བཙུན་པ་ཧྥ་ཤྱན་གྱི་རྣམ་ཐར་ཉུང་བསྡུས།

བཙུན་པ་ཧྥ་ཤྱན་གྱི་རྣམ་ཐར་ཉུང་བསྡུས།
བཙུན་པ་ཧྥ་ཤྱན་ལགས་ནི། སྤྱི་ལོ་ ༣༣༧ ལོར་ཧྲན་ཤིས་ཕེན་དབྱང་སྟེ་དེང་གི་ཧྲན་ཤིས་ལཱེན་ཧྥུན་གྲོང་ཁྱེར་གྱི་ལྷོ་ནུབ་ཕྱོགས་སུ་སྐུ་འཁྲུངས། ཁོང་ལ་གཅེན་གསུམ་ཡོད་པ་སྔ་གཞུག་ཏུ་ཚེ་མ་བརྟན་པས་ཕ་མ་གཉིས་འཇིགས་ཏེ་ཁོ་དགོན་པར་བསྐྱལ།

དགུང་ལོ་གསུམ་སྟེང་རབ་ཏུ་བྱུང་རྗེས་ཕྱིར་ཁྱིམ་ལ་ཁྲིད། ལོ་འགའི་རྗེས་ནས་ནད་ལྕི་མོ་བྱུང་བ་ལ་ཡང་བསྐྱར་དགོན་པར་བསྐྱལ་བས་ནད་ལས་གྲོལ། དགུང་ལོ་བཅུའི་སྟེང་ཕ་རྒན་ཚེ་འཕོས་པས། ཁུ་བོ་ལགས་ཀྱིས་གསུང་རྒྱུར། ཁྱོད་ཀྱི་མ་རྒན་ལ་རྟེན་ས་གཞན་ཅི་ཡང་མེད་པས་ཁྱོད་རང་སྐྱ་སར་འབབ་དགོས་ཞེས་སྨྲས། ཧྥ་ཤྱན་གྱི་ཞལ་ནས། ང་རང་ཕ་རྒན་གྱི་དོན་དུ་རབ་ཏུ་བྱུང་བ་མ་ཡིན་ཏེ་ཟང་ཟིང་གི་འཇིག་རྟེན་ལ་སྙིང་བོ་མེད་པར་མཐོང་ནས་ཆོས་སྒོར་ཞུགས་པ་ཡིན་ཞེས་གསུངས། ཅང་མ་འགོར་བར་མ་རྒན་ཡང་ཚེ་ལས་འདས་པས་ཐུགས་ཤིན་ཏུ་སྐྱོ་བཞིན་འདས་མཆོད་བསྒྲུབས་རྗེས་ཕྱིར་དགོན་པར་ལོག་ཅིང་སྡེ་སྣོད་གསུམ་ལ་སྦྱང་བ་མཛད།
སྤྱི་ལོ་ ༣༥༧ ཏེ་དགུང་གྲངས་ཉི་ཤུའི་སྟེང་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ནས་འདུལ་ཁྲིམས་མིག་གི་འབྲས་བུ་བཞིན་དུ་བསྲུངས། ད་ལྟའི་ཤཱན་ཐང་དགོན་པའི་རྒྱབ་ལོགས་སུ་བྲག་ཕུག་ཆུང་ངུ་ཞིག་ཡོད་པ་དེ་ནི་སྔོན་ཆད་བཙུན་པ་ཧྥ་ཤྱན་ཡུན་རིང་བཞུགས་སའི་སྒྲུབ་ཕུག་ཡིན་པར་གྲགས། ཕྱོགས་ཀྱི་ཆོས་སྡེ་སོ་སོར་ཞབས་ཀྱིས་བཅགས་ཏེ་དམ་ཆོས་འདུལ་བའི་གཞུང་ལ་སྦྱང་བ་མཐིལ་ཕྱིན་པ་གནང་སྐབས་རྒྱ་ནག་ཡུལ་གྱི་འདུལ་བའི་གཞུང་ལུགས་དང་ཆོ་ག་ཕྱག་ལེན་རྣམས་ཆ་མི་ཚང་བར་སེམས་ཏེ་ཡི་རབ་ཏུ་གདུང་བར་གྱུར། སྐབས་ཤིག་ལ་དམ་ཆོས་འདུལ་བའི་གཞུང་རྣམས་འཚོལ་སླད་དུ་ནུབ་ཕྱོགས་འཕགས་ཡུལ་དུ་འབྱོན་རྒྱུའི་འདུན་པ་ཐུགས་ལ་འཁྲུངས།
སྤྱི་ལོ་ ༣༩༩ ལོ་སྟེ་དགུང་ལོ་དྲུག་ཅུ་རེ་གསུམ་སྟེང་ལྟ་སྤྱོད་མཐུན་པའི་ཆོས་གྲོགས་འགའ་དང་ལྷན་དུ་ཁྲང་ཨན་ནས་ལམ་ལ་ཆས། མུ་མཐའ་བྲལ་བའི་བྱེ་ཐང་དང་མཐོ་ཞིང་གཟར་བའི་གངས་རི་དང་བྲག་རི། ནགས་ཚལ་སྟུག་པོ་དང་ཆུ་ཀླུང་ཆེན་པོ་མང་དུ་བརྒལ་ནས། ཚ་གྲང་བཀྲེས་སྐོམ་སོགས་དཀའ་བ་བརྒྱ་ཕྲག་གདོང་གིས་བསུས་ཏེ། ནུབ་ཕྱོགས་ལི་ཡུལ། རྒྱ་གར་བྱང་ཕྱོགས་དང་ཡུལ་དབུས། སིང་གཱ་ལ་སོགས་རྒྱལ་ཁབ་སུམ་ཅུར་ཉེ་བ་ཙམ་འགྲིམས་ཤིང་། ལེགས་སྦྱར་གྱི་སྐད་དང་ཡི་གེ་བསླབས་པར་མ་ཟད་བྱེ་བྲག་སྨྲ་བའི་འདུལ་བ་གཞི་བཅུ་དང་ཐམས་ཅད་ཡོད་པར་སྨྲ་བའི་གཞི་ལ་འཇུག་པ་སོགས་སངས་རྒྱས་ཀྱི་གསུང་རབ་གླེགས་བམ་དུ་མ་ལ་ཐོས་བསམ་མཛད་ཅིང་བུ་ཡིག་ཏུ་བཅད།
རྒྱ་གར་ཡུལ་དབུས་སུ་བསླེབས་ནས་དམ་པའི་ཆོས་ལ་སློབ་གཉེར་ནང་མཁན་གྱི་རྒྱ་ནག་གི་མི་སྔོན་མར་གྱུར། མཐར་མཚོ་ལམ་བརྒྱུད་དེ་ཕྱིར་རང་ཡུལ་དུ་ལོག་ལམ་བར་དུ་དཀའ་སྡུག་ཅི་ཙམ་མྱང་ཡོད་པ་ནི། བཙུན་པ་ཧྥ་ཤྱན་ཁོང་གི་ཞལ་ནས། འདས་དོན་ལ་ཕྱིར་འདང་ཞིག་བརྒྱབ་ཚེ་དབང་མེད་དུ་དཀའ་བའི་རྔུལ་ཆུ་རྡོལ་འོང་བ་འདྲ་ཞིག་རེད། གཅེས་པའི་སྲོག་ལའང་མ་འཛེམས་པར་ཉེན་ཁ་དང་དཀའ་སྡུག་སྣ་ཚོགས་གདོང་གིས་བསུས་ཏེ་ཕྱིན་པ་ནི་རང་ཉིད་ལ་ཕུགས་བསམ་དང་སྙིང་སྟོབས་ལྡན་པ་ལས་བྱུང་བའོ། །བརྒྱ་ལ་རེ་བ་ཉག་གཅིག་མཆིས་ནའང་ཚེ་སྲོག་ལ་ཕངས་པ་མེད་པར་འབད་བརྩོན་བྱས་པ་ཡིན། ཞེས་པའི་གསུང་འདི་ཡིས་གསལ་བར་རྟོགས་ནུས།
གཞན་ཡང་། ཕྱིར་རྒྱ་ནག་ཏུ་འབྱོར་རྗེས་ཁོང་གི་ཐུགས་དགོངས་ལ་རང་ཡུལ་གྱི་ཆོས་གྲོགས་རྣམས་དང་ཁ་བྲལ་ཏེ་ཡུན་རིང་ཞིག་འགོར་སྟབས་ཁྲང་ཨན་དུ་ཕེབས་འདོད་ཀྱི་འདུན་པ་འཁྲུངས་ནའང་དམ་ཆོས་འདུལ་བའི་གཞུང་རྒྱ་ནག་སྐད་དུ་བསྒྱུར་པའི་ཕྱག་ལས་ཤིན་ཏུ་འགངས་ཆེ་བར་དགོངས་ཏེ་སྐབས་དེའི་རྒྱལ་ས་ལྷོ་ཕྱོགས་ཅཱན་ཁང་གི་ཏཱ་ཁྲང་དགོན་པར་ཕེབས་ཏེ། བལ་ཡུལ་གྱི་སྒོམ་ཆེན་པ་སངས་རྒྱས་བཟང་པོ་ཞེས་པའི་སློབ་དཔོན་ཆེན་པོ་དེ་དང་ལྷན་ཅིག་ཏུ་གསུང་རབ་རྣམས་བསྒྱུར་བའི་དབུ་བརྩམས་པ་དང་། ཁོམ་ལོང་གི་གླགས་དང་བསྟུན་ཏེ་ཕྱོགས་ཀྱི་དགེ་འདུན་པ་མང་པོར་དམ་པའི་ཆོས་འཆད་པའི་མཛད་འཕྲིན་བསྐྱངས། ལོ་འཁོར་དུ་མའི་ཡུན་ལ་རང་གིས་སྤྱན་དྲངས་པའི་སངས་རྒྱས་ཀྱི་གསུང་རབ་རྣམས་རྒྱ་ནག་སྐད་དུ་བསྒྱུར་བ་སོགས་དམ་ཆོས་འདུལ་བའི་བསྟན་པ་ལ་མཛད་རྗེས་བླ་ན་མེད་པ་བཞག
སྤྱི་ལོ་ ༤༡༨ ཡས་མས་ཙམ་ལ་བཙུན་པ་ཧྥ་ཤྱན་ལགས་ཅཱིན་ཀྲུའུ་ཅཱང་ལན་ས་ཆའི་ཤཱིན་དགོན་པར་ཕེབས་ནས་སྒྲུབ་པ་ལ་མཉམ་བཞེས་མཛད་པ་དང་དུས་མཚུངས་སུ་འཛམ་བུ་གླིང་ན་མཚན་སྙན་འབར་བའི་ཆོས་ཀྱི་རྒྱལ་ཁམས་འགྲིམས་པའི་ལམ་ཡིག་ཅེས་པ་འདི་བརྩམས། མཐར་སྤྱི་ལོ་ ༤༢༣ མམ་ ༤༢༤ ཙམ་ལ་དགོན་པ་དེ་གར་སྐུ་མྱ་ངན་ལས་འདས་སོ།།
ཞེས་པ་འདི་ནི་སྤྱི་ལོ་ ༢༠༢༤ ཟླ་ ༥ ཚེས་པ་ ༢༨ ཉིན། མདོ་སྨད་ཟི་ལིང་གྲོང་ཁྱེར་གྱི་ལྟེ་བ་ཙོང་ཁའི་རྒྱལ་པོ་ཁྲི་ལྡེའི་མཁར་ཤུལ་གྱི་ཉེ་འགྲམ་དུ་
བསྒྱུར་པ་པོ་ཟུང་གིས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།

Leave a Reply

Your email address will not be published. Required fields are marked *