ཞ༽ པཎ་གྲུབ་གསོལ་འདེབས་ཀྱི་ཚིག་འགྲེལ།

ཞ༽ པཎ་གྲུབ་གསོལ་འདེབས་ཀྱི་ཚིག་འགྲེལ།

 

དེ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་སྲས་ཀྱི་ཐུ་བོ་རྒྱལ་སྲས་འཕགས་པ་ལྷ་ལ་གསོལ་བ་འདེབས་པ་ནི། ༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པས་མཛད་པའི་དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ལས[1]།

དེ་སྲས་ཐུ་བོ་མཁས་ཤིང་གྲུབ་པའི་མཆོག །ཕྱི་ནང་གྲུབ་མཐའ་རྒྱ་མཚོའི་ཕ་མཐར་སོན། །

ཀླུ་སྒྲུབ་གཞུང་འཛིན་ཀུན་གྱི་གཙུག་ནོར་དཔལ། །རྒྱལ་སྲས་འཕགས་པ་ལྷ་ལ་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། སློབ་དཔོན་ཀླུ་སྒྲུབ་དེ་ཡི་གསུང་ལས་སྐྱེས་པའི་དངོས་ཀྱི་སློབ་མ་སློབ་དཔོན་ཤཱཀྱ་མི་ཏྲ་སྟེ་ཤཱཀྱ་བཤེས་གཉེན་དང་། སློབ་དཔོན་ནཱ་ག་བོདྷི་སྟེ་ཀླུ་ཡི་བྱང་ཆུབ། སློབ་དཔོན་ཨཱརྱ་དེ་ཝ་སྟེ་འཕགས་པ་ལྷ། སློབ་དཔོན་མ་ཏངྒི་པ་བཅས་ཐུགས་སྲས་བཞི་དང་། སློབ་དཔོན་སངས་རྒྱས་བསྐྱངས་དང་། སློབ་དཔོན་ལེགས་ལྡན་འབྱེད། སློབ་དཔོན་དཔའ་བོ་བཅས་ཉེ་བའི་སྲས་གསུམ་སྟེ་བདུན་བྱུང་ཞིང་། དེ་དག་གི་ནང་ནས་ཀྱང་རྒྱལ་སྲས་ཨཱརྱ་དེ་ཝ་ནི་མགོན་པོ་ཀླུ་སྒྲུབ་ཀྱི་སློབ་མ་གཞན་རྣམས་ཀྱིས་ཀྱང་སློབ་དཔོན་ཉིད་དང་འདྲ་བར་ཚད་མར་འཛིན་པ་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱི་དགོངས་པ་ཇི་བཞིན་དུ་སློབ་དཔོན་འདི་ཉིད་ཀྱིས་མདོ་སྔགས་གཉིས་ཀའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གཏན་ལ་ཕབ་ཅིང་། ཉིད་ཀྱིས་ཀྱང་བསྟན་བཅོས་མང་དུ་མཛད་དེ་ཐུན་མོང་མ་ཡིན་པའི་ཐུགས་སྲས་འགྲན་ཟླ་དང་བྲལ་བ་ཞིག་ཡིན་པས། འཕགས་པ་ཡབ་སྲས་[2]གཉིས་ཞེས་འཕགས་ཡུལ་དུ་མཚན་སྙན་རླུང་ལྟར་གྲགས་པའི་སྲས་ཀྱི་ཐུ་བོར་གྱུར་པ་དང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གཞུང་ལུགས་སྤྱི་དང་། ལྷག་པར་ཐེག་པ་ཆེན་པོའི་སྡེ་སྣོད་ལ་མཁས་ཤིང་། དེ་དག་གི་བརྗོད་དོན་རྩེ་གཅིག་ཏུ་ཐུགས་ཉམས་སུ་བཞེས་པས། གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་འཕགས་མཆོག་ཏུ་གྱུར་ཅིང་། ཡང་སྒོས་ཕྱི་ནང་གི་གྲུབ་མཐའ་རྒྱ་མཚོའི་ཕ་མཐར་སོན་ཏེ་རིགས་ཅན་གསུམ་གྱི་གདུལ་བྱ་རྣམས་གང་ལ་དེ་འཚམ་གྱི་ཐེག་གསུམ་ཐར་པ་ཆེན་པོའི་རིན་ཆེན་གླིང་མཆོག་ཏུ་བདེ་བར་བགྲོད་པའི་ས་མཁན་གཅིག་པུ། བསྟན་པ་འདི་ལ་སྟོན་པ་གཉིས་པ་ལྟར་གྲགས་པའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་གསར་དུ་སྲོལ་བཟང་བཏོད་པའི་དབུ་མའི་གཞུང་འཛིན་ཏེ། དབུ་མའི་ལམ་སྲོལ་འཛིན་པའི་མཁས་མཆོག་མང་དུ་བྱོན་པ་རྣམས་ལས་ཀྱང་ཐལ་རང་ཕྱོགས་འཛིན་པའི་དབུ་མ་པ་སྟེ། ཐལ་འགྱུར་བའི་ཕྱོགས་འཛིན་པ་སློབ་དཔོན་སངས་རྒྱས་བསྐྱངས་རྗེས་འབྲང་དང་བཅས་པ་དང་། རང་རྒྱུད་པའི་ཕྱོགས་འཛིན་པ་སློབ་དཔོན་ལེགས་ལྡན་འབྱེད་རྗེས་འབྲང་དང་བཅས་པའི་དབུ་མ་པ་ཀུན་གྱིས་སྤྱི་མོས་ཀྱིས་སྤྱི་གཙུག་ཏུ་བཀུར་བའི་གཞུང་ཕྱི་མོའི་དབུ་མ་པ་ཞེས་བསམ་འཕེལ་ནོར་བུ་དང་མཚུངས་པ་སྟེ། རྗེའི་ལམ་རིམ་ཆེན་མོ་ལས[3]། འདི་ལ་འཕགས་པ་ལྷ་ནི་སློབ་དཔོན་སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད་དང་། ཟླ་བ་གྲགས་པ་དང་། ཞི་བ་འཚོ་ལ་སོགས་པའི་དབུ་མ་པ་ཆེན་པོ་རྣམས་ཀྱིས་ཀྱང་སློབ་དཔོན་དང་འདྲ་བར་ཚད་མར་མཛད་པས། ཡབ་སྲས་གཉིས་ཀ་དབུ་མ་པ་གཞན་རྣམས་ཀྱི་ཁུངས་ཡིན་པས། སྔ་རབས་པ་རྣམས་དེ་གཉིས་ལ་གཞུང་ཕྱི་མོའི་དབུ་མ་པ་ཞེས་དང༌། གཞན་རྣམས་ལ་ཕྱོགས་འཛིན་པའི་དབུ་མ་པ་ཞེས་ཐ་སྙད་བྱེད་དོ། །ཞེས་གསུངས་པ་ལྟར། དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། སློབ་དཔོན་ཨཱརྱ་དེ་ཝ་བཅས་སློབ་དཔོན་ཡབ་སྲས་གཉིས་ཀྱི་དགོངས་པ་མཐར་ཐུག་ཐལ་འགྱུར་བའི་ལུགས་སུ་གནས་ཀྱང་། གཞུང་གི་བསྟན་ཚོད་ལ་ཐ་སྙད་དུ་རང་མཚན་ཞལ་གྱིས་བཞེས་མི་བཞེས་དང་། ཕྱི་རོལ་གྱི་དོན་ཞལ་གྱིས་བཞེས་མི་བཞེས་དང་། གཞན་གྲགས་ཙམ་གྱི་སྒོ་ནས་ཕྱིར་རྒོལ་ལ་རྗེས་དཔག་བསྐྱེད་དུ་རུང་མི་རུང་སོགས་ཀྱི་རྣམ་གཞག་གསལ་བར་ཕྱེ་བ་མེད་པས་ཐལ་རང་གི་ཕྱོགས་གཉིས་ཀའི་སྤྱི་ལ་བཞུགས་པས་ན་གཞུང་ཕྱི་མོའི་དབུ་མ་པ་ཞེས་མཆོག་ཏུ་བསྔགས་པའི་རྒྱལ་སྲས་ཆེན་པོ་འཕགས་པ་ལྷ་ཡི་ཞབས་ལ་སློབ་དཔོན་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་། བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་ཡིད་དང་བ་ཆེན་པོས་གསོལ་བ་འདེབས་སོ། །ཞེས་པའོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད། ༼༨༡༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༦ ལོ། ཤོག་ ༨༡

[2]  དབུ་མ་པའི་ལྟ་བ་གཞི་རྒྱ་ཆེན་པོས་དར་སྤེལ་མཛད་མཁན་ནི་སློབ་དཔོན་ཀླུ་སྒྲུབ་དང་། སློབ་དཔོན་འཕགས་པ་ལྷ་རྣམ་གཉིས་ཡིན་ཅིང༌། ཁོང་རྣམ་གཉིས་ལ་འཕགས་པ་ཡབ་སྲས་གཉིས་ཟེར། ཀླུ་སྒྲུབ་ནི་འཕགས་པ་ལྷའི་བླ་མ་ཡིན་པ་དང༌། འཕགས་པ་ལྷ་ནི་ཀླུ་སྒྲུབ་ཀྱི་སློབ་མ་སྟེ་ཁོང་རྣམ་གཉིས་བར་བླ་མ་དང་སློབ་མའི་འབྲེལ་བ་ཡོད་སྟབས་འཕགས་པ་ཡབ་སྲས་གཉིས་སུ་གྲགས་པ་ཡིན་པས་འདིར་ཡབ་སྲས་ཟེར་སྐབས་ཕ་མ་བུ་ཕྲུག་གི་འབྲེལ་བ་ལ་གོ་མི་རུང༌། དེ་བཞིན་༸རྒྱལ་བ་ཡབ་སྲས་ཞེས་བརྗོད་སྲོལ་ཡོད་པ་དེ་ཡང་ཏཱ་ལའི་བླ་མ་དང་། པཎ་ཆེན་རིན་པོ་ཆེ་རྣམ་གཉིས་སྐུ་ཕྲེང་རིམ་བྱོན་སུ་བགྲེས་པ་ཡོད་ན་དེས་བླ་མ་དང༌། གཞོན་པ་དེས་སློབ་མ་གནང་གི་ཡོད་པས་༸རྒྱལ་བ་ཡབ་སྲས་ཞེས་གསོལ་བ་ལས་ཕ་བུའི་འབྲེལ་བ་ལ་གོ་མི་རུང༌། ཞེས་དུང་དཀར་གྲུབ་མཐའ། རྣམ་རྒྱལ་གྲྭ་ཚང་། ༢༠༡༡ ལོ། ཤོག་གྲངས་ ༢༦༦ ཐོག་གསལ་བ་ལྟར་རོ།།

[3]  བྱང་ཆུབ་ལམ་རིམ་ཆེན་མོ། དགའ་ལྡན་བྱང་རྩེ། ཐེ་ཝན་པར་མ། ༡༩༩༨ ལོ། ཤོག་གྲངས་ ༥༧༡

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༦༥ ནས་ ༡༦༧ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *