༄༅། །ཀླུའི་ཐེབས་བཟློག་ཀླུ་སྒྲུབ་ཀྱིས་མཛད་པ་བཞུགས་སོ།།[1]
༄༅། །ཀླུ་འབུམ་དཀར་པོ་ལས། དབྱར་ཟླ་ར་བའི་ཚེས་བཅོ་ལྔ་སྐར་མ་ནབས་སོ་ཉི་མ་ཕྱེད་ཡོལ་ན་ཀླུ་ལྡང་བའི་དུས་སོ། །དེའི་དུས་སུ་ཕྱོགས་མཚམས་ཁྱབ་པར་འགྱུར་རོ། །རིགས་ལྔ་ཀླུའི་དཀྱིལ་འཁོར་ཞལ་ཕྱེ་མ་གཉེན་པོ་བསྒོམ་པར་བྱའོ། །མཆོད་ཅིང་བསྟེན་པར་བྱའོ། །གཙང་མའི་ལོངས་སྤྱོད་རྣམས་དང་དུ་བླངས་ལ་འབད་པར་བྱའོ། །
དགུན་ཟླ་ར་བའི་ཚེས་བཅོ་ལྔའི་སྐར་མ་སྨིན་དྲུག་ཉི་མ་ཕྱེད་ཡོལ་ནས་ཉལ་བའི་དུས་སོ། །དེའི་དུས་སུ་ཕྱོགས་མཚམས་ཁྱད་པར་ཉལ་ལོ། །དེའི་དུས་སུ་དྲག་པོའི་ལས་བྱ། ས་གཏེར་གཞུག་ཡོངས་སུ་རྒྱས་པའི་མཆོད་པ་གཏོང་། རིགས་ལྔའི་ཀླུའི་དཀྱིལ་འཁོར་དབྱིངས་སུ་བསྐྱེད་དོ། །
སྟོན་ཟླ་ར་བ་དང་དཔྱིད་ཟླ་ར་བའི་ཉལ་སྐར་མ་རྟ་རླུང་དང་བྱ་སྒྲོ་ལ་ཀླུ་དར་བའི་དུས་སོ། །དེའི་དུས་སུ་ཕྱོགས་མཚམས་ཁྱབ་པར་དར་རོ། །དེའི་དུས་སུ་རིགས་ལྔའི་དཀྱིལ་འཁོར་ཞལ་ཕྱེ་ལ་གཉེན་པོ་བསྒོམ་པ་དང་བསྒྲུབ་པར་བྱའོ། །གཙང་མ་ཀླུ་འབུམ་དཀར་པོ་བདུད་རྩི་ཆུ་རྒྱུན་དང་འདྲ་བ་བཀའ་བསྒྲག་པར་བྱའོ། །བཀྲ་ཤིས། མངྒ་ལཾ།། །།

ཡོང་ཁུངས། དཔྱད་གཞིའི་ཡིག་ཆ།
[1] གཙང་མའི་ཀླུ་འབུམ་དཀར་ནག་ཁྲ་གསུམ་སོགས། པོད། ༼༡༽ ཤོག་གྲངས་ ༤༨ ནས་ ༥༠ བར་བཞུགས་པའི་དབུ་ཅན་བྲིས་མ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།