བ༽ སྤྱོད་འཇུག་གི་བརྒྱུད་པའི་རིམ་པ།
དེ་ཡང་རྒྱ་གར་གྱི་སློབ་དཔོན་མཁས་པ་ཆེན་པོ་ཀྲིཥྞ་པའི་ཞལ་སྔ་ནས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྟོགས་པར་དཀའ་བའི་གནས་གཏན་ལ་དབབ་པ་ལས[1]། ཡུན་རིང་དད་དང་བརྩོན་པའི་སྟོབས་ཀྱིས་བསམ་གཏན་མཆོག་ལ་རབ་གཞོལ་ཞིང༌། །གང་གི་སྤྱི་གཙུག་མཆོག་གིས་འཇམ་དབྱངས་ཞབས་ཀྱི་པདྨ་ལ་རེག་པ། །ས་སྟེང་འཇམ་དབྱངས་གཉིས་པ་ཡིན་ཞེས་མཁས་པ་རྣམས་ཀྱིས་བསྟོད་པ་བསྟན་བཅོས་རྩོམ་པ་པོ། །
བསྟོད་ཕྱིར་བདག་གི་ཡིད་ཀྱིས་དད་པའི་མེ་ཏོག་སྙིམ་པ་བཀང་བས་འཐོར། །ཞེས་གསུངས་པ་ལྟར། སློབ་དཔོན་ཆེན་པོ་ཞི་བའི་ལྷས་མཛད་པའི་ཐེག་པ་ཆེན་པོའི་བསྟན་བཅོས་ནམ་མཁའི་ཚད་ཀྱིས་གཞལ་དུ་མེད་པའི་ནང་ནས་འཕགས་པའི་ཡུལ་ན་ཉི་ཟླ་ལྟར་གྲགས་ཤིང་། མཁས་མཆོག་བརྒྱ་རྩ་བརྒྱད་ཀྱིས་བཀྲལ་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལེའུ་བཅུ་དང་། ཤླཽ་ཀ་སྟོང་གི་བདག་ཉིད་ཅན་གྱི་འགྲེལ་པ་ལ་བརྒྱ་བརྒྱད་ཡོད་པ་ནི། བུ་སྟོན་རིན་ཆེན་དོན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས[2]། སློབ་དཔོན་དེས་རང་ཉིད་སོ་སྐྱེར་ཞལ་གྱིས་བཞེས་ཀྱང་། སློབ་དཔོན་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་འཕགས་པར་བཤད་ཅིང་། ནག་པོ་པས་ཀྱང་འཇམ་པའི་དབྱངས་ཀྱི་ཞབས་ཀྱི་པད་མོ་ལ་སྤྱི་བོས་གཏུགས་པར་བཤད་པའི་སློབ་དཔོན་དེས། རྒྱས་པར་སྟོན་པ་བསླབ་བཏུས། བསྡུས་ཏེ་སྟོན་པ་མདོ་ཀུན་ལས་བཏུས། དོན་རྒྱས་ལ་ཚིག་བསྡུས་པ་སྤྱོད་འཇུག་དང་གསུམ་མཛད་དོ། །སྤྱོད་འཇུག་ལ་རྒྱ་གར་ན་འགྲེལ་པ་བརྒྱ་རྩ་ཡོད་པར་གྲགས་ཀྱང་། བོད་དུ་འགྱུར་བ་བརྒྱད་ཙམ་ཡོད་དོ། །ཞེས་གསུངས་པ་ལྟར་སྤྱོད་འཇུག་གི་བརྒྱུད་པའི་རིམ་པ་ནི། ཀརྨ་མཁན་པོས་ (1835-1913) མཛད་པའི་མཁན་ཆེན་ཞི་བ་ལྷའི་རྣམ་ཐར་ཚིགས་བཅད་མའི་འགྲེལ་ཆུང་གཡས་འཁྱིལ་སྐྱེ་བ་ལྔ་པའི་སྒྲ་དབྱངས་ལས[3]། བརྒྱུད་པའི་རིམ་པ་ནི། འཇམ་པའི་དབྱངས། ཞི་བ་ལྷ། ཨེ་ལ་དྷ་རི། དཔའ་བོ་རྡོ་རྗེ། མ་ཧཱ་ཤྲཱི། གསེར་གླིང་པ། ཇོ་བོ་རྗེ། ནག་ཚོ་ཚུལ་ཁྲིམས་རྒྱལ་བ། རོང་པ་ཕྱག་སོར་བ། ཞུ་ལན་པ། ཆུ་ལག་མ། སྣང་ཐང་གྲོ་མོ་ཆེ། སངས་རྒྱས་སྒོམ་པ། མཆིམས་ནམ་མཁའ་གྲགས། སྨྲ་བའི་སེངྒེ་། བརྩོན་འགྲུས་སེངྒེ་། བྱང་ཆུབ་གྲགས་པ། དོན་གྲུབ་དཔལ། རྒྱལ་མཚན་དཔལ་བཟང་པོ། སོག་དབོན་རིག་པའི་རལ་གྲི། རྗེ་མཐོང་བ་དོན་ལྡན། གོ་ཤྲཱི་དཔལ་འབྱོར་དོན་གྲུབ། སངས་རྒྱས་གཉན་པ། མི་བསྐྱོད་རྡོ་རྗེ། གཙུག་ལག་ཕྲེང་བ་སོགས་ཏེ། རྗེ་བརྒྱད་པ་ཕྱིན་ཆད་ཟུང་འཇུག་བརྒྱུད་རིམ་ལྟར་ལ། རྗེ་བཅུ་གསུམ་པ་བདུད་འདུལ་རྡོ་རྗེ་ནས་རས་ཆུང་ཤེས་རབ་རྒྱ་མཚོ། བླ་མ་བདེ་གསལ་ལྷ་ལུང་པ་ཀརྨ་བསྟན་འཕེལ་ལམ་མཚན་གཞན་མཁས་གྲུབ་འཇམ་དབྱངས་རྣམ་རྒྱལ། ཡོངས་འཛིན་སྦས་པའི་རྣལ་འབྱོར་པ་གོ་ཆེ་ཀརྨ་གཞན་དོན་མཐའ་ཡས་པའི་ཞལ་སྔ་ནས། དཔའ་བོ་གཙུག་ལག་ཕྲེང་བའི་འགྲེལ་ཆེན་གྱི་སྟེང་ནས་ཞིབ་ཁྲིད་དང་། དབོན་བསྟན་འཛིན་བྱང་ཆུབ་ཆོས་ཀྱི་ཉི་མའི་ཞལ་སྔ་ནས་རྩ་བའི་སྟེང་ནས་འགྲེལ་བཤད་གནང་ཞིང་། ཁ་རག་པ་བྱང་ཆུབ་གཞོན་ནུའི་འགྲེལ་པ་བརྟགས་ཤིང་སྦྱང་བ་བྱས་སོ། །ཕྱིས་སུ་མཁན་ཆེན་བཀྲ་ཤིས་འོད་ཟེར་གྱི་ཞལ་སྔ་ནས་རྒྱལ་སྲས་ཐོགས་མེད་ཀྱི་འགྲེལ་པའི་བཀླག་ལུང་ཡང་ལེགས་པར་ཐོབ། འཇམ་པའི་དབྱངས་དངོས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་པོ་ཏི་གྲགས་ཆེན་བཅོ་བརྒྱད་ཀྱི་གྲལ་དུ་ཐོབ་པའི་བརྒྱུད་པ་ས་ལུགས་ལྟར་རོ། །མཁས་གྲུབ་གཙུག་ལག་ཕྲེང་བ་ལས། འབྲོམ་སྟོན་ནས་བརྒྱུད་པ། རྔོག་ལོ་ནས་བརྒྱུད་པ། ཇོ་ནང་མི་ཏི་པཎ་ཆེན་ནས་བརྒྱུད་པ་བཅས་བརྒྱུད་སྲོལ་མི་འདྲ་བ་གསུམ་ཙམ་བཞུགས་སོ། །ཞེས་གསུངས་པ་ལྟར་རོ།།
དེ་ལྟའི་སྤྱོད་འཇུག་གི་གཞུང་དེ་ཉིད་ཕན་འདོགས་པ་ལྷུར་ལེན་གྱི་བསྟན་བཅོས་ཤིག་ཡིན་པ་ནི། རྒྱ་གར་གྱི་སློབ་དཔོན་མཁས་པ་ཆེན་པོ་ཀྲིཥྞ་པའི་ཞལ་སྔ་ནས་མཛད་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྟོགས་པར་དཀའ་བའི་གནས་གཏན་ལ་དབབ་པ་ལས[4]། འདི་ན་བསྟན་བཅོས་རྩོམ་པ་ནི་གཉིས་ཏེ། སྡེབ་སྦྱོར་ལྷུར་ལེན་པས་གཞུང་མཛེས་པ་གཙོར་བྱེད་པ་བཙུན་པ་ཟླ་གྲགས་ལ་སོགས་པ་དང༌། ཕན་འདོགས་པ་ལྷུར་ལེན་པས་སེམས་འདུལ་བ་གཙོ་བོར་བྱེད་པ་སློབ་དཔོན་ལུན་དྷ་ཀ་ལ་སོགས་པའོ། །དེ་ལ་སློབ་དཔོན་ཞི་བའི་ལྷ་འདི་ནི་ཕན་འདོགས་པ་ལྷུར་ལེན་པ་ཡིན་གྱིས། སྡེབ་སྦྱོར་དང་སྙན་ངག་ལ་སོགས་པ་གཙོ་བོར་བྱེད་པ་མ་ཡིན་ཏེ། དེའི་ཕྱིར་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པ་འདིར་སྡེབ་སྦྱོར་དང་འགལ་བ་དང༌། སྙན་ངག་དང༌། རྐྱང་པ་དང༌། སྤེལ་བ་ལ་སོགས་པ་མ་བྱུང་བས་ནི་སྤང་བར་བྱ་བ་མ་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཤ༽ དེབ་ཨང་ ༦༢ པ། ༢༠༠༨ ལོ། ཤོག་གྲངས་ ༢༣༣
[2] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག ༡༦༦
[3] ཀརྨའི་མཁན་པོའི་གསུང་འབུམ། ༼ང༽ འཕྲུལ་དཔར་དཔེ་རིང་། ཤོག་ ༡ན༣ ནས་ ༧ན༦ བར།
[4] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཤ༽ དེབ་ཨང་ ༦༢ པ། ཤོག་གྲངས་ ༢༣༣
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༣༧ ནས་ ༡༣༩ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།