ཕ༽ མུ་སྟེགས་པའི་བྲམ་ཟེ་དང་དབྱིག་གཉེན་རྩོད་པ་མཛད་ཚུལ།

ཕ༽ མུ་སྟེགས་པའི་བྲམ་ཟེ་དང་རྩོད་པ་མཛད་ཚུལ།

 

དེ་ཡང་འགྲོ་མགོན་ཆོས་རྒྱལ་འཕགས་པས་ (1235-1280) མཛད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་གཞུང་ལུགས་མ་ལས[1]།

མང་དུ་སྦྱངས་པས་མཁྱེན་པའི་དཀྱིལ་འཁོར་རྒྱས། །

སྤོབས་པ་ཤེས་བྱའི་མཁའ་ལ་ཐོགས་མེད་རྒྱུ། །

རིགས་པའི་ཟེར་གྱིས་གཞན་གཞུང་ཚང་ཚིང་སྲེག །

དབྱིག་གཉེན་ཆོས་ཀྱི་ཉི་མ་ལ་ཕྱག་འཚལ། །

ཞེས་གསུངས་པ་ལྟར་སློབ་དཔོན་དབྱིག་གཉེན་ཆོས་ཀྱི་ཉི་མ་དང་མུ་སྟེགས་བར་རྩོད་པ་མཛད་ཚུལ་ནི། འཕགས་པ་ཐོགས་མེད་དང་དབྱིག་གཉེན་གཉིས་ཀྱི་བྱུང་བ་བརྗོད་པ་ལས[2]། སྟོན་པ་མྱ་ངན་ལས་འདས་ནས་ལོ་དགུ་བརྒྱ་ལོན་པ་ན། བྲམ་ཟེ་ཕྱི་རོལ་པ་ཞིག་བྱུང་། བིན་ཊ་ཥ་རིའི་ལྟེང་ཀ་ཞིག་ཏུ་གྲངས་ཅན་པའི་གཞུང་སམ་ཁྱ་ལ་མཁས་པའི་ཀླུ་ཞིག་ཡོང་བ་ལ་ཕྱི་རོལ་པ་དེས་གྲངས་ཅན་པའི་གཞུང་བསླབ་འདོད་ནས་ཀླུ་དེ་བཙལ་བར་སོང་། ཀླུ་དེ་བྲམ་ཟེའི་གཟུགས་སུ་སྤྲུལ་ནས་རྩྭའི་སྤྱིལ་བུ་ཞིག་ཏུ་སྒོམ་གྱིན་བཞུགས་ཡོད་པ་ལ། ཕྱི་རོལ་པ་དེས་མེ་ཏོག་སླེ་སྣོད་གང་བཟུང་ནས་ཀླུ་ལ་སྐོར་བ་བྱས་ནས་བསྟོད་ཚིག་ཕུལ་ཅིང་། བསྟོད་པ་ཤླཽ་ཀ་རེ་རེ་བཞིན་མེ་ཏོག་ཕུལ་བ་ལ། ཀླུས་དགག་ལན་ཤླཽ་ཀ་རེ་རེ་མཛད་དེ་མེ་ཏོག་ཚུར་འཕངས་སོ། །དེ་ལྟར་སླེ་སྣོད་ཀྱི་མེ་ཏོག་གཏོར་མ་ཚར་བར་དུ་བསྟོད་ཚིག་དང་ཚིག་ལན་རེས་མོས་སུ་བྱས་སོ། །དེ་ལྟར་བྱས་པས་ཕྱི་རོལ་པ་དེ་ཤེས་རབ་བརྩོན་པ་ཕུལ་དུ་བྱུང་བ་ཞིག་ཡིན་པར་ཤེས་ནས་སམ་ཁྱ་ཁྲིད་པར་ཁས་བླངས། འོན་ཀྱང་ཕྱི་རོལ་པ་དེ་ང་རྒྱལ་ཆེ་བར་དགོངས་ནས་ཁོ་བོའི་གཞུང་འདི་ཚིག་གཅིག་ཀྱང་བཅའ་བཅོས་མི་བྱ་བའི་མནའ་འབོར་དུ་བཅུག་ནས་གཞུང་བཤད་དོ།།

ཀླུ་ཡིས་གྲངས་ཅན་པའི་གཞུང་བཤད་པ་ཕྱི་རོལ་པས་ཟིན་བྲིས་བཏབ་ཅིང་། གཞུང་བཤད་ཚར་བ་ན་ཟིན་བྲིས་ཀྱང་བཏབ་ཚར་འདུག་པས་ཀླུ་དེས་ཟིན་བྲིས་ལ་བལྟས་པ་ན། ནང་དོན་ཁ་ཤས་བཅའ་བཅོས་བྱས་ཡོད་པར་མཐོང་ནས། བཅའ་བཅོས་བྱེད་མི་ཆོག་ཅེས་མ་བཤད་དམ། ཁྱོད་ཀྱིས་ཁས་མ་བླངས་པར་འདུག་ཅེས་སྨྲས་པས། ཕྱི་རོལ་པ་དེས་ཁྱེད་ཀྱིས་ཁྲིད་ཚར་རྗེས་བཅའ་བཅོས་བྱེད་མི་ཆོག་ཅེས་གསུངས་ཀྱང་འཁྲིད་པའི་སྐབས་སུ་བཅའ་བཅོས་བྱེད་མི་ཆོག་ཅེས་མ་གསུངས་ལ། ཁོ་བོའི་འདི་འཁྲིད་སྐབས་ཀྱི་ཟིན་བྲིས་ཡིན་པར་མ་ཟད། དོན་དང་འགལ་བ་ཅུང་ཟད་ཀྱང་མེད། འཕྲོ་ཕྱིན་ཆད་རང་བཟོས་བཅའ་བཅོས་མི་བྱེད་ལ། གཞན་ལ་ཡང་བཅའ་བཅོས་བྱེད་དུ་མི་འཇུག །ཁྱེད་ཀྱིས་ཐུགས་དོགས་གནང་མི་དགོས་ཞེས་ཞུས་པས་ཀླུས་ཀྱང་ཟིན་བྲིས་ཕྱིར་གནང་ནས་འཁྱེར་དུ་བཅུག་གོ།

ཕྱི་རོལ་པ་དེ་གྲངས་ཅན་པའི་གཞུང་བསླབས་རྗེས་ང་རྒྱལ་སྐྱེས་ནས་ད་སྐབས་འཇིག་རྟེན་དུ་དར་ཆེ་བ་སངས་རྒྱས་པའི་གཞུང་ལས་ཡན་མེད་ལ། ད་ནི་ཁོ་བོ་སམ་ཁྱ་ལ་མཁས་པས་ཁོ་བོའི་ཡན་ན་མེད་དོ་སྙམ། ཨ་ཡུར་ཙཱ་ཞེས་པའི་ཡུལ་གྱི་རྩོད་གྲྭ་ཞིག་ཏུ་སོང་ནས་རྩོད་རྔ་བརྡུངས་ཤིང་། དེང་ཁོ་བོས་སངས་རྒྱས་པ་དང་རྩོད་པ་བྱེད་རྒྱུ་ཡིན། སུ་ཕམ་ན་དེའི་མགོ་བོ་གཅད་པར་བྱ་ཞེས་བསྒྲགས་སོ། །ཕྱི་རོལ་པ་དེ་རྒྱལ་པོའི་ཕོ་བྲང་དུ་སོང་ནས་རྒྱལ་པོ་ལ་སྨྲས་པ། ཁྱོད་ནི་རྒྱལ་པོ་ཡིན་པས་བློ་གཟུ་བོར་གནས་ནས་སངས་རྒྱས་པ་དང་། བྲམ་ཟེ་གང་ལ་ཡང་ཕྱོགས་ཞེན་མེད་པར་མཛོད་ཅིག །ཁོ་བོས་སངས་རྒྱས་པ་དང་རྩོད་པའི་རྒྱལ་ཕམ་ཤན་འབྱེད་བྱ་རྒྱུ་ཡིན། མགོ་བོ་རྒྱལ་ལ་བཙུགས་པ་ཡིན་པས་ཁྱོད་དྲང་བདེན་གྱི་དཔང་པོ་མཛོད་ཅིག་ཟེར་རོ། །རྒྱལ་པོ་ནི་སངས་རྒྱས་ཀྱི་ཆོས་ལ་དགའ་བ་ཡིན་པས་ཕྱི་རོལ་པ་དེ་ང་རྒྱལ་ཆེ་ཡང་སངས་རྒྱས་པའི་ཁ་ཡ་མི་འོང་བར་མཁྱེན་ནས་དཔང་པོར་བཞུགས་རྒྱུ་ཁས་བླངས་སོ།།

སྐབས་དེར་མཚན་སྙན་གྲགས་ཆེ་བའི་ལྷའི་བཤེས་གཉེན་ (དབྱིག་གཉེན་) ནི་ས་གཞན་དུ་ཕེབས་ནས་མི་བཞུགས་ཤིང་། བུདྷ་མི་ཏཱ་གཞུང་ལ་མཁས་ཀྱང་ན་སོ་བགྲེས་པས་དྲན་པ་ཉམས་ཤིང་། རྩོད་པའི་ཁུར་ཐེག་དཀའ་བའི་ཚོད་དུ་ཡོད་ཀྱང་། སློབ་དཔོན་གྱི་བསམ་པར་ཕྱི་རོལ་པ་འདི་ང་རྒྱལ་ཤིན་ཏུ་ཆེ་ཞིང་། འདིའི་རྩོད་ཟླར་འོས་པའི་མཁས་པ་གཞན་ད་ལྟར་མི་བཞུགས་པས་ཁོ་བོས་འདི་དང་རྩོད་པར་བྱའོ་སྙམ་མོ། །དེ་ལྟར་རྒྱལ་པོ་ལ་ཞུས་པས་རྒྱལ་པོས་ཁྱོད་ན་སོ་རྒས་པས་རྩོད་ནུས་སམ་གསུངས་པས། སློབ་དཔོན་གྱིས་སྐྱོན་མེད་གསུངས་ནས་རྩོད་པའི་དུས་བཏབ་བོ།།

དེ་ནས་རྩོད་པའི་ར་བར་ཚོགས་པའི་དབུས་སུ་ཕྱི་རོལ་པ་དེས་ཁྱོད་ཀྱིས་དམ་བཅའ་གཟུང་རྒྱུ་ཡིན་ནམ་ཁོ་བོས་དམ་བཅའ་གཟུང་རྒྱུ་ཡིན་ཞེས་དྲིས་པ་ན། སློབ་དཔོན་མི་ཏཱས་ངེད་ཅག་གི་གཞུང་ལུགས་རྒྱ་མཚོ་ལྟར་ཟབ་ཅིང་རྒྱ་ཆེ་བ་ཡིན་ལ། ཁྱོད་ཅག་གི་གཞུང་ས་སྒོང་དང་འདྲ་བས་རྒྱ་མཚོ་དང་ཕྲད་པ་ཙམ་གྱིས་ཐོར་ཞིག་ཏུ་འགྲོ་བ་ལས་འོས་མེད་པས་ཁྱོད་རང་ཅི་དགར་གྱིས་ཤིག་གསུངས། ཕྱི་རོལ་བས་ཁྱོད་ཁ་སྟབས་མ་མཐོ། རྩོད་པའི་གྲོས་འདོན་མཁན་ཁོ་བོ་ཡིན་པས་ཁྱོད་ཀྱིས་གཞུང་ཚུགས་དང་ཁོ་བོས་དགག་པར་བྱའོ་ཟེར། དེ་ནས་སློབ་དཔོན་གྱིས་འོ་ན་ཁོ་བོས་འདུས་བྱས་ཐམས་ཅད་སྐད་ཅིག་གིས་འཇིག་པའི་ཆོས་ཅན་ཡིན་པས་ཁྱབ་པ་ཁས་ལེན་པ་ཡིན་པས་ཁྱོད་ཀྱིས་དགག་པ་ཐོངས་ཤིག་ཟེར་བ་ལ། ཕྱི་རོལ་པས་དེ་ལ་དཀའ་བ་ཅི་ཡོད་ཅེས་གྲངས་ཅན་གཞུང་གི་ལུང་མང་དུ་དྲངས་ནས་བཀག་པས་སློབ་དཔོན་གྱིས་གྲངས་ཅན་པའི་གཞུང་མི་ཤེས་ཤིང་། ན་སོ་ཆེ་བའི་སྟབས་གྱིས་སྤོབས་པ་དབུལ་བས་ཁས་ལེན་མ་ཟིན་ཏོ། །ཕྱི་རོལ་པས་ཁྱོད་ནི་བྲམ་ཟེའི་རིགས་ཡིན་པས་གསོད་མི་རུང་ཡང་སུ་ཕམ་ན་དེའི་མགོ་གཅོད་པའི་དམ་བཅའ་བྱས་ཡོད་པས་ཆད་པ་མ་བཅད་ན་ག་ལ་རུང་། དེས་ན་སྲོག་མི་གཅོད་པར་ལུས་ལྕག་གིས་འབྲབ་པའི་ཆད་པ་གཅོད་ཟེར། སློབ་དཔོན་ལ་ལྕག་གིས་བྲབས་ནས་ཁྲེལ་དགོད་བྱས་ཏེ་སོང་ངོ་།།

ཕྱི་རོལ་པ་དེས་སངས་རྒྱས་པ་ཕམ་པར་བྱས་སོ་སྙམ་སྟེ་ཁེངས་དྲེགས་སྐྱེས་ཤིང་། བིན་ཊ་ཥ་རིར་སོང་བས་སྔར་གྱི་ཀླུ་མཁས་པ་དེ་མི་བཞུགས་པས་བྲག་ཁུང་ཞིག་གི་ནང་དུ་བསྡད་ནས་ངན་སྔགས་ཀྱིས་གནོད་སྦྱིན་མོ་བཀུག་ནས་ཁོ་བོས་ལུས་བྲག་རྡོ་དང་མཚུངས་པར་མི་འཇིག་པའི་འཆི་མེད་ཚེ་ཡི་རིག་འཛིན་བསྒྲུབ་རྒྱུ་ཡིན་པས། ཁྱོད་ཅག་ཕ་བོང་བླངས་ནས་བྲག་ཁུང་གི་སྒོ་ཆོད་ཅིག་ཅེས་བསྒོས་ནས་ལུས་རྡོ་རུ་གྱུར་སོང་། དེ་ལྟར་བྱེད་པའི་རྒྱུ་མཚན་ནི་སྔར་ཀླུའི་དྲུང་དུ་གྲངས་ཅན་གྱི་གཞུང་སློབ་པའི་ཚེ་ཁོ་བོའི་ལུས་མ་ཞིག་ན་གྲངས་ཅན་པའི་གཞུང་མི་ནུབ་ཅེས་ཁས་བླངས་པ་ལྟར་ལུས་རྡོར་འགྱུར་བའི་ཏིང་འཛིན་བསྒོམས་པ་རེད།

དེ་ནས་མ་འགྱངས་པར་སློབ་དཔོན་བཤེས་གཉེན་ཨ་ཡུར་ཙཱར་ཕེབས་པས། སྔར་གྱི་རྒྱུ་མཚན་དེ་གསན་ནས་ཕྱི་རོལ་པ་དེ་ཅིས་ཀྱང་རྩོད་པས་ཚར་གཅད་དགོས་པར་དགོངས། གྲངས་ཅན་གཞུང་ལ་གཟིགས་རྟོག་མཛད་ཅིང་། ཕོ་ཉ་མངགས་ནས་བིན་ཊ་ཥ་རིར་ཕྱི་རོལ་པ་དེ་བཙལ་དུ་བཏང་ཡང་། ཕྱི་རོལ་པ་དེ་རྡོར་གྱུར་འདུག་པས་དངོས་སུ་རྩོད་རྒྱུར་མ་སོང་བས་སློབ་དཔོན་གྱིས་ཡང་དག་བདུན་ཅུ་པ་ཞེས་པའི་གཞུང་བརྩམས་ནས་གྲངས་ཅན་གྱི་གཞུང་སུན་འབྱིན་པར་བྱས་སོ། །སློབ་དཔོན་གྱི་གཞུང་དེ་ཕྱོགས་ཀུན་ཏུ་དར་ཁྱབ་བྱུང་། སློབ་དཔོན་གྱིས་ཁོ་བོ་ལ་རྩོད་མཁན་ཡོད་ན་ཐ་དད་དུ་བུད་ནས་རྩོད་ཅིག །ཁོ་བོ་དག་གཞུང་ལུགས་ཀྱི་བདེན་རྫུན་ལ་རྩོད་པ་ཡིན། སྲོག་རྒྱལ་ལ་འཇོག་དགོས་དོན་མེད་དོ་ཞེས་ཁྱབ་བསྒྲགས་བྱས་ཀྱང་། ཕྱི་རོལ་པ་རྣམས་ཀྱིས་གྲངས་ཅན་གཞུང་ཡང་སུན་འབྱིན་བྱས་ན་སུ་ཞིག་དེའི་རྩོད་ཟླར་འོས་སྙམ་ནས་རྩོད་མཁན་མ་བྱུང་ངོ་། །ཞེས་གསལ་ལོ།།

རྩོད་པ་མཛད་ཡུལ་ནི། ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་གམ། ཡོངས་གྲགས་ཐང་སན་ (603-664) ལམ་ཡིག་ལས[3]། དེ་ནས་བྱང་ཤར་མཚམས་སུ་རྒྱང་གྲགས་དྲུག་བརྒྱ་ཙམ་ཕྱིན་པ་ན་གངྒཱའི་འགྲམ་དང་ཉེ་བ་ན་ཨ་ཤོ་ཀའི་ཡུལ་ཡོད། དེའི་ཐ་གྲུར་རྒྱང་གྲགས་ལྔ་སྟོང་ལྷག་དང་། གཞུང་མཁར་ཆེན་པོའི་ཁོར་ཡུག་ཏུ་རྒྱང་གྲགས་ཉི་ཤུ་ལྷག་ཡོད། ས་གཞི་གཤིན་ལ་ནམ་དབུགས་དྲོ་བ། བྲུས་མ། ཡུངས་དཀར་ནག །ནས། གྲོ། འབྲས། ཤིང་ཏོག །མེ་ཏོག་ཕུན་སུམ་ཚོགས་པ་མིའི་རང་བཞིན་དུལ་བ་བསྲུན་པ། དགེ་བའི་རྩ་བ་ལ་འདུན་ཅིང་འབད་པ་སློབ་གཉེར་ལ་དགའ་བ། གཙུག་ལག་ཁང་བརྒྱ་ལྷག་ཡོད་པར་དགེ་འདུན་སུམ་སྟོང་ལྷག་གནས་པ། ཐེག་པ་ཆེ་ཆུང་གཉིས་ལ་འདྲེས་མར་སློབ་པ། ཕྱི་པའི་ལྷ་ཁང་བཅུ་ཕྲག་གཅིག་འདུག་ཀྱང་ཏུ་རུ་ཀ་ཉུང་ཙམ་གནས། གྲོང་ཁྱེར་ཆེན་པོའི་ནང་ན་གཙུག་ལག་ཁང་རྙིང་པ་ཞིག་ཡོད་པ་ནི། བྱང་ཆུབ་སེམས་དཔའ་བ་སུ་བྷནྫུ་སྟེ་དབྱིག་གཉེན་ཐོག་མར་འདིར་གནས་ནས་ཐེག་པ་ཆེ་ཆུང་གི་བསྟན་བཅོས་ཤིག་མཛད་དེ་བྲམ་ཟེ་མང་པོ་དང་བགྲོ་གླེང་སྒོ་ནས་ཕམ་པར་མཛད་པའི་གནས་ཡིན་སྐད། ཅེས་གསལ་བ་ལྟར་བཙན་པོ་སྐུ་ཕྲེང་བཞི་པ་འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་ (1789-1839) ཀྱིས་མཛད་པའི་འཛམ་གླིང་རྒྱས་བཤད་ལས[4]། ཐང་ཟིང་གིས་སིནྡྷུའི་ཀླུང་འགྲམ་ན་ཡོད་པའི་ཡུལ་ཞིག་གི་མི་ཐམས་ཅད་རབ་ཏུ་བྱུང་བའི་ཆ་ལུགས་ཅན་མི་བསྲུན་པ་ཤ་སྟག་ཡིན་པར་བཤད་པ་ནི་ཡུལ་དེ་ཉིད་ཡིན་ཚོད་འདུག་ལ། ཡུལ་དེར་ལོ་འགའ་ཞིག་གི་སྔོན་དུ་རྒྱལ་པོ་ཨ་ཛོ་པི་ར་ཁཱན་ཟེར་བ་ཞིག་ཡོད་པ་རཾ་ཛི་ཏ་སིངྷས་བསད་དེ་ཡུལ་ཐོབ་ཟེར་བ་ཐོས། ཡུལ་དེ་ནས་སིནྡྷུའི་ཀླུང་འགྲམ་བརྒྱུད་དེ་བྱང་གི་ཕྱོགས་སུ་ཕྱིན་པ་ན་པཾ་ཛཱ་བ་ཟེར་བའི་ཡུལ་ཆེན་པོ་ཡོད་པ་དེ་མདོ་སྡེ་དག་ལས་ཡུལ་ཀེ་ཀེ་ཀཱ་བེ་ནོ་དང་ལྔ་ལེན་ཞེས་གསུངས་པ་དེ་ཡིན་ནམ་སྙམ།

ཡུལ་དེ་ཡང་ཡུལ་ཁམས་རྒྱ་ཆེ་ཞིང་གསེར་དངུལ་ཟངས་ལྕགས་སོགས་ཀྱི་འབྱུང་ཁུངས་དང་། འབྲུ་རིགས་མང་པོ་འདེབས་རུང་བ་ལ་རྟ་དང་རྔ་མོང་སོགས་ཕྱུགས་ཀྱི་རིགས་ཤིན་ཏུ་མང་པོ་ཡོད་པས། ཡུལ་དེའི་སྐྱེ་བོ་ཕལ་ཆེར་གཟུགས་ཆེ་ལ་སྦོམ་ཐུང་བ་རྟབ་རྟོབ་ཅན་སྦྱིན་གཏོང་ལ་དགའ་བ་དག་ཡིན་ཅེས་ཐང་སན་གྱིས་ཀྱང་བཤད་ལ་གཽ་སཱན་དག་ལས་ཀྱང་ཐོས། ཡུལ་དེར་འདས་པའི་སངས་རྒྱས་རྣམ་བཞིའི་བཞུགས་ཁྲི་དང་མཛད་ཤུལ། སློབ་དཔོན་དབྱིག་གཉེན་བཞུགས་པའི་གཙུག་ལག་ཁང་སོགས་ཡོད་པར་ཐང་ཟིང་གིས་བཤད་འདུག ཅེས་གསུངས་སོ།།

དེ་བཞིན་ཐང་སན་ (603-664) ལམ་ཡིག་ལས[5]། དེའི་མཐའ་ལོགས་ཤིག་ན་སློབ་དཔོན་བི་མ་ལ་མི་ཏྲ་སྟེ་དྲི་མེད་བཤེས་གཉེན་གྱི་སྐུ་གདུང་བཞུགས་པའི་མཆོད་རྟེན་ཡོད། སློབ་དཔོན་དེ་ནི་ཡུལ་ཁ་ཆེ་བ་ཐམས་ཅད་ཡོད་སྨྲ་བའི་སྡེ་ལས་རབ་ཏུ་བྱུང་བ། མདོ་དང་བསྟན་བཅོས་ཐམས་ཅད་ལ་མི་སློབ་ཟེར་བ་མེད་དེ་རྒྱ་གར་ཕྱོགས་ལྔ་ན་མཁས་པར་གྲགས་ཏེ། ལན་ཅིག་ཁ་ཆེ་འདུན་བཟང་གི་བསྟན་བཅོས་མཐོང་ནས་དེ་ཡང་ཡང་བསྔགས་པར་མཛད་ཅིང་། མཁས་པ་དབྱིག་གཉེན་ལ་ཡང་དགག་པ་མཛད་ཅིང་གྲགས་ཆེ། ཞེས་དང་། ཡང་དེ་ཉིད་ལས[6]། དགེ་སློང་རྩིབ་ལོགས་ཀྱི་བཞུགས་གནས་ཀྱི་ལྷོ་ངོས་སུ་སློབ་དཔོན་ཨ་ནུ་ཧྲི་ད་སྟེ་ཡིད་བཞིན་ཞེས་པས་ལྷག་མཐོང་ཆེན་མོ་མཛད་པའི་གནས་ཡིན་ཟེར་བ་འདུག །སློབ་དཔོན་དེ་ནི་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་སྟོང་ཙམ་ལོན་པའི་དུས་སུ་བྱུང་སྟེ། གཞོན་ནུའི་དུས་ནས་སྤོབས་པ་ཆེ་ཞིང་། སྟོན་པའི་ཆོས་སློབ་པ་ལ་འདུན་པ་ཆེ་ཞིང་། ཡུལ་ཐག་ཉེ་རིང་གི་མི་རྣམས་ཀྱི་ཡིད་འཕྲོག་པ་ཞིག་སྟེ། ཞེས་དང་། སློབ་དཔོན་ཡིད་བཞིན་གྱིས་སྐྲ་ཐེངས་རེ་བསིལ་བ་གསེར་ཊམ་ཁྲི་ཕྲག་རེ་སྟེར་བའི་ཡུལ་མི་རྣམས་ལ་གྲགས་ཆེ་བས། རྒྱལ་པོ་སློབ་དཔོན་ལ་འགྲན་སེམས་སྐྱེས་ཏེ་དམའ་དབབ་པའི་ཕྱིར་ཕྱི་རོལ་བའི་མཁས་པར་གྲགས་པ་བརྒྱ་ཙམ་བསྡུས་ཏེ། བགྲོ་གླེང་བྱེད་དུ་བཅུག་པའི་སྐབས་སུ་ཕྱི་རོལ་པ་དགུ་བཅུ་རྩ་དགུའི་སྤོབས་པ་ཆད་པར་གྱུར་ཏེ་འབྲོས་སྟབས་ཀྱིས་ལོག་པ་ལས་གཅིག་པུ་དེས་དུ་བ་སྔོན་དུ་འབྱུང་བས་དུ་བ་དང་མེ་ཟེར་ན་འཐད་དེ། གོ་རིམ་འཁྲུགས་ཞེས་རྩོད་པས་རྒྱལ་པོ་ཡང་ཕྱོགས་རིས་ཀྱིས་ཕྱི་རོལ་པའི་ཆ་བཟུང་བས། སློབ་དཔོན་གྱིས་དོག་པ་བསལ་ན་ནུས་མོད་ཀྱིས་ཕྱི་རོལ་པ་ལ་བཀུར་བའི་བསམ་པས་ཅང་མི་ཟེར་བར་དབྱིག་གཉེན་ལ་བཀའ་ཆེམས་ཤིག་བསྐུར་ནས་དེ་ཉིད་དུ་མྱ་ངན་ལས་འདས་སོ། །དེ་ནས་མ་འགྱངས་པར་རྒྱལ་པོའི་རྒྱལ་ས་ཤོར། རྒྱལ་པོ་ཕྱི་མའི་དུས་སུ་དབྱིག་གཉེན་གྱིས་སློབ་དཔོན་ཡིད་བཞིན་གྱི་བཀའ་ཆེམས་ཡོད་ཚུལ་ཞུས་པས། རྒྱལ་པོས་ཕྱི་རོལ་པ་སྔ་མ་དེ་དག་དང་གསར་པ་འགའ་བཅས་བསྡུས་ནས་རྩོད་དུ་བཅུག་པས་དབྱིག་གཉེན་གྱིས་ཕྱི་རོལ་པ་ཐམས་ཅད་རྨེག་མེད་དུ་ཕམས་སོ། །ཞེས་གསལ་ལོ།།

མཁས་དབང་དགེ་ཆོས་ (1903-1951) ཀྱིས་མཛད་པའི་གཏམ་རྒྱུད་གསེར་ཐང་མ་ལས[7]། གཞན་དག་ན་རེ་ཕལ་མོ་ཆེ་ཞེས་པས་ངོ་ཚ་ནས་ལྕེ་ཟས་ཏེ་ནོངས། དབྱིག་གཉེན་གྱིས་མཁན་པོ་དེ་ལྟར་བྱུང་བ་ཐོས་ནས་སོང་སྟེ་མུ་སྟེགས་ཐམས་ཅད་ཚར་བཅད། ཕྱིས་ཤིག་ན་གཙུག་ལག་ཁང་དེའི་བར་ཁང་ཞིག་ཏུ་བཞུགས་ནས་མངོན་པ་མཛོད་བརྩམས་པའི་བྲང་ཁང་ཡང་དེ་ནས་ཆེས་མི་རིང་བ་བྱོན་ན་རྒྱའི་བཙུན་པས་གཟིགས་པར་གསུངས། ཞེས་གསལ་བ་ལྟར་སློབ་དཔོན་དབྱིག་གཉེན་གྱིས་རྩོད་པའི་སྒོ་ནས་ཕྱི་རོལ་པའི་མཁས་པར་གྲགས་པ་རྣམས་ཀྱང་ཚར་བཅད་པའོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ས་སྐྱ་པའི་ཞལ་འདོན་ཕྱོགས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༤༨

[2]  ཀུ་མ་ར་ཛི་བས་རྒྱ་ཡིག་ཏུ་བསྒྱུར། དོར་ཞི་གདོང་དྲུག་སྙེམས་བློས་བོད་ཡིག་ལ་བསྒྱུར། སྦྲང་ཆར། ༢༠༠༥། ༣ ཤོག་ ༡༣༩

[3]  ཐང་སན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༣༢

[4]  འཛམ་གླིང་རྒྱས་བཤད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༡༡༢

[5]  ཐང་སན་ལམ་ཡིག །ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༡༠༣

[6]  ཐང་སན་ལམ་ཡིག །ཀྲུང་གོའི་བོད་རིགས་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༤༦

[7]  དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་ ༣༡༦

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༢༡ ནས་ ༡༢༨ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *