ཉ༽ སློབ་དཔོན་ཆོས་གྲགས་ཀྱི་གསུང་བཟང་མ་རྙེད་པ།
དེ་ཡང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[1]། ༡༽ སློབ་དཔོན་འདིས་དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་གཅིག་ཀྱང་མཛད་ཡོད་གསུང་ཞིང༌། ༢༽ རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ལཱུ་ཡི་པས་མཛད་པར་གྲགས་པ་འདི་ཡང་སློབ་དཔོན་འདིས་མཛད་པ་ཡིན་གསུང༌། ཞེས་བྱུང་བ་ལྟར།
བསྟན་འགྱུར་དུ་ལྷོ་ཕྱོགས་ཀྱི་རྒྱུད་དུ་འཁྲུངས་པ་དངོས་གྲུབ་བརྙེས་པའི་སློབ་དཔོན་ལྷ་སྦས་ཀྱིས་མཛད་པའི་དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་གནས་པ་ཐམས་ཅད་རྒྱ་ཆེར་འགྲེལ་པ་དང་། སློབ་དཔོན་ཆེན་པོ་རིགས་པའི་བརྟུལ་ཞུགས་པ་དཔལ་དཱ་རི་ཀ་པས་མཛད་པའི་དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་དེ་ཁོ་ན་ཉིད་ཀྱིས་བསྡུས་པ། སློབ་དཔོན་མི་ཐུབ་ཟླ་བས་མཛད་པའི་དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་བདུད་རྩི་འཛག་པ། སློབ་དཔོན་མཁས་པ་མཻ་ཏྲི་པས་མཛད་པའི་དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་རིན་པོ་ཆེའི་སྒྲོན་མ། སློབ་དཔོན་སྤྲིན་གྱི་བཞོན་པའི་ལྷས་མཛད་པའི་དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་ཚིགས་སུ་བཅད་པ་སུམ་ཅུ་པ་བཅས་ལྔ་བཞུགས་པ་ལས་དེ་མིན་དཔལ་ལྡན་ཆོས་གྲགས་ཀྱི་མཛད་བྱང་གསལ་བའམ་ཡང་ན་མཛད་བྱང་གཏན་ནས་མི་གསལ་བའི་བདེ་མཆོག་གི་སྒྲུབ་ཐབས་ཤིག་མ་རྙེད་པས་དཔྱད་དགོས་པར་སྣང་ངོ་།།
དེ་བཞིན་རྒྱུད་ ༼ཞ༽ པར་བཞུགས་པ། དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཞེས་པ་བདེ་མཆོག་གི་སྒྲུབ་ཐབས་སློབ་དཔོན་ལཱུ་ཡི་པས་མཛད་པ་ནི་བསྟན་འགྱུར་དཔེ་བསྡུར་མའི་རྒྱུད་པོད་ ༼ཞ༽ དེབ་ཨང་ ༡༡ པའི་ཤོག་གྲངས་ ༡༠༠༩ ནས་ ༡༠༡༤ བར་བཞུགས་ཤིང་། མཚན་བྱང་ལ་དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཞེས་བྱ་བ་ཞེས་དང་། གཞུང་ཚད་ལ་ཚེག་ཁྱིམ་ ༡༧༩༨ ཅན་ཡིན་ལ། མཇུག་བྱང་དུ་བདེ་མཆོག་གི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ལཱུ་ཡི་པས་མཛད་པ་རྫོགས་སོ། །ཞེས་མཛད་པ་པོའི་མཚན་གསལ་བར་བྱུང་བས་འདི་ཡང་དཔྱད་དགོས་པ་ཞིག་གོ།
མདོར་ན། དཔལ་ལྡན་ཆོས་གྲགས་ཀྱི་གསུང་བསྟན་འགྱུར་དུ་བཞུགས་པའི་བསྟན་བཅོས་གྲངས་ ༡༥ དང་། རྒྱའི་སྐད་ནས་བོད་བསྒྱུར་ཞུ་རྒྱུའི་བསྟན་བཅོས་གྲངས་ ༣ ལེགས་སྦྱར་སྐད་ནས་བོད་བསྒྱུར་ཞུ་རྒྱུའི་བསྟན་བཅོས་ ༡ བཅས་དང་། གཞན་ཡང་བསྟན་བཅོས་ཀྱི་མ་ཡིག་མ་རྙེད་པའི་བསྟན་བཅོས་གྲངས་ ༢ བཅས་རིགས་པའི་དབང་ཕྱུག་དཔལ་ལྡན་ཆོས་ཀྱི་གྲགས་པས་མཛད་པའི་བསྟན་བཅོས་གྲངས་ ༢༡ ཡོད་པ་ལས། འདིར་མ་ཡིག་རྙེད་སོན་བྱུང་བའི་བསྟན་བཅོས་གྲངས་ ༡༥ ཕྱོགས་བསྒྲིགས་ཞུས་ཡོད་པ་བཅས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༡༤༦
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༢༣ ནས་ ༤༢༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།