ཕ༽ སྒྲ་སྒྱུར་གྱི་གལ་གནད་དང་། མ་འོངས་པའི་དགོས་མཁོ།
བོད་གངས་ཅན་ལྗོངས་ཀྱི་སྒྲ་སྒྱུར་ལོ་ཙཱ་བའི་ལོ་རྒྱུས་ནི། བོད་ཀྱི་བྱུང་རབས་ལོ་རྒྱུས་འཕེལ་རིམ་གྱི་ཁྲོད་དང་། ལྷག་པར་རིག་གནས་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ནང་གལ་ཆེའི་གནས་བབ་བཟུང་ཡོད་པར་མ་ཟད། མི་རིགས་དང་རྒྱལ་ཁབ་གང་ཞིག་ལ་ཆ་མཚོན་ནའང་། སྒྲ་སྒྱུར་གྱི་ལས་གཞི་དེ་ཤིན་ཏུ་གལ་ཆེན་པོ་ཆགས་ཡོད། བོད་མི་རིགས་ལ་མཚོན་ན་སྒྲ་སྒྱུར་གྱི་ལོ་རྒྱུས་ཤིན་ཏུ་རིང་བ་དང་། སྒྲ་སྒྱུར་གྱི་ཁྱབ་ཁོངས་གཞི་རྒྱ་ཆེ་བ། བརྗོད་དོན་ཕུན་སུམ་ཚོགས་པ།
སྒྲ་སྒྱུར་གྱི་སྤུས་ཚད་ཡང་རྩེར་སོན་པ་སོགས་ཀྱི་ཁྱད་འཕགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་སོགས་ལས་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གི་གཟི་བརྗིད་ཡངས་པའི་འཛམ་བུའི་གླིང་ལ་ཁྱབ་པ་འདི་ཉིད་སྒྲ་སྒྱུར་གྱི་ལས་དོན་ལ་བརྟེན་ནས་བྱུང་བ་བརྗོད་ག་ལ་དགོས།
སྔོན་བྱོན་མེས་པོ་དམ་པ་རྣམས་ཀྱིས་སྐབས་དེའི་རང་བྱུང་གི་ཆ་རྐྱེན་སོགས་གང་ཅིར་ད་ལྟ་དང་བསྡུར་ཐབས་མེད་པའི་གནས་ཚུལ་གྱི་འོག་ནས་རང་ཉིད་ཀྱི་ཡོད་ཚད་བློས་བཏང་སྟེ་དཀའ་བ་ཁྱད་བསད་དང་། ངལ་བ་དང་ལེན་གྱི་ཐོག་ནས་ཁེ་འདོད་དང་མིང་གྲགས་ལྟ་ཅི། རང་གི་སྲོག་ཉེན་ལའང་མ་འཛེམས་པར་ལ་ཀླུང་སྟོང་ཕྲག་བརྒལ་ཏེ་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ཕུལ་བྱུང་གི་རིག་གནས་ཤེས་བྱར་སློབ་སྦྱོང་མཐར་ཕྱིན་གནང་སྟེ། དེ་དག་གི་འཚོ་བཅུད་རྣམས་བསྡུ་ལེན་གནང་སྟེ་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་རླབས་ཆེན་འདི་ཉིད་ཕུན་སུམ་ཇེ་ཚོགས་དང་། འཐུས་ཇེ་ཚང་དུ་གཏོང་བར་འབད་བརྩོན་ལྷོད་མེད་གནང་ནས་བོད་ཀྱི་ཤེས་རིག་གི་སྐྱེད་ཚལ་ནང་རྣམ་པར་བཀྲ་བ་ལ། ཁྱད་ཡོན་འབུམ་གྱིས་ཕྱུག་པའི་རྩ་ཆེན་གྱི་མེ་ཏོག་ཆུན་པོ་ཞིག་ལེགས་སྐྱེས་སུ་ཕུལ་ཡོད། དེ་དག་གི་རྩ་བ་ནི་སྒྲ་སྒྱུར་གྱི་ལས་དོན་ཁོ་ནར་ཐུག་ཡོད།
དེ་ལྟར་སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ཕུལ་དུ་བྱུང་བའི་ཆོས་དང་རིག་གནས་རྣམས་བོད་མི་རིགས་ཀྱི་སྐད་ཡིག་ཏུ་བསྒྱུར་ནས་བོད་མིའི་ནང་བསམ་པའི་འཚོ་བཅུད་ལྟ་བུར་གྱུར་ཏེ། རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་རྩ་ཆེའི་རིག་གནས་གསར་སྐྲུན་བྱ་རྒྱུར་རླབས་ཆེན་གྱི་མཛད་རྗེས་འཇོག་གནང་མཛད་ཡོད། དེང་སྐབས་འཛམ་གླིང་ཐོག་བོད་ཀྱི་ཆོས་དང་རིག་གཞུང་ཞེས་བརྗོད་སྐབས། གཟི་བརྗིད་ཆེ་ཞིང་སྙན་གྲགས་ལྡན་པ། རྣམ་དཔྱོད་ཅན་རྣམས་ཀྱིས་ཐུགས་སྣང་དང་། མཐོང་ཆེན་ཆེན་པོས་ཞིབ་འཇུག་དང་། སློབ་སྦྱོང་བྱས་ཏེ་ད་ཆ་བོད་མིའི་གཅེས་ནོར་དང་། འཛམ་གླིང་གི་སྤྱི་ནོར་ཞིག་ཏུ་གྱུར་ཡོད། འདི་ལྟ་བུའི་རིག་གནས་ཀྱི་ནོར་བུའི་བང་མཛོད་ཕུན་སུམ་ཚོགས་པོ་ཞིག་རང་ཅག་ཕྱི་རབས་པ་རྣམས་ལ་ལེགས་སྐྱེས་སུ་འཇོག་པ་གནང་ཡོད།
དེས་ན་ད་ལྟ་དང་མ་འོངས་པའི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་རྣམས་ཀྱིས་སྔོན་བྱོན་ལོ་ཙཱ་བ་རྣམས་ལ་སློབ་སྦྱོང་ཞུས་ཏེ་དུས་རབས་ཉེར་གཅིག་པའི་ནང་འཛམ་གླིང་གི་སྔོན་ཐོན་ཚན་རིག་གི་ཤེས་བྱ་ཁག་དང་། གནའ་དེང་གི་ལྟ་གྲུབ་རིག་པའི་གཞུང་ལུགས་སོགས་བོད་ཀྱི་སྐད་ཡིག་ཏུ་བསྒྱུར་ཏེ་བོད་མི་རིགས་ཀྱི་སྐྱེ་བོ་ཀུན་གྱི་བློ་མིག་གསར་པ་འབྱེད་རྒྱུ་དང་། གཉིས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་རྣམས་འཛམ་གླིང་གི་སྐད་ཡིག་གཞན་དང་གཞན་དུ་བསྒྱུར་ཏེ་བྱམས་བརྩེ་དང་འཚེ་བ་མེད་པའི་ཆོས་དང་རིག་གཞུང་གི་ཐོག་ནས་འཛམ་གླིང་སྤྱི་དང་། སྐྱེ་འགྲོ་ཡོངས་ལ་ཞབས་འདེགས་བསྒྲུབ་རྒྱུའི་ཆ་རྐྱེན་དང་གོ་སྐབས་ཡོད་པ་ལྟར་ཕྱི་དངོས་པོའི་དཔལ་ཡོན་དང་། ནང་བསམ་པའི་དཔལ་ཡོན་བཅས་དཔལ་ཡོན་གཉིས་ལྡན་ཞིག་ཡོང་བ་དང་། དེང་རབས་ཚན་རིག་གི་ཤེས་བྱ་དང་། ལག་རྩལ་ནང་འདྲེན་ཐད་སྔོན་བྱོན་ལོ་ཙཱ་བ་རྣམས་ལ་སློབ་སྦྱོང་བྱེད་དགོས། ཕྱིའི་རིག་གནས་ཀྱི་འཚོ་བཅུད་ནང་འདྲེན་བྱ་རྒྱུ་ནི་བོད་མི་རིགས་ཀྱི་རིག་གནས་དར་རྒྱས་ཡོང་བའི་གལ་ཆེའི་ཆ་རྐྱེན་གཅིག་དང་། དངོས་ཡོད་ཀྱི་དགོས་མཁོ་ཆེན་པོ་ཞིག་ཀྱང་ཡིན་པས་མ་འོངས་པར་དེ་དག་གི་ཐོག་ཏུ་ལེགས་སྐྱེས་འབུལ་རྒྱུའི་རེ་སྨོན་ཤུགས་དྲག་ཞུ་རྒྱུ་ཡིན།
དེས་ན་རང་རེ་རྗེས་རབས་པ་ཚོས་སྔོན་བྱོན་ལོ་ཙཱ་བའི་བླ་ན་མེད་པའི་མཛད་རྗེས་དང་། དེ་དག་གི་བཀའ་དྲིན་རྣམས་སྙིང་དབུས་སུ་བཅངས་ཏེ་དེང་སྐབས་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཕྱི་དངོས་པོའི་གནས་སྟངས་ཐད་དར་རྒྱས་གོང་འཕེལ་བྱ་འཕུར་བ་ལྟར་འགྲོ་བཞིན་པའི་སྐབས་འདིར་རང་རེ་མི་རབས་འདིའི་བོད་ཀྱི་ལོ་ཙཱ་བ་དག་གིས་མ་འོངས་པར་ཚང་མ་གཞན་གྱི་སྐད་ཡིག་ལ་བརྟེན་མི་དགོས་པར་རྒྱལ་ཁབ་བམ་མི་རིགས་གཞན་གྱི་ཚན་རིག་ལག་རྩལ་སོགས་སྔོན་ཐོན་གྱི་ཤེས་བྱ་རྣམས་བོད་ཡིག་ཏུ་ཕབ་སྒྱུར་ཐོག་སྐད་ཡིག་གི་འགག་སྒོ་གཏོར་ནས་བོད་མི་རིགས་ལ་ངོ་སྤྲོད་བྱས་ཏེ་འཛམ་གླིང་སྔོན་ཐོན་ཡུལ་གྲུའི་ཚན་རྩལ་རིག་གསར་དང་། ཕྱི་ནང་གི་ལྟ་གྲུབ་སོགས་ཀྱི་གཞུང་ལུགས་ཁག་ཡང་དག་པ་དང་འཁྲུལ་པ་མེད་པའི་སྒོ་ནས་ཁ་བའི་ལྗོངས་སུ་རྩ་བ་ཚུགས་པ་དང་། ལོ་འདབ་རྒྱས་པ། འབྲས་བུ་འདོགས་པ་བཅས་བྱས་ནས་བོད་ཀྱི་ཤེས་རིག་ནོར་མཛོད་དེ་བས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་མ་འོངས་པར་ཕྱི་དངོས་པོའི་དཔལ་ཡོན་གྱི་ཐད་ལའང་དར་རྒྱས་གོང་འཕེལ་ཡོང་བ་བྱེད་དགོས་ཤིང་། དེ་ནི་བོད་མི་རིགས་ཀྱི་རིག་གནས་ལྡུམ་ར་དེ་ཇི་སྲིད་བར་རྣམ་པར་བཀྲ་བ་དང་། གསོན་ཉམས་ལྡན་པ། དྲི་ཞིམ་འཐུལ་བ་ཞིག་ཏུ་གནས་ཐུབ་མིན་དང་འབྲེལ་བའི་གནད་དོན་ཞིག་ཡིན། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། རྒྱ་གར་གྱི་པཎ་གྲུབ་ཉི་ཟླ་དང་འདྲ་བ་དེ་ཚོས་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་འདི་ཚོ་མ་བསྒྱུར་ན། རང་རེས་གདན་གྲུ་བཞི་ཞིག་གི་སྒང་ལ་བསྡད་ནས་ལྷོད་ཤིག་གེར་མཇལ་རྒྱུའི་སྐལ་བ་ག་ནས་རྙེད། ཅེས་གསུངས་པ་ལྟར་མ་འོངས་པར་དེ་ལྟར་ཡོང་བ་ཞིག་གནང་གལ་ཤིན་ཏུ་ཆེ་བས་མ་འོངས་པའི་ལོ་ཙཱ་བ་རྣམས་ཀྱིས་ཐུགས་སུ་འཇགས་པར་འཚལ་ཞེས་ཞུའོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༣༡ ནས་ ༤༣༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།