ཕ༽ པཎ་གྲུབ་གསོལ་འདེབས་ཀྱི་ཚིག་འགྲེལ།
དེ་ཡང་འཕགས་པ་ཐོགས་མེད་སྐུ་མཆེད་དང་། གཅུང་སློབ་དཔོན་དབྱིག་གཉེན་རྣམ་གཉིས་ལས་འོངས་པའི་ཤེར་ཕྱིན་གྱི་དོན་ནི། མཐའ་བྲལ་དབུ་མ་པའི་སྲོལ་བཞིན་དུ་རྒྱན་གྱི་དགོངས་པ་འགྲེལ་བར་མཛད་པའི་འཕགས་པ་གྲོལ་སྡེའི་ཞབས་ལ་གསོལ་བ་འདེབས་པ་ནི། ༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་པས་མཛད་པའི་དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ལས[1]།
ཐོགས་མེད་སྐུ་མཆེད་ལས་འོངས་ཤེར་ཕྱིན་དོན།།
ཡོད་མེད་མཐའ་བྲལ་དབུ་མའི་སྲོལ་བཞིན་དུ།།
རྒྱན་གྱི་གཞུང་དོན་སྣང་བའི་སྒྲོན་མེ་སྦར།།
འཕགས་པ་གྲོལ་སྡེའི་ཞབས་ལ་གསོལ་བ་འདེབས།།
ཞེས་སེམས་ཙམ་པའམ་རྣམ་རིག་པའི་སློབ་དཔོན་འཕགས་པ་ཐོགས་མེད་དང་། ཁོང་གི་སྐུ་མཆེད་སངས་རྒྱས་གཉིས་པ་སློབ་དཔོན་དབྱིག་གཉེན་རྣམ་གཉིས་ལས་བརྒྱུད་ཅིང་འོངས་པའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྦས་དོན་མངོན་རྟོགས་ཀྱི་རིམ་པའི་དགོངས་དོན་ནི། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ཕྱེ་བའི་ཡོད་མེད་གཉིས་ཀྱི་མཐའ་དང་བྲལ་བའི་དབུ་མའི་ལམ་སྲོལ་ཏེ་ཆོས་ཐམས་ཅད་དོན་དམ་པར་མ་གྲུབ་ཀྱང་། འཇིག་རྟེན་ཐ་སྙད་ཙམ་དུ་གྲུབ་པའི་ལམ་སྲོལ་བཞིན་དུ། སྣང་བ་རྣམ་གཉིས་ཀྱི་ཡ་གྱལ་ཉི་ཁྲི་སྣང་བ་སོགས་མཛད་ནས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་གཞུང་ལུགས་ཀྱི་དགོངས་དོན་གསལ་འགྲེལ་གྱི་སྣང་བའི་སྒྲོན་མེ་སྦར་བར་མཛད་པ་སྟེ། ཚིག་དོན་གཉིས་ཀར་མཁས་ཤིང་། ཤེས་རབ་ཅན་གྱི་མཆོག་ཏུ་གྱུར་པ་འཕགས་པ་གྲོལ་སྡེ་ཞེས་ཡོངས་སུ་གྲགས་པ་དེ་ཡི་ཞབས་ལ་པཎ་གྲུབ་དེ་ཉིད་ཀྱིས་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་ཡིད་དང་བ་ཆེན་པོས་གསོལ་བ་འདེབས་སོ་ཞེས་པའོ།། །།
ལུང་ཁུངས་དཔྱད་གཞིའི་ཡིག་ཆ།
[1] གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད། ༼༨༡༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༦ ལོ། ཤོག་ ༡༤༧
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༧༥ ནས་ ༧༦ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།