གྱི་སློབ་དཔོན་དེ་དག་དུས་རབས་ནི་ཀུན་མཁྱེན་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་ལས[6]། རྒྱལ་པོ་དེ་ཝ་པཱ་ལ་མན་ཆད་ལ་བྱུང་། ཞེས་དང༌། ཡང་དེ་ལས[7]། རྒྱལ་པོ་མ་ཧེ་པཱ་ལས་སྲིད་ལོ་ལྔ་བཅུ་རྩ་གཉིས་མཛད། རགས་རྩིས་སུ་བྱས་ན་རྒྱལ་པོ་འདི་འདས་ཙམ་ན། བོད་ན་བཙན་པོ་ཁྲི་རལ་ཡང་སྐུ་འདས་པ་ཙམ་གྱི་དུས་ཡིན་ནོ། །རྒྱལ་པོ་དེའི་རིང་ལ་སློབ་དཔོན་ཀུན་དགའ་སྙིང་པོ་དང༌། ཀུན་རྫོབ་དང་དོན་དམ་བྱང་སེམས་ཀྱི་སྒོམ་རིམ་མཛད་མཁན་རྟ་དབྱངས་ཞེས་བྱ་བ་དབུ་མ་ཐལ་འགྱུར་པ་ཞིག་དང༌། སློབ་དཔོན་གཞན་ལ་ཕན་པ་དང་། སློབ་དཔོན་ཟླ་བ་པདྨ་ལ་སོགས་པ་བྱུང་ཞེས་པ་ལྟར་ན། ཕྱི་ལོ་བརྒྱ་ཕྲག་དགུ་པའི་སྨད་དང་བཅུ་པའི་ནང་བཞུགས་པར་མངོན་ནོ། །ཞེས་གསལ་བ་ལྟར་རོ།།
ནཱ་ལེནྡྲའི་པཎ་གྲུབ་ཡིན་པ་ནི། སློབ་དཔོན་རང་ཉིད་ཀྱིས་མཛད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བའི་རྒྱུད་ཀྱི་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པའི་མཛད་བྱང་ལས[8]།
བྱང་ཆུབ་སེམས་དཔའི་ཚོགས་གནས་པ། །དཔལ་ལྡན་གཙུག་ལག་ཁང་ཆེན་དུ། །
རྒྱུད་ཀྱི་འགྲེལ་པ་དེ་ཉིད་ནི། །སྣང་བྱེད་དགེ་བ་འདི་བཤད་པས། །
ཞེས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་མཛད་པར་གསུངས་པ་ལྟར། ལེགས་བཤད་ཀྱི་བསྟན་བཅོས་མང་པོ་ཞིག་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་མཛད་པ་གཤམ་གྱི་མཛད་བྱང་ལས་ཀྱང་མཁྱེན་པར་འགྱུར་ལ། སློབ་དཔོན་འདིས་རྒྱུད་བརྒྱ་རྩ་བརྒྱད་ཀྱི་འགྲེལ་པ་མཛད་པར་རྒྱ་གར་དང་། ཁ་ཆེ་ལ་སོགས་པར་དར་བར་གྱུར། ཕྱིས་སུ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྒྱ་གར་དུ་རིག་གནས་བསླབ་པར་བརྫངས་པའི་ལོ་ཆེན་རིན་ཆེན་བཟང་པོ་དང་། ལོ་ཆུང་ལེགས་པའི་ཤེས་རབ་གཉིས་ཀྱིས་གསང་འདུས་ཀྱི་ཆོས་སྐོར་སྒྱུར་སྐབས་སློབ་དཔོན་འདིའི་དེ་ཉིད་འདུས་པའི་དཀའ་འགྲེལ་སོགས་ཀྱང་བོད་དུ་བསྒྱུར་བར་མཛད་དོ།།
གཞན་ཡང་སློབ་དཔོན་ཀུན་དགའ་སྙིང་པོའི་བསྟན་བཅོས་ལ་མཚོན་ན། ༡༽ རྒྱུད་ལ་པ་ལ། རྟོག་པ་ཐམས་ཅད་འདུས་པ་ཞེས་བྱ་བ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་གི་རྒྱུད་ཕྱི་མའི་ཕྱི་མ་རྣམ་པར་བཤད་པ། ཤླཽ་ཀ་དྲུག་སྟོང་ལྔ་བརྒྱ་བདུན་ཅུ་པ། ༢༽ ཤྲཱི་ནཱ་ལེནྡྲ་ན་བཞུགས་པ་རྡོ་རྗེ་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ། སྨྲི་ཏི་ཛྙཱ་ན་ཀཱིརྟིའི་རང་འགྱུར། འདི་མཉམ་སྦྱོར་གྱི་རྒྱུད་ཕྱི་མ་ཕྱི་མའི་འགྲེལ་པར་སྣང་གི་རྩ་རྒྱུད་ཀྱི་འགྲེལ་པ་མིན་པར་སྣང་ངོ༌།།
༣༽ རྒྱུད་བི་པ་ལ། དཔལ་གསང་བ་འདུས་པའི་དཀའ་འགྲེལ། སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་བི་ཛ་ཡ་ཤྲཱི་དྷ་ར་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར་ལ། སླད་ནས་ཨཱ་ཙཱརྱ་ཤྲདྡྷཱ་ཀ་ར་ཝརྨ་[9]ཞུས་ཏེ་གཏན་ལ་ཕབ་པ། འདི་འགྲེལ་པ་མཁན་པོས་རྣལ་འབྱོར་གྱི་རྒྱུད་དུ་བཀྲལ་ནས་སྣང་ན་ཡང་། རྒྱུད་ཀྱི་ངོ་བོ་རྣལ་འབྱོར་ཆེན་པོའི་རྒྱུད་ཡིན་པས་སྐབས་འདིར་བྲིས་སོ། །ཞེས་པ་རྣམས་ཀུན་མཁྱེན་པས་གསུངས་སོ། །དེ་ལྟར་སློབ་དཔོན་ཀུན་དགའ་སྙིང་པོའི་ལུགས་ཀྱི་ཆོས་སྐོར་གཅིག་གོ།
༤༽ རྒྱུད་ལི་ཤི་གཉིས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བའི་རྒྱུད་ཀྱི་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ་ཞེས་བྱ་བ། ཤླཽ་ཀ་སྟོང་ཕྲག་བཅོ་བརྒྱད་པ། སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོས་མཛད་པ། དུམ་བུ་དང་པོ་ཡན་ཆད་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར་བ། མན་ཆད་རྒྱ་གར་གྱི་མཁས་པ་པཎྜི་ཏ་ཐུགས་རྗེ་ཆེན་པོ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་འཕགས་པ་ཤེས་རབ་ཀྱི་འགྱུར་བ་བཞུགས་སོ།།
༥༽ རྒྱུད་སི་ཧི་ཨི་གསུམ་ལ། ཆ་མཐུན་གྱི་རྒྱུད་དཔལ་མཆོག་དང་པོ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུའི་འགྲེལ་པ། སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། ༦༽ དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་དུམ་བུ་དང་པོའི་ཕྱག་རྒྱ་བཤད་པ་ཞེས་བྱ་བ། ཤླཽ་ཀ་སྟོང་ཕྲག་ཉི་ཤུ་རྩ་བཞི་པ། སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ། པཎྜི་ཏ་ཤྲདྡྷཱ་ཀ་ར་ཝརྨ་དང༌། ཀ་མ་ལ་གུཔྟ་དང༌། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། ༧༽ རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བའི་རྒྱ་ཆེར་བཤད་པ། སློབ་དཔོན་མཁས་པ་ཆེན་པོ་ཀུན་དགའ་སྙིང་པོས་མཛད་པ། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར།
༨༽ རྒྱུད་ཀུ་པ་ལ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཆོ་ག་རྡོ་རྗེ་ཐམས་ཅད་འབྱུང་བ་ཞེས་བྱ་བ། སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་བུདྡྷ་ཤྲཱི་ཤཱནྟི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། ༩༽ རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་སུ་བུདྡྷ་ཤྲཱི་ཤཱནྟི་དང༌། ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པ། ༡༠༽ ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་གྱི་ཆོ་ག་འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས་བཏུས་པ། སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོས་མཛད་པ། གཞུང་ཚད་ཤླཽ་ཀ་སྟོང་ཉིས་བརྒྱ་ཉི་ཤུ་རྩ་ལྔ་པ། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ༡༡༽ དཔལ་མཆོག་དང་པོའི་དཀྱིལ་འཁོར་གྱི་ཆོ་ག །སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོས་མཛད་པ། ༡༢༽ སྤྱན་དབྱེ་བའི་ཆོ་ག །སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོས་མཛད་པ་ཆུང་བ། པཎྜི་ཏ་ཤྲདྡྷཱ་ཀ་ར་ཝརྨ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ༡༣༽ སྤྱན་དབྱེ་བའི་ཆོ་ག །སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ་ཆེ་༼མ་བྱུང༌།༽བ། པཎྜི་ཏ་ཤྲདྡྷཱ་ཀ་ར་ཝརྨ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ཆེ་བ་འདི་ཐེ་ཚོམ་གྱི་གཞི་གཅིག་སྣང་སྟེ་བླ་མ་རྣམས་ཡང་དག་ཏུ་བཞེད་ཀྱིན་སྣང་བས་བྲིས་སོ། །༡༤༽ རབ་ཏུ་གནས་པའི་ཆོ་ག །སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀ་ར་ཝརྨ་དང༌། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར།
༡༥༽ རྒྱུད་ཆུ་པ་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་རྣམ་པར་བཤད་པ་མཛེས་པའི་རྒྱན་ཞེས་བྱ་བ། སློབ་དཔོན་ཆེན་པོ་རྡོ་རྗེ་གོ་ཆའི་སློབ་མ་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་ཟེར་བ་དང་། ༡༦༽ ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པ་སྣང་བའི་རྒྱན་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་སུ་བིཇཧྲ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དབང་ཕྱུག་རྒྱལ་མཚན་གྱི་འགྱུར་ཟེར་བ་གཉིས་བཞུགས་སོ། །འདི་ལ་ཀུན་མཁྱེན་བུས་སྦྱོང་རྒྱུད་ཀྱི་བཤད་པ་བྱེད་ལུགས་ཅུང་འདི་ཉིད་ལེགས་པར་གསུངས་པ་དང༌། ངོར་པ་རྡོ་རྗེ་འཆང་ཡབ་སྲས་ཀྱིས་འཁྱིན་ལོ་ཙཱ་བ་དགེ་ཚུལ་ཁྱུང་གྲགས་ཀྱིས་བྱས་ནས་ཀུན་དགའ་སྙིང་པོ་ལ་ཁ་འཕངས་པའི་བོད་མར་བཞེད་དོ། །འོན་ཏེ་སྔོན་གྱི་རྣམས་ཀྱིས་ཁུངས་མར་བཟུང་སྟེ་བཅུག་པ་ལྟར་འདིར་བྲིས་སོ།།
༡༧༽ རྒྱུད་ཇུ་པ་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་བྱ་བའི་བརྟག་པའི་བཤད་པ་ཞེས་ཀྱང་བྱ། གསལ་བའི་སྒྲོན་མ་ཞེས་ཀྱང་བྱ་བ། སློབ་དཔོན་ཀུན་དགའ་སྙིང་པོས་མཛད་ཟེར་བ། རྒྱ་གར་གྱི་མཁན་པོ་ཀུ་མ་ར་ཀ་ལ་ཤ་དང༌། བོད་ཀྱི་ལོ་ཙཱ་བ་ཁྱུང་པོ་ཆོས་བརྩོན་གྱི་འགྱུར། ༡༨༽ ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་ཆེན་པོའི་སྒྲུབ་ཐབས། སློབ་དཔོན་ཀུན་དགའ་སྙིང་པོས་མཛད་ཟེར་བ་གཙུག་དགུའི་གཞུང་དང་ཆ་འདྲ་བ། རྒྱ་གར་གྱི་མཁན་པོ་སྨྲི་ཏི་ཛྙཱ་ན་ཀཱིརྟིའི་རང་འགྱུར་ཟེར། དཔེ་ལ་ལ་ན་པཎྜི་ཏ་སུ་བྷཱུ་ཏི་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར་ཟེར་བ་སྣང་ངོ༌། །༡༩༽ དཔལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་ཆོ་ག་ཐུགས་རྗེ་ཕྲེང་བ་ཞེས་བྱ་བ། རྡོ་རྗེ་གོ་ཆའི་སློབ་མ་རྡོ་རྗེ་སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོས་མཛད་ཟེར་བ། རྒྱ་གར་གྱི་མཁན་པོ་ཀི་རེ་ཎ་ཀ་ར་ཝརྨ་དང༌། ལོ་ཙཱ་བ་དགེ་ཚུལ་ཁྱུང་གྲགས་ཀྱི་འགྱུར། འདི་གཉིས་སྔ་མ་ཅུང་དྲག་པར་སྣང་ངོ༌། །༢༠༽ དཔལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རོའི་སྦྱིན་སྲེག་གི་ཆོ་ག །སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོས་མཛད་ཟེར་བ། རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝརྨ་དང༌། དགེ་སློང་རིན་ཆེན་བཟང་པོའི་འགྱུར། ༢༡༽ ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་ཤི་བའི་སྦྱིན་སྲེག་གི་ཆོ་གའི་ལས་ཀྱི་རིམ་པ་མདོ་དང་བསྲེས་ནས་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ། རྒྱ་གར་གྱི་མཁནཔོ་ཤྲདྡྷཱ་ཀ་ར་ཝརྨ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། ༢༢༽ གཙུག་ཏོར་དགུའི་རྒྱུད་ལ་བརྟེན་པའི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་བུདྡྷ་ཤྲཱི་ཤཱནྟི་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། འདི་རྩོད་མེད་ཡང་དག་པ་ཡིན་ནོ། །༢༣༽ ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཀྱི་འགྲེལ་པ་ཡན་ཆད་རྫོགས་པའི་འཕྲོ་གཅིག་སློབ་དཔོན་ཀུན་སྙིང་གིས་མཛད་ཟེར་བ། འདི་བོད་མ་འདྲ་བ་ཞིག་འདུག་སྟེ་སྔར་གྱི་རྣམས་ཀྱིས་ཀྱང་བྲིས་འདུག་པས་བྲིས་སོ། །༢༤༽ མདོ་རྒྱས་འབྲིང་གི་གླེང་གཞིའི་སངས་རྒྱས་བྱང་སེམས་རྣལ་འབྱོར་རྒྱུད་དུ་དགོངས་པ་བཀྲལ་ཏེ་དཀྱིལ་འཁོར་ལ་བཀོད་ནས་སྟོན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོས་མཛད་པ། ༢༥༽ རྒྱུད་མུ་པ་ལ། ཡང་ལྷ་མོ་འོད་ཟེར་ཅན་གྱི་སྒྲུབ་ཐབས། སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར་སོགས་བསྟན་བཅོས་མང་དུ་བཞུགས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཚུ༽ དེབ་ཨང་ ༤༡ པ། ༢༠༠༨ ལོ། ཤོག་གྲངས་ ༩༣༨
[2] བཀའ་འགྱུར་དཔེ་བསྡུར་མ། རྒྱུད་འབུམ། ༼ན༽ དེབ་ཨང་ ༨༨ པ། ༢༠༠༩ ལོ། ཤོག་གྲངས་ ༩༡༨
[3] རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ། བོད་ཀྱི་དཔེ་མཛོད་ཁང་། ༡༩༧༣ ལོ། ཤོག་ ༥༧༢
[4] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཀུ༽ དེབ་ཨང་། ༣༡ པ། ༢༠༠༨ ལོ། ཤོག་གྲངས་ ༡༠༧༡
[5] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཤི༽ དེབ་ཨང་། ༢༩ པ། ༢༠༠༨ ལོ། ཤོག་གྲངས་ ༡༦༨༩
[6] ཏཱ་ར་ནཱ་ཐའི་གསང་བའི་རྣམ་ཐར་མདོར་བསྡུས། ༼༣༣༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་ ༢༡༩
[7] ཏཱ་ར་ནཱ་ཐའི་གསང་བའི་རྣམ་ཐར་མདོར་བསྡུས། ༼༣༣༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་ ༢༡༦
[8] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཤི༽ དེབ་ཨང་། ༢༩ པ། ༢༠༠༨ ལོ། ཤོག་གྲངས་ ༡༦༨༩
[9] ཤྲདྡྷཱ་ཀ་ར་ཝརྨ། བོད་སྐད་དུ་བསྒྱུར་ན་དད་བྱེད་གོ་ཆ་སྟེ། བཀའ་བསྟན་བོད་འགྱུར་གྱི་པཎྜི་ཏ་གྲགས་ཅན་ཞིག་ཡིན།
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༠༦ ནས་ ༤༡༥ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།