བཞི་པ། གཞུང་ཆེན་བཀའ་པོད་ལྔ་དང་པཎ་གྲུབ་བཅུ་བདུན། ཀ༽ རིག་པའི་གནས་ལྔ་དང་བཀའ་པོད་ལྔ། ཁ༽ གཞུང་ཆེན་བཀའ་པོད་ལྔ་བྱུང་ཚུལ།

བཞི་པ། གཞུང་ཆེན་བཀའ་པོད་ལྔ་དང་པཎ་གྲུབ་བཅུ་བདུན།

༡༽ མཆོད་པར་བརྗོད་པ།

 

དབུ་མའི་རྒྱན་གྱུར་ཀླུ་སྒྲུབ་འཕགས་པ་ལྷ། །

སངས་རྒྱས་བསྐྱངས་དང་ལེགས་ལྡན་ཟླ་བ་གྲགས། །

ཞི་ལྷ་ཞི་འཚོ་པདྨའི་ངང་ཚུལ་ཞབས། །

ཟབ་མོ་ལྟ་བརྒྱུད་པཎ་གྲུབ་རྣམས་ལ་བསྟོད། །

མངོན་པའི་རྒྱན་གྱུར་ཐོགས་མེད་དབྱིག་གཉེན་དང་། །

ཚད་མའི་རྒྱན་གྱུར་ཕྱོགས་གླང་ཆོས་གྲགས་ཞབས། །

ཕར་ཕྱིན་རྒྱན་གྱུར་འཕགས་གྲོལ་སེང་གེ་བཟང་། །

འདུལ་བའི་རྒྱན་གྱུར་ཡོན་ཤཱཀ་རྣམས་ལ་འདུད། །

ཟབ་རྒྱས་གདམས་པའི་ཆུ་བོ་གཅིག་འདྲེས་སུ། །

མངའ་བ་དཔལ་ལྡན་མར་མེ་མཛད་དཔལ་བཅས། །

ནཱ་ལེནྡྲ་ཡི་མཁས་གྲུབ་ཉི་ཟླ་ལྟའི། །

རྒྱན་གྱུར་པཎ་གྲུབ་བཅུ་བདུན་རྣམས་ལ་བསྟོད། །

ཅེས་བསྟོད་ཕྱག་སྔོན་དུ་བཏང་སྟེ། གཞུང་ཆེན་བཀའ་པོད་ལྔ་དང་། དེ་དག་གི་མཛད་པ་པོ་པཎ་གྲུབ་སྙན་གྲགས་ཅན་རྣམས་ངོ་སྤྲོད་ཞུ་བ་ལ།

 

ཀ༽ རིག་པའི་གནས་ལྔ་དང་བཀའ་པོད་ལྔ།

 

དེ་ཡང་རིག་པའི་གནས་ལྔ་ནི། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་ (1697-1774) གྱིས་མཛད་པའི་གསང་བ་བསྟན་པའི་སྣང་བྱེད་མཆོག་གི་སྤྲུལ་སྐུ་ངག་དབང་འཕྲིན་ལས་དཔལ་བཟང་པོར་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་གསོལ་བི་རྟ་ལས[1]།

ཐམས་ཅད་མཁྱེན་པའི་གོ་སར་འཇུག་པའི་སྒོ། །

བཟོ་གསོ་སྒྲ་ཚད་རིག་པ་ཡན་ལག་བཅས། །

སྡེ་སྣོད་རྒྱུད་སྡེའི་དགོངས་དོན་མཁྱེན་པའི་རབ། །

འཇམ་དཔལ་སྙིང་དབུས་ཞུགས་སམ་ཉིད་དུ་གྱུར། །

ཞེས་གསུངས་པ་ལྟར་རིག་གནས་ཆེ་བ་ལྔ་ནི། བཟོ་རིག་པ་དང་། གསོ་བ་རིག་པ། སྒྲ་རིག་པ། ཚད་མ་རིག་པ། ནང་དོན་རིག་པ་དང་ལྔ་ལ་ཟེར་ཞིང་། དེ་ཡང་གདུལ་བྱ་རྗེས་སུ་འཛིན་པ་ལ་བཟོ་དང་གསོ་བ་གཉིས་དགོས། ཕྱི་རྒོལ་ཚར་གཅོད་པ་ལ་སྒྲ་དང་ཚད་མ་རིག་པ་གཉིས་ཤེས་དགོས། བདག་ཉིད་རིག་པའི་གནས་ལ་མཁས་པར་བྱེད་པ་ལ་ཐུན་མོང་བའི་རིག་གནས་བཟོ་གསོ་སྒྲ་ཚད་བཞི་ག་དགོས་ལ། གྲོལ་བ་ཐོབ་པ་ལ་ཐུན་མོང་མ་ཡིན་པའི་ནང་དོན་རིག་པ་དགོས་པའི་ཕྱིར་ཏེ། རྗེ་བཙུན་བྱམས་པ་མགོན་པོས་ (270-350) མཛད་པའི་མདོ་སྡེ་རྒྱན་ལས[2]།

རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །

འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །

དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་གཟུང་དང་། །

བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ། །

ཞེས་རིག་པའི་གནས་ལྔ་སྤྱི་དང་། བྱེ་བྲག་ནང་དོན་རིག་པར་བློ་དང་ལྡན་པ་ཀུན་གྱིས་ཐོས་བསམ་སློབ་གཉེར་བྱེད་དགོས་པར་གསུངས་ཤིང་། དེ་ལྟར་རྒྱལ་བའི་བཀའ་དང་། ཚད་ལྡན་གྱི་བསྟན་བཅོས་[3]དུ་མ་ལས་ཡོངས་སུ་བསྔགས་པའི་རིག་པའི་གནས་ལྔ་ནི། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ (1672-?) ཀྱིས་མཛད་པའི་གསོ་བ་རིག་པའི་ཆོས་འབྱུང་རྣམ་ཐར་རྒྱ་མཚོའི་རྦ་རླབས་དྲང་སྲོང་དགྱེས་པའི་འཛུམ་ཕྲེང་ལས[4]། རིག་གནས་ལྔ་ཡང་གར་འདུས་གང་ཞེ་ན། །ཚར་གཅོད་རིག་གནས་རྗེས་འཛིན་རིག་གནས་དང་། །ཀུན་མཁྱེན་རིག་གནས་དང་བཅས་རྣམ་པ་ལྔ། །དེ་ཡང་ཚིག་ལ་འཁྲུལ་བ་འགོག་པའི་ཕྱིར། །སྒྲ་ཡི་རིག་པས་བརྡ་གནས་སྤྲོད་པར་བྱེད། །དོན་འཁྲུལ་འགོག་ཕྱིར་གཏན་ཚིགས་རིག་པ་སྟེ། །དེ་གཉིས་ཚར་གཅོད་རིག་པ་ཞེས་སུ་གྲགས། །ལུས་ཅན་འཚོ་ཕྱིར་གསོ་རིག་སྨན་དཔྱད་དང་། །དོན་གཉིས་སྤེལ་ཕྱིར་བཟོ་ཚོགས་རིག་པ་སྟེ། །འདི་གཉིས་རྗེས་སུ་འཛིན་པའི་རིག་པར་བཤད། །ཚེ་གཅིག་ཀུན་མཁྱེན་རྫོགས་སངས་རྒྱས་འགྲུབ་ཕྱིར། །ཟབ་མོ་ཏིང་འཛིན་བསྒོམ་པ་ནང་རིག་པ། །དེ་ཡང་མཁས་པ་ཆེན་པོ་ཤེས་རིན་པས། །དོན་གཉེར་རྗེས་འཛིན་བཟོ་དང་གསོ་བའི་དཔྱད། །ལོག་སྨྲ་ཚར་གཅོད་སྒྲ་དང་གཏན་ཚིགས་ཏེ། །ཕྱི་རོལ་རིག་གནས་བཞི་དང་ནང་གི་དོན། །ཐུན་མོང་མིན་པའི་མདོ་སྔགས་འདི་རིགས་བྱ། །ལྔ་པོ་རེ་རེའང་གསུམ་གསུམ་ཉིད་དུ་གནས། །བཟོ་ནི་ལུས་དང་ངག་དང་ཡིད་བཟོ་འོ། །གསོ་བ་གསོ་བྱ་གསོ་ཐབས་གསོ་བ་པོ། །སྒྲ་ནི་རང་བཞིན་རྐྱེན་དང་རྣམ་འགྱུར་ཏེ། གཏན་ཚིགས་མངོན་གྱུར་ལྐོག་གྱུར་ཤིན་ལྐོག་འཇལ། །ནང་རིག་ཐེག་པ་གསུམ་དུ་གྲགས་ཤིང་གྲུབ། །ཅེས་གསུངས་ཡན་ལག་རིག་པའི་གནས་ལྔ་ཡང་། །སྒྲ་དང་སྙན་ངག་སྡེབ་སྦྱོར་མངོན་བརྗོད་དང་། །ཟློས་གར་རྣམས་ལ་རིག་གནས་ཆུང་བའམ། །ཐ་སྙད་རིག་གནས་ལྔ་རུ་གྲགས་པ་ཡིན། །ཞེས་གསུངས་པ་ལྟར། ལོག་སྨྲ་ཚར་གཅོད་པར་བྱེད་པ་སྒྲ་དང་ཚད་མ། གཞན་རྗེས་སུ་འཛིན་པར་བྱེད་པ་བཟོ་དང་གསོ་བ། རང་ཉིད་ཤེས་བྱ་ཀུན་གྱི་དེ་ཁོ་ན་ཉིད་ཀྱི་གནས་ལུགས་ཤེས་པར་བྱེད་པ་ནང་དོན་རིག་པ་སྟེ། རིག་གནས་ཆེ་བ་ལྔ་ཡིན་པ་ནི། དགའ་ལྡན་ལྷ་བརྒྱ་མ་འདོད་གསོལ་སྨོན་ལམ་དང་བཅས་པ་ལས[5]།

ལོག་སྨྲ་ཚར་གཅོད་སྒྲ་དང་ཚད་མ་དང་། །

སྐལ་ལྡན་རྗེས་འཛིན་བཟོ་གསོ་སྙན་ངག་སོགས། །

མ་ལུས་མཁས་པའི་དགའ་སྟོན་རིག་གནས་ཀུན། །

ཇི་བཞིན་སྨྲ་ལ་འཇམ་དབྱངས་ལྟ་བུར་ཤོག །

ཅེས་གསུངས་པ་ལྟར། རིག་གནས་ཆེ་བ་ལྔ་པོ་དེ་དག་ཀྱང་ཚར་བཅད་དང་། རྗེས་འཛིན། ཀུན་མཁྱེན་གྱི་རིག་གནས་གསུམ་དུ་འདུ་བ་སྟེ། དེ་ཡང་སྒྲ་དང་ཚད་མས་ཚིག་དོན་གཉིས་ཀའི་འཁྲུལ་བ་ཚར་གཅོད་ནུས་ཤིང་། བཟོ་དང་གསོ་བས་གདུལ་བྱ་སྤྱི་དང་བྱེ་བྲག་རྗེས་སུ་འཛིན་ནུས་པ། ནང་དོན་རིག་པས་རང་ཉིད་ཀུན་མཁྱེན་གྱི་ལམ་འཐོབ་པར་ནུས་ལ། ལྷག་པར་ནང་དོན་རིག་པ་ནི།

ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི། །

ལུང་དང་རྟོགས་པའི་དམ་ཆོས་མ་ལུས་པ། །

རྒྱལ་བའི་དགོངས་པ་ཇི་བཞིན་ལེགས་བཟུང་སྟེ། །

གང་འཚམ་ཐབས་ཀྱིས་འགྲོ་བ་ཡོངས་སུ་སྒྲོལ། །[6]

ཞེས་གསུངས་པ་ལྟར་ནང་དོན་རིག་པར་མདོ་ཕྱོགས་ལ་སྡེ་སྣོད་གསུམ་དང་། སྔགས་ཕྱོགས་ལ་རྒྱུད་སྡེ་བཞིས་བསྡུས་པའི་ཟབ་རྒྱས་ཀྱི་གདམས་པ་རྣམས་ཇི་ལྟར་སྒྲུབ་པའི་ཚུལ་ནི། འཇམ་དབྱངས་ས་པཎ་ཀུན་དགའ་རྒྱལ་མཚན་ (1182-1251) ཞབས་ཀྱིས་མཛད་པའི་ཐུབ་པ་དགོངས་གསལ་ལས[7]། གསུམ་པ་ཆོས་བཞིན་དུ་བསྒྲུབ་པ་ལ་གཉིས་ཏེ། སྤྱིར་སྡེ་སྣོད་དང་མཐུན་པར་བྱ་བ་དང༌། བྱེ་བྲག་ཏུ་འཕྲལ་གྱི་སྤྱོད་པ་ཇི་ལྟར་བསྒྲུབ་པའོ། །དང་པོ་ནི་སྤྱོད་པ་འདུལ་བ་དང་མཐུན། སྒོམ་པ་མདོ་སྡེ་དང་མཐུན། བཤད་པ་མངོན་པ་དང་མཐུན། གསང་སྔགས་རྒྱུད་སྡེ་དང་མཐུན་པ་ཞིག་དགོས། ཞེས་གསུངས་པ་ལྟར་སྦྱང་བྱའི་ནང་དོན་རིག་པའི་གཞུང་ལ་མདོ་སྔགས་གཉིས་སུ་དབྱེ་སྲོལ་ཡོད་ལ། དེ་ལྟར་མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་སྒོམ་གསུམ་བྱ་བའི་རིམ་པ་ཡང་། གངས་ཅན་མཁས་པའི་གཙུག་རྒྱན་རྗེ་བཙུན་ཙོང་ཁ་པ་ (1357-1419) ཆེན་པོས་མཛད་པའི་རྟོགས་བརྗོད་མདུན་ལེགས་མ་ལས[8]།

དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ། །

བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །

ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །

ཀུན་ཀྱང་བསྟན་པ་རྒྱས་པའི་རྒྱུ་རུ་བསྔོས། །

ཞེས་གསུངས་པའི་གོ་རིམ་བཞིན་བྱེད་དགོས་པས། ཐོག་མར་མདོ་ཕྱོགས་ལ་ཐོས་བསམ་སློབ་གཉེར་བྱ་ཡུལ་གྱི་གཞུང་ཆེན་པོ་ཏི་ལྔ་ཞེས་ཡོངས་སུ་གྲགས་པ་ནི། ཚད་མ་དང་། ཕར་ཕྱིན། དབུ་མ། འདུལ་བ། མཛོད་བཅས་ཡིན་ལ། དེ་ལྟའི་གཞུང་ཆེན་བཀའ་པོད་ལྔ་ནི། ནང་པ་སངས་རྒྱས་པའི་གྲུབ་མཐའ་རྣམ་བཞིའི་གཞུང་ལུགས་ཆ་ཚང་ལ་སློབ་གཉེར་བྱེད་པའི་གཞུང་ལུགས་ཤ་སྟག་སྟེ། ནང་རིག་པའི་ཚིག་མཛོད་ལས[9]། བཀའ་པོད་ལྔ། དབུ་མ་དང་། ཕར་ཕྱིན། འདུལ་བ། མངོན་མཛོད། ཚད་མ་རྣམ་འགྲེལ་བཅས་མདོ་ཕྱོགས་ཀྱི་གཞུང་གཙོ་བོ་ལྔ། དེ་ཡང་། མུ་སྟེགས་པ་དང་ནང་པ་སངས་རྒྱས་ཆོས་ལུགས་ཀྱི་ལྟ་བའི་ཁྱད་པར་དང་། འཐབ་རྩོད་ཀྱི་གནས་ཚུལ་ཤེས་པའི་ཆེད་དུ་ཚད་མ་རྣམ་འགྲེལ་སློབ་སྦྱོང་དང་། དེ་རྗེས་ནང་པ་སངས་རྒྱས་པའི་ཐེག་པ་ཆེན་པོའི་སྤྱོད་ཚུལ་ཤེས་པའི་ཆེད་དུ་ཕར་ཕྱིན་སློབ་སྦྱོང་། དེ་རྗེས་ནང་པ་སངས་རྒྱས་པའི་ཐེག་པ་ཆེན་པོའི་ལྟ་བ་ཤེས་པའི་ཆེད་དུ་དབུ་མ་སློབ་སྦྱོང་། དེ་རྗེས་ཐེག་པ་ཆུང་ངུའི་སྤྱོད་པ་དང་ལྟ་སྤྱོད་ཤེས་པའི་ཆེད་དུ་འདུལ་བ་སློབ་སྦྱོང་བྱེད་དགོས་པ་བཅས་མཚན་ཉིད་གྲྭ་ས་ཆེན་པོའི་ནང་སློབ་སྦྱོང་བྱེད་པའི་གོ་རིམ་ཡིན་ནོ། །ཞེས་གསལ་བ་ལྟར་རོ།།  །།

 

ཁ༽ གཞུང་ཆེན་བཀའ་པོད་ལྔ་བྱུང་ཚུལ།

 

གཞུང་ཆེན་བཀའ་པོད་ལྔ་ཇི་ལྟར་བྱུང་བ་ནི། ལྟ་སྒོམ་སྤྱོད་གསུམ་མམ། བསླབ་པ་གསུམ་ཡ་མ་བྲལ་བར་ཉམས་སུ་ལེན་དགོས་པའི་གནད་ཀྱིས་ཡིན་པ་ནི། རྗེ་གུང་ཐང་བསྟན་པའི་སྒྲོན་མེས་ (1762-1823) མཛད་པའི་སློབ་གཉེར་བསླབ་བྱ་ལས[10]།

དབུ་ཚད་ཟུང་དུ་འཇུག་པའི་ལྟ་བ་དང་། །

ཆོས་མངོན་མཛོད་དང་ཕ་རོལ་ཕྱིན་པའི་སྒོམ། །

བསྟན་པའི་ནང་མཛོད་འདུལ་བའི་སྤྱོད་པ་རྣམས། །

མ་ཚང་བསླབ་གསུམ་ཡ་བྲལ་འགྱུར་བའི་ཕྱིར། །

བཀའ་པོད་ལྔ་ལ་ཚང་བར་སྦྱོངས་ཤིག་ཨང་། །

ཞེས་དང་། སུ་མ་ཏི་དྷརྨ་དྷ་རས་མཛད་པའི་བཀའ་པོད་ལྔའི་བཤད་སྒྲུབ་སོགས་ཆོས་སྲིད་དགེ་མཚན་སྤེལ་བའི་བྱིན་འབེབས་གསོལ་འདེབས་པདྨ་རཱ་གའི་དོ་ཤལ་ལས་[11]ཀྱང་།

དབུ་ཚད་ཟུང་དུ་འཇུག་པའི་ལྟ་བ་དང་། །

ཕ་རོལ་ཕྱིན་དང་མངོན་པ་མཛོད་ཀྱི་སྒོམ། །

བསྟན་པའི་ནང་མཛོད་འདུལ་བའི་ཀུན་སྤྱོད་དེ། །

ལྟ་སྒོམ་སྤྱོད་པ་བཟང་པོའི་ཕྱྭ་གཡང་སྩོལ། །

ཞེས་གསུངས་པ་ལྟར་དབུ་ཚད་མཛོད་གསུམ་གྱིས་ལྟ་བའམ་ཤེས་རབ་ཀྱི་བསླབ་པ་དང་། ཕར་ཕྱིན་གྱིས་སྒོམ་པའམ་ཏིང་ངེ་འཛིན་གྱི་བསླབ་པ། འདུལ་བས་སྤྱོད་པའམ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་བསྟན་པ་བཅས་སོ།།

དེ་བཞིན་དབལ་མང་པཎྜི་ཏ་དཀོན་མཆོག་རྒྱལ་མཚན་ (1764-1853) གྱིས་མཛད་པའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེན་ལས[12]། མཚན་ཉིད་ཀྱི་གྲྭ་ས་ཆེན་པོ་རྣམས་སུ་བཀའ་པོད་ཆེན་པོ་ལྔའི་འཆད་ཉན་གཙོ་བོར་བྱེད་པའི་རྒྱུ་མཚན་གང་ཡིན་ཞེ་ན་བཤད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པའི་བཀའ་ཐམས་ཅད་སྡེ་སྣོད་གསུམ་དུ་འདུ་ལ། བཀའ་པོད་ལྔ་ནི་སྡེ་སྣོད་གསུམ་གྱི་སྡོམ་ལྟ་བུ་ཡིན་པས་སོ། །དེ་ཡང་ཡིན་ཏེ་མདོ་རྩ་འདུལ་བའི་སྡོམ། དབུ་ཚད་མཛོད་གསུམ་མངོན་པའི་སྡོམ། ཕར་ཕྱིན་མདོ་སྡེའི་སྡོམ་ཡིན་ནོ། །ཡང་བཀའ་ཐམས་ཅད་ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་སུ་འདུ་ལ། ཐེག་ཆེན་གྱི་ལྟ་སྤྱོད་གཉིས་མཛོད་ཀྱིས་འཆད་ལ། འདུལ་བས་ནི་ཐེག་པ་ཆེ་ཆུང་ཐུན་མོང་གི་ཚུལ་ཁྲིམས་ཀྱི་རྣམ་གཞག་འཆད་པས་སོ།།

དེ་ཡང་སྡེ་སྣོད་ཀྱི་ངེས་ཚིག་ནི། བུ་སྟོན་ཐམས་ཅད་མཁྱེན་པས་ (1290-1364) མཛད་པའི་བུ་སྟོན་ཆོས་འབྱུང་ལས[13]། སཾ་སྐྲི་ཏ་ལ་པི་ཊ་ཀ་ཞེས་འབྱུང་ཞིང་། པཎྜི་ཏ་ཞེས་བསྒྱུར་ན་གོང་བུའམ་བསྡུས་པ་སྟེ། དོན་མང་པོ་བརྗོད་བྱར་བསྡུས་པའམ་ཤེས་བྱ་ཐམས་ཅད་བརྗོད་བྱར་བསྡུས་པས་སྡེ་སྣོད་དོ། །ཡང་ན། པི་ཊ་ཀ་ཞེས་པ་ཡུལ་དབུས་ཀྱི་བྲེ་བོ་ཆེའི་མིང་ཡིན་ལ། བྲེ་བོ་ཆེའི་ནང་དུ་བྲེའུ་ཆུང་མང་པོ་འདུས་པ་བཞིན་དུ་འདི་དག་གི་ནང་དུ་བརྗོད་བྱ་བསླབ་བྱ་མང་པོ་བསྡུས་པས་སྡེ་སྣོད་དོ། །ཞེས་གསུངས་སོ།།

སྔོན་བྱོན་མཁས་པའི་གསུང་རྒྱུན་ལ། རྣམ་འགྲེལ་ཕར་ཕྱིན་གྱི་རིགས་པ་དང་། འདུལ་བ་ཕར་ཕྱིན་གྱི་སྤྱོད་པ། མཛོད་ཕར་ཕྱིན་གྱི་རྣམ་གྲངས། དབུ་མ་ཕར་ཕྱིན་གྱི་ལྟ་བ་ཞེས་གསུངས་སྲོལ་ཡོད་པ་ལྟར། བཀའ་ཐམས་ཅད་འཁོར་ལོ་གསུམ་དུ་འདུ་ལ། འཁོར་ལོ་དང་པོའི་སྤྱོད་པ་ཚུལ་ཁྲིམས་ཀྱི་རྣམ་གཞག་འདུལ་བས་འཆད། ལྟ་བ་བདེན་བཞིའི་རྣམ་གཞག་མངོན་པས་འཆད། འཁོར་ལོ་བར་པའི་ལྟ་བ་དབུ་མ་དང་། འཁོར་ལོ་མཐའ་མའི་ལྟ་བ་རྣམ་འགྲེལ་གྱིས་འཆད་དོ། །ཡང་སྟོན་པའི་རྗེས་སུ་འབྲངས་པའི་གྲུབ་མཐའ་སྨྲ་བ་ལ་བཞིར་ངེས་ལ། དབུ་ཚད་ཀྱིས་དབུ་སེམས་ཀྱི་ལྟ་བ་དང་། ཕར་ཕྱིན་གྱིས་དབུ་སེམས་ཀྱི་སྤྱོད་པ་འཆད། མདོ་སྡེ་པ་རིགས་པའི་རྗེས་འབྲང་རྣམ་འགྲེལ་དང་། ལུང་གི་རྗེས་འབྲང་མངོན་པ་སྡེ་བདུན་དང་། མཛོད་ཀྱི་རྗེས་སུ་འབྲང་བ་དང་། བྱེ་སྨྲའི་རང་གཞུང་དངོས་ཤིག་བོད་དུ་མ་འགྱུར་ཀྱང་མཛོད་ལས[14]།

བདག་གི་མངོན་པའི་ཆོས་འདི་ཕལ་ཆེར་ནི། །

ཁ་ཆེ་བྱེ་བྲག་སྨྲ་བའི་ཚུལ་གྲུབ་བཤད། །

ཅེས་གསུངས་པ་ལྟར་བྱེ་སྨྲའི་འདོད་ཚུལ་རྒྱས་པར་འཆད་ལ། འདུལ་བ་ནི་གྲུབ་མཐའ་བཞི་ཀའི་ཐུན་མོང་བ་དང་བསྟན་པའི་རྩ་བ་ཡིན་པས་སོ།།

ཡང་རྒྱ་གར་འཕགས་པའི་ཡུལ་དུ་ཐུབ་བསྟན་གྱེན་དུ་འདེགས་པའི་ཀ་བ་ལྟ་བུར་གྱུར་པའི་པཎྜི་ཏ་མང་དུ་བྱོན་ཀྱང་སྔར་འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་གྲགས་ཆེ་ལ། རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་ལུགས་ནི་བཀའ་པོད་ལྔ་ཉིད་ཡིན་པས་སོ། །དེ་ཡང་ཡིན་ཏེ། ཀླུ་སྒྲུབ་ཡབ་སྲས་ཀྱི་དབུ་མའི་གཞུང་ལུགས་དང་། ཐོགས་མེད་སྐུ་མཆེད་ཀྱི་མངོན་པའི་གཞུང་ལུགས། ཕྱོགས་གླང་ཆོས་གྲགས་ཀྱི་ཚད་མའི་གཞུང་ལུགས། ཡོན་ཤཱཀ་གཉིས་ཀྱི་འདུལ་བའི་གཞུང་ལུགས་ཞེས་ཉི་ཟླ་ལྟར་གྲགས་ལ།[15] པཎྜི་ཏ་དེ་དག་གི་ཆོས་ཀྱི་རྩ་བའི་དངོས་སུ་ཁུངས་གཏུག་ས་ནི་བྱམས་འཇམ་དབྱངས་གཉིས་ལས། རྗེ་བཙུན་འཇམ་དཔལ་དབྱངས་ལ་བརྟེན་ནས་མགོན་པོ་ཀླུ་སྒྲུབ་ཀྱིས་ཟབ་མོ་ལྟ་བའི་སྲོལ་ཕྱེ་བ་དང་། རྒྱལ་བ་མི་ཕམ་པ་ལ་བརྟེན་ནས་འཕགས་པ་ཐོགས་མེད་ཀྱིས་རྒྱ་ཆེན་སྤྱོད་པའི་སྲོལ་ཕྱེ་བར་མ་ཟད། བྱམས་མགོན་གྱིས་རྒྱན་གཉིས་འབྱེད་གཉིས་རྒྱུད་བླ་མ་དང་བཅས་པ་མི་ཡུལ་དུ་སྐྱེས་སུ་བསྐུར་བས་བྱམས་ཆོས་སྡེ་ལྔ་ཞེས་ས་གསུམ་གྱི་མིག་གཅིག་པུར་གྱུར་པ་འདི་ལགས་སོ།།

དེས་ན་བོད་གངས་ཅན་གྱི་ལྗོངས་འདིར་ཡང་སྔོན་བྱོན་མཁས་གྲུབ་དུ་མ་དང་། ཁྱད་པར་དུ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ (1357-1419) ཆེན་པོས་ནི། ཇི་སྐད་དུ་རྟོགས་བརྗོད་ལས[16]།

དེ་ཉིད་ཕྱིར་ན་མི་ཕམ་ཆོས་རྗེ་དང་། །

འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་པའི། །

གཞུང་ལ་ཕྱོགས་རེ་བ་དང་རགས་པ་རེས། །

ཚིམ་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས། །

ཞེས་གསུངས་པ་ལྟར། མི་ཕམ་མགོན་པོ་དང་རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་ལ་རྩལ་འདོན་མཛད་པས་ན། དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་བཤད་གྲྭ་རྣམས་སུ་བཀའ་པོད་ཆེན་པོ་ལྔ་ལ་རྩལ་འདོན་མཛད་པ་ཡིན་ནོ། །ཞེས་གསུངས་པ་ལྟར། དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་གཞུང་ཆེན་བཀའ་པོད་ལྔ་དང་། སྔ་འགྱུར་རྙིང་མའི་གཞུང་ཆེན་བཅུ་གསུམ། དཔལ་མཉམ་མེད་བཀའ་བརྒྱུད་པའི་གཞུང་ཆེན་ཉེར་ལྔ། དཔལ་ལྡན་ས་སྐྱ་པའི་བཀའ་པོད་དྲུག་གམ་གྲགས་ཆེན་བཅོ་བརྒྱད་སོགས་ཀྱི་ཐ་སྙད་བྱེད་པ་ཡང་བཀའ་པོད་ལྔ་དང་སྡེ་སྣོད་གསུམ་དུ་མ་འདུས་པ་མེད་དོ།།

དེ་ཡང་། སྔ་འགྱུར་རྙིང་མའི་གཞུང་ཆེན་བཅུ་གསུམ་དུ་གྲགས་པ་ནི། མདོ་དང་མདོ་རྩ་འདུལ་བའི་སྡེ་སྣོད། མཛོད་དང་ཀུན་བཏུས་མངོན་པའི་སྡེ་སྣོད། རྩ་འཇུག་བཞི་སྤྱོད་ཟབ་མོ་ལྟ་བའི་གཞུང་། བྱམས་ཆོས་སྡེ་ལྔ་རྒྱ་ཆེན་སྤྱོད་པའི་གཞུང་བཅས་བཅུ་གསུམ་མོ། །དེ་ཡང་བཀྲལ་ན། ༡ སོ་སོར་ཐར་པའི་མདོ། ༢ མདོ་རྩ་བ། ༣ མངོན་པ་མཛོད། ༤ མངོན་པ་ཀུན་བཏུས། ༥ རྩ་བ་ཤེས་རབ་རིགས་ཚོགས། ༦ དབུ་མ་འཇུག་པ། ༧ བཞི་བརྒྱ་པ། ༨ སྤྱོད་འཇུག །༩ མངོན་རྟོགས་རྒྱན། ༡༠ མདོ་སྡེ་རྒྱན། ༡༡ དབུས་མཐའ་རྣམ་འབྱེད། ༡༢ ཆོས་ཉིད་རྣམ་འབྱེད། ༡༣ རྒྱུད་བླ་མ་བཅས་གཞུང་ཆེན་བཅུ་གསུམ་མོ། །དེ་ཡང་དུས་ཕྱིས་སྡེ་དགེ་རྫོང་གསར་མཁན་ཆེན་གཞན་དགས་གཞུང་ཆེན་བཅུ་གསུམ་ཞེས་པ་ནི། ས་ལུགས་གྲགས་ཆེན་བཅོ་བརྒྱད་ལས་ཚད་མའི་སྐོར་དང་། སྡོམ་གསུམ་དོར་བའི་ལྷག་མ་རྣམས་ལ་ངོས་འཛིན་པའི་གཞུང་ཆེན་བཅུ་གསུམ་ནང་པཎ་གྲུབ་བཅུ་བདུན་གྱི་གསུང་ཆོས་ཚན་བརྒྱད་བཞུགས་སོ།།

མཉམ་མེད་བཀའ་བརྒྱུད་པའི་གཞུང་ཆེན་ཉེར་ལྔ་ནི། ཀརྨ་པ་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེའི་ (1507-1554) རྣམ་ཐར་ལས[17]། ༡ མངོན་རྟོགས་རྒྱན་གྱི་འགྲེལ་པ་དོན་གསལ། བྱམས་ཆོས་བཞི། ཚད་མ་ཀུན་བཏུས། རྣམ་འགྲེལ། རྣམ་ངེས། རིགས་ཐིགས་གྱེས་པའི་བསྟན་བཅོས་བཞི། མངོན་པ་གོང་འོག །འདུལ་བ་མདོ་རྩ། རྩ་ཤེ །འཇུག་པ། བརྟག་གཉིས། རྩིས་ཀུན་བསྡུས་སོགས་མདོ་སྔགས་ཀྱི་གཞུང་ཆེན་རྣམས་དང༌། བོད་ཡུལ་གྱི་རྔོག་ལོ་དང་། ཕྱྭ་གཙང་གི་ཡིག་ཆ། ས་པཎ་གྱི་སྡོམ་རིག་ལ་སོགས་མདོར་ན་གཞུང་ཆེན་ཉེར་ལྔའི་ཚིག་དོན་ཐམས་ཅད་གསན་ཞིང་བདེ་བླག་ཏུ་ཁོང་དུ་ཆུད་པར་མཛད། ཅེས་གསུངས་པ་ལྟར་བཀའ་བརྒྱུད་པའི་གཞུང་ཆེན་ཉེར་ལྔ་ནི། ༡ མངོན་རྟོགས་རྒྱན་གྱི་འགྲེལ་པ་དོན་གསལ་དང་། བྱམས་ཆོས་བཞི་སྟེ། ༢ མདོ་སྡེ་རྒྱན་དང་། ༣ རྒྱུད་བླ་མ། ༤ ཆོས་དང་ཆོས་ཉིད་རྣམ་འབྱེད། ༥ དབུས་མཐའ་རྣམ་འབྱེད་བཞི། ༦ ཚད་མ་ཀུན་བཏུས། ༧ རྣམ་འགྲེལ། ༨ རྣམ་ངེས། ༩ རིགས་ཐིགས། འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་སྟེ། ༡༠ རྒྱུད་གཞན་བསྒྲུབ་པ་དང་། ༡༡ གཏན་ཚིགས་ཐིགས་པ། ༡༢ འབྲེལ་བ་བརྟག་པ། ༡༣ རྩོད་པའི་རིགས་པ་བཞིའོ། །མངོན་པ་གོང་འོག་གཉིས་ཏེ། ༡༤ མངོན་པ་ཀུན་བཏུས། ༡༥ མངོན་པ་མཛོད། ༡༦ འདུལ་བ་མདོ་རྩ། ༡༧ རྩ་བ་ཤེས་རབ། ༡༨ དབུ་མ་འཇུག་པ། ༡༩ རྒྱུད་བརྟག་གཉིས་བཅས། ༢༠ རང་བྱུང་རྡོ་རྗེའི་རྩིས་ཀུན་བསྡུས་པ། ༢༡ ས་པཎ་གྱི་ཚད་མ་རིགས་གཏེར་དང་། ༢༢ སྡོམ་གསུམ་རབ་དབྱེ། རྔོག་ལོ་དང་ཕྱྭ་གཙང་གི་ཡིག་ཆ། ཕྱྭ་པ་ཆོས་ཀྱི་སེངྒེའི་གསུང་། མངོན་འདུལ་དུས་འཁོར་གསུམ་[18]བཅས་གཞུང་ཆེན་ཉེར་ལྔའོ། །དེ་ལྟར་གཞུང་ཆེན་ཉེར་ལྔར་བཀའ་འགྱུར་ལས་རྒྱུད་གཅིག་དང་། བསྟན་འགྱུར་ལས་རྒྱ་གཞུང་བཅོ་བརྒྱད། བོད་གཞུང་དྲུག་བཅས་ལས་པཎ་གྲུབ་བཅུ་བདུན་གྱི་གསུང་ཆོས་ཚན་ ༡༤ བཞུགས་སོ།།

དེ་བཞིན་དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ཀུན་མཁྱེན་གཡག་སྟོན་སངས་རྒྱས་དཔལ་དང་། རེད་མདའ་བ་གཞོན་ནུ་བློ་གྲོས་དག་གི་སྐུ་དུས་སུ་ས་སྐྱ་དང་ངམ་རིང་སོགས་སུ་པོ་ཏི་གྲགས་ཆེན་བཅོ་བརྒྱད་ཀྱི་རྣམ་གཞག་མཛད་པའི་ས་སྐྱའི་གྲགས་ཆེན་བཅོ་བརྒྱད་ནི། མཁན་ཆེན་ངག་དབང་ཆོས་གྲགས་ (1523-?) ཞབས་ཀྱིས།

ཕར་ཚད་འདུལ་མངོན་དབུ་མ་སྡོམ་གསུམ་ལ། །

པོད་ཆེན་དྲུག་ཏུ་ས་སྐྱ་པ་རྣམས་བཞེད། །

ཅེས་གསུངས་པ་ལྟར། པོད་ཆེན་དྲུག་[19]གམ་གྲགས་ཆེན་བཅོ་བརྒྱད་ནི། ངོར་མཁན་ཆེན་སངས་རྒྱས་ཕུན་ཚོགས་ (1649-1705) ཀྱིས་མཛད་པའི་པད་སྤུངས་བྱང་ཆེན་བཀྲ་ཤིས་སྒོ་པའི་སྐོར་ལས[20]།

ཚད་མདོ་རྣམ་འགྲེལ་རྣམ་ངེས་ཚད་མའི་སྐོར། །

ཀུན་ལས་བཏུས་དང་མཛོད་གཉིས་མངོན་པའི་སྐོར། །

རྩ་འཇུག་བཞི་གསུམ་ཆེས་ཟབ་དབུ་མའི་སྐོར། །

སྡེ་བདུན་མདོ་བཅས་དགོངས་འགྲེལ་རིགས་གཏེར་དང་། །

སྡེ་སྣོད་རྒྱུད་སྡེ་ཀུན་འགྲེལ་སྡོམ་གསུམ་སྟེ། །

པུ་ཏི་གྲགས་ཆེན་བཅོ་བརྒྱད་ཅེས་སུ་གྲགས། །

ཕར་ཚད་འདུལ་མངོན་དབུ་མ་སྡོམ་གསུམ་ལ། །

པོད་ཆེན་དྲུག་ཅེས་ས་སྐྱ་པ་རྣམས་བཞེད། །

དྲུག་པོ་འདི་ལ་དེང་སང་འཆད་ཉན་དར། །

དཀའ་བཅུ་པ་དང་དཀའ་ལྔ་དཀའ་བཞི་པ། །

རིམ་བཞིན་པོད་གྲངས་བཅུ་དང་ལྔ་དང་ནི། །

པོད་ཆེན་བཞི་ཙམ་ཤེས་ལ་དེ་ལྟར་གྲགས། །

ཞེས་ཡོངས་རྫོགས་བསྟན་པའི་མངའ་བདག་དཔལ་ས་སྐྱ་པའི་བཀའ་པོད་དྲུག་དང་། གྲགས་ཆེན་བཅོ་བརྒྱད་ནི[21]། ཀ༽ ཕར་ཕྱིན། ༡ མངོན་རྟོགས་རྒྱན། ༢ མདོ་སྡེ་རྒྱན། ༣ དབུས་མཐའ་རྣམ་འབྱེད། ༤ ཆོས་དང་ཆོས་ཉིད་རྣམ་འབྱེད། ༥ རྒྱུད་བླ་མ། ཁ༽ འདུལ་བ། ༦ སོ་སོར་ཐར་པའི་མདོ། ༧ འདུལ་བ་མདོ་རྩ། ག༽ དབུ་མ། ༨ དབུ་མ་རྩ་ཤེས་རབ། ༩ དབུ་མ་བཞི་བརྒྱ་པ། ༡༠ དབུ་མ་འཇུག་པ། ༡༡ སྤྱོད་འཇུག །ང༽ མཛོད། ༡༢ མངོན་པ་ཀུན་བཏུས། ༡༣ མངོན་པ་མཛོད། ཅ༽ ཚད་མ། ༡༤ ཚད་མ་ཀུན་བཏུས། ༡༥ ཚད་མ་རྣམ་འགྲེལ། ༡༦ ཚད་མ་རྣམ་ངེས། ༡༧ ཚད་མ་རིགས་གཏེར། ཆ༽ སྡོམ་གསུམ། ༡༨ སྡོམ་གསུམ་རབ་དབྱེ་བཅས་སོ། །དེ་ལྟར་གྲགས་ཆེན་བཅོ་བརྒྱད་ཀྱི་ཁོངས་སུ་པཎ་གྲུབ་བཅུ་བདུན་གྱི་བསྟན་བཅོས་ ༡༢ ཙམ་བཞུགས་སོ།།

དེ་ལྟར་གཞུང་ཆེན་བཀའ་པོད་ལྔ་དང་། གཞུང་ཆེན་བཅུ་གསུམ། གྲགས་ཆེན་བཅོ་བརྒྱད། གཞུང་ཆེན་ཉེར་ལྔ་ཞེས་དབྱེ་ཚུལ་རྒྱས་བསྡུས་ཙམ་ལས་གཞུང་དབུ་ཕར་འདུལ་མཛོད་ཚད་མ་དང་བཅས་པའི་བཀའ་པོད་ལྔ་ཚང་བ་ཕལ་ཆེར་མཚུངས་ལ། དེ་ལྟའི་བཀའ་པོད་ལྔ་དང་། བཀའ་བསྟན་གྱི་གཞུང་ཇི་ལྟ་བུ་ཞིག་ལ་འཆད་ཉན་སྒོམ་སྒྲུབ་བྱེད་དགོས་སམ་ཞེ་ན། འཇམ་དབྱངས་ས་པཎ་ཀུན་དགའ་རྒྱལ་མཚན་ (1182-1251) ཞབས་ཀྱིས་མཛད་པའི་ཐུབ་པ་དགོངས་གསལ་ལས[22]། མདོར་ན་སངས་རྒྱས་ཀྱིས་གསུངས། སྡུད་པ་པོས་བསྡུས། གྲུབ་ཐོབ་ཀྱིས་བསྒོམས། པཎྜི་ཏས་བཤད། ལོ་ཙཱ་བས་བསྒྱུར། མཁས་པ་རྣམས་ལ་གྲགས་པ་ཞིག་སངས་རྒྱས་ཀྱི་བསྟན་པ་ཡིན་པས། དེ་ལ་ཉན་བཤད་སྒོམ་སྒྲུབ་བྱེད་དགོས་སོ། །ཞེས་དང་། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ (1497-1557) ཀྱིས་མཛད་པའི་དམ་པའི་ཆོས་ཀྱི་བྱུང་ཚུལ་བསྟན་པའི་རྒྱ་མཚོར་འཇུག་པའི་གྲུ་ཆེན་ལས་[23]ཀྱང་། མདོར་ན་བཤད་བྱའི་ཆོས་ནི། སངས་རྒྱས་ཀྱིས་གསུངས། སྡུད་པ་པོས་བསྡུས། མཁས་གྲུབ་རྣམས་ཀྱིས་བཀྲལ། པཎྜི་ཏས་བཤད། ལོ་ཙཱ་བས་བསྒྱུར། བླ་མ་བརྒྱུད་པའི་མན་ངག་དང་། ལུང་གི་རྒྱུད་དང་ལྡན་པ། མཁས་པ་རྣམས་ལ་གྲགས་པ་ཞིག་ལ་ཉན་བཤད་བྱ་དགོས་ཀྱི། དེ་ལས་གཞན་པ་ལ་བཤད་སྒྲུབ་བྱས་ཀྱང་ཆོས་སུ་མི་འགྱུར་རོ། །ཞེས་གསུངས་པ་ལྟར་རོ།།

འོ་ན་དེ་ལྟ་བུའི་གཞུང་ཚད་ཐུབ་ཀྱི་གཞུང་གང་དག་ལ་མཉན་དགོས་སམ་ཞེ་ན། འཇམ་དབྱངས་ས་པཎ་ཀུན་དགའ་རྒྱལ་མཚན་ (1182-1251) ཞབས་ཀྱིས་མཛད་པའི་ཐུབ་པ་དགོངས་གསལ་ལས[24]། གཉིས་པ་དམ་པའི་ཆོས་མཉན་པ་ནི། སངས་རྒྱས་ཀྱིས་གསུངས་ངེས་པའི་སྡེ་སྣོད་གསུམ་མམ། དབང་ཐོབ་པ་ཡིན་ན་རྒྱུད་སྡེ་བཞི་མཉན། ཡང་ན་བཀའི་དགོངས་པ་འགྲེལ་བའི་བསྟན་བཅོས་མགོན་པོ་བྱམས་པའམ་ཐོགས་མེད་སྐུ་མཆེད་དམ། ཀླུ་སྒྲུབ་ཡབ་སྲས་སམ། ཕྱོགས་ཀྱི་གླང་པོའམ། ཆོས་ཀྱི་གྲགས་པའམ། སློབ་དཔོན་ཞི་བ་ལྷའམ། ཡོན་ཏན་འོད་ལ་སོགས་པས་མཛད་པའི་ཁུངས་ཐུབ་པའི་ཆོས་མཉན་དགོས་ལ། གསང་སྔགས་ཡིན་ན་ཡང་བྱང་ཆུབ་སེམས་དཔའི་འགྲེལ་པ་གསུམ་མམ། གྲུབ་ཐོབ་རྣམས་ཀྱིས་མཛད་པའི་གྲུབ་པ་སྡེ་བདུན་ནམ། སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་བིར་ཝ་པ་དང༌། རྒྱལ་པོ་ཨིནྡྲ་བྷཱུ་ཏི་དང༌། རྡོ་རྗེ་དྲིལ་བུ་པ་ལ་སོགས་པས་མཛད་པའི་བསྟན་བཅོས་ཁུངས་མ་ནས་བྱུང་བ་མཉན་དགོས། ཞེས་གསུངས་པ་ལྟར་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་དང་། ཟབ་རྒྱས་གཉིས་ཀྱི་ལེགས་བཤད་རྨད་དུ་བྱུང་བའི་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསུང་བཟང་རྨད་དུ་བྱུང་བ་རྣམས་ལ་ཐོས་བསམ་འཆད་ཉན་བྱེད་དགོས་པར་གསུངས་སོ།།

དེ་བཞིན་ལྕང་སྐྱ་ངག་དབང་ཆོས་ལྡན་ (1642-1714) གྱིས་མཛད་པའི་བསླབ་བྱ་ལས[25]།

སྦྱང་བྱའི་གསུང་རབ་དགོངས་འགྲེལ་གྲངས་མང་ཡང་། །

རྒྱན་འཇུག་འདུལ་མཛོད་རྣམ་འགྲེལ་རྣམས་ལ་ནི། །

ལེགས་པར་སྦྱངས་པས་ཐེག་པ་གསུམ་ཆར་གྱི། །

གཞི་ལམ་འབྲས་བུའི་ཚུལ་ལ་ངེས་པ་རྙེད། །

ཁྱད་པར་རྒྱན་འཇུག་གཉིས་ལ་ལེགས་སྦྱངས་པས། །

བླ་མེད་བྱང་ཆུབ་སྒྲུབ་པའི་ཐབས་ཀྱི་མཆོག །

ཟབ་རྒྱས་ལམ་གྱི་རིམ་པར་ངེས་རྙེད་ནས། །

ཐེག་པ་ཆེན་པོའི་གཞུང་ཀུན་གདམས་པར་འཆར། །

ཞེས་གསུངས་པ་ལྟར། སྦྱང་བྱའི་གཞུང་ནི་རྒྱན་འཇུག་འདུལ་མཛོད་རྣམ་འགྲེལ་བཅས་ལྔ་དང་། དེ་དག་ལས་ཀྱང་རྒྱན་འཇུག་གཉིས་གཙོ་བོར་ཡིན་པར་གསུངས་སོ།།

བསྟན་པའི་སྙིང་པོ་ཀླུ་སྒྲུབ་ཡབ་སྲས་གཞུང་། །

བསྟན་པའི་མཛེས་རྒྱན་ཐོགས་མེད་དབྱིག་གཉེན་གཞུང་། །

བསྟན་པའི་ལྕགས་རི་ཕྱོགས་གླང་ཆོས་གྲགས་གཞུང་། །

བསྟན་པའི་གཞུང་ཤིང་འཕགས་སེང་གཞུང་བཟང་རྨད། །

བསྟན་པའི་ནང་མཛོད་ཡོན་ཤཱཀ་གཉིས་ཀྱི་གཞུང་། །

དབུ་ཕར་འདུལ་མཛོད་ཚད་མའི་གཞུང་ལུགས་བཅས། །

གཞུང་ཆེན་བཀའ་པོད་ལྔ་རུ་གྲགས་པའི་གཞུང་། །

འཛམ་གླིང་མཛེས་རྒྱན་གཞུང་བཟང་ཨེ་མ་རྨད། །

ཞེས་པ་ནི་བར་གྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་གསུང་འབུམ། ༼ཏ༽ ཤིང་དཔར། དཔེ་ཤིང་། ཤོག་གྲངས་ ༣

[2] བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼ཕི༽ དེབ་ཨང་ ༧༠ པ། ༢༠༠༨ ལོ། ཤོག་གྲངས་ ༨༣༧

[3] བསྟན་བཅོས། སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ། རྩོམ་པ་པོ་སངས་རྒྱས་ཆོས་ལུགས་ལ་དད་པ་ལྡན་པའི་རྗེས་འབྲང་པ་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབ་ཀྱི་དགོངས་པ་འགྲེལ་བའི་ཆེད་དུ་བརྩམས་པའི་རྩོམ་རིག་རྣམས་ལ་ཟེར་ཞིང༌། བསྟན་བཅོས་དེ་རིགས་བོད་སྐད་དུ་བསྒྱུར་བ་ལ་བསྟན་འགྱུར་ཟེར་ལ། བསྟན་བཅོས་ཞེས་པའི་མིང་གི་གོ་དོན་ཡང༌། རྩོམ་ཡིག་དེ་ལ་བརྟེན་ནས་ལྟ་ཀློག་བྱེད་མཁན་རྣམས་ཀྱི་སེམས་རྒྱུད་ལ་ཡོད་པའི་ཉོན་མོངས་དུག་གསུམ་བཅོས་ཐུབ་པ་དང༌། ངན་སོང་དང་འཁོར་བའི་སྐྱེ་གནས་ལས་སྐྱོབ་ཐུབ་པ་ཡིན་པའི་དོན་ཏེ། དེ་ནི་བསྟན་བཅོས་ཡང་དག་གི་ཁྱད་ཆོས་ཡིན་ཞེས་ཕར་ཕྱིན་གྱི་གཞུང་ལས་གསུངས། གཞན་ཡང་སངས་རྒྱས་ཆོས་ལུགས་པ་མ་ཡིན་པའི་རྩོམ་པ་པོས་བརྩམས་པ་རྣམས་བསྟན་བཅོས་ལྟར་སྣང་ཡིན་པ་ལས་བསྟན་བཅོས་ཡང་དག་མ་ཡིན་ཞེས་གསུང་སྲོལ་ཡོད་ཅེས། (དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་ ༡༠༢༣) ཐོག་གསལ་ལོ།།

[4] དེའུ་དམར་གསོ་རིག་གཅེས་བཏུས། པོད། ༼༢༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་གྲངས་ ༡༠༡༥

[5] དགེ་ལུགས་པའི་ཆོས་སྤྱོད་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༥ ལོ། ཤོག་གྲངས་ ༡༢༢

[6] དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ། ༼༤༽ མི་རིགས་དཔེ་སྐྲུན་ཁང་ ༢༠༠༣ ལོ། ཤོག་གྲངས་ ༣༢༢

[7] ཀུན་དགའ་རྒྱལ་མཚན་གྱི་བཀའ་བུམ། ༼༡༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་གྲངས་ ༧

[8] རྗེ་ཙོང་ཁ་པའི་བཀའ་འབུམ། ཐོར་བུ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༩༧

[9] ནང་རིག་པའི་ཚིག་མཛོད། བོད་ལྗོང་མི་དམངས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༣༥༧

[10] བློ་བཟང་དཔལ་ལྡན་གྱི་གསུང་ཐོར་བུ། ༼༣༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༡༧༧

[11] བྱིན་འབེབས་གསོལ་འདེབས་པདྨ་རཱ་གའི་དོ་ཤལ། གཡང་འབོད། ཤིང་དཔར། དཔེ་རིང་། ཤོག་གྲངས་ ༢ན༢

[12] བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེན། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་ ༡༦༣

[13] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། དེབ་གཟུགས། ཤོག་ ༡༩

[14] བསྟན་འགྱུར་དཔེ་བསྡུར་མ། མངོན་པ། ༼ངུ༽ དེབ་ ༨༠ པ། ༢༠༠༨ ལོ། ཤོག་གྲངས་ ༡༥༩༧

[15] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་ ༡༣༩༠

[16] རྗེ་ཙོང་ཁ་པའི་བཀའ་འབུམ། ཐོར་བུ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༩༧

[17] ཀརྨ་པ་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ ལོ། ཤོག་གྲངས་ ༡༦༣

[18] མངོན་པ་ནི། སློབ་དཔོན་ཕྱྭ་པ་ཆོས་སེངྒེས་མཛད་པའི་བསྟན་བཅོས་མངོན་རྟོགས་རྒྱན་གྱི་འགྲེལ་པ་དང་བཅས་པའི་དཀའ་འགྲེལ་རིན་པོ་ཆེའི་སྒྲོན་མེ་དང་། རྔོག་བློ་ལྡན་ཤེས་རབ་ཀྱིས་མཛད་པའི་མདོ་སྡེ་རྒྱན་གྱི་བསྡུས་དོན་གང་རུང་དང་། འདུལ་བ་ནི། འདུལ་བ་འོད་ལྡན་ཞེས་བྱ་བའི་ཊིཀྐ་ཚིག་དོན་རབ་གསལ་བཅས་ཡིན་མིན་དང་། དེ་མིན་རྔོག་ལོ་དང་ཕྱྭ་པའི་གསུང་འབུམ་ནང་དུས་འཁོར་སྐོར་མི་གསལ་བས། དུས་འཁོར་གྱི་གཞུང་དེ་གང་ཡིན་དང་། མཛད་པོ་སུ་ཡིན་དཔྱད་དགོས་སོ།།

[19] ༡ ཕར་ཕྱིན། ༢ དབུ་མ། ༣ ཚད་མ། ༤ འདུལ་བ། ༥ མངོན་པ་མཛོད། ༦ སྡོམ་གསུམ་བཅས་དྲུག་གོ།

[20] མཁན་ཆེན་སངས་རྒྱས་ཕུན་ཚོགས་ཀྱི་གསུང་འབུམ། ༼ཁ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༣བ༣

[21] ཀ་ཁའི་གོ་རིམ་ནི་བཀའ་པོད་དྲུག་དང་། ཨང་གྲངས་ཀྱི་གོ་རིམ་ནི་གྲགས་ཆེན་བཅོ་བརྒྱད་དོ།།

[22] ཀུན་དགའ་རྒྱལ་མཚན་གྱི་བཀའ་བུམ། ༼༡༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་གྲངས་ ༧

[23] ས་སྐྱའི་ཆོས་འབྱུང་གཅེས་བསྡུས། ༼༤༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༣༢

[24] ཀུན་དགའ་རྒྱལ་མཚན་གྱི་བཀའ་བུམ། ༼༡༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་གྲངས་ ༧

[25] ལྕང་སྐྱ་ངག་དབང་ཆོས་ལྡན་གྱི་གསུང་འབུམ། ༼༧༽ འབྲས་སྤུངས་སྒོ་མང་དཔེ་མཛོད། ༢༠༢༢ ལོ། ཤོག་ ༢༣༠

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༠༡ ནས་ ༡༡༧ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *