པཎ་གྲུབ་བཅུ་བདུན་གྱི་སྐུ་པར། སྣུམ་ཚོན་གྱིས་བྲིས་པའི་སྐུ་བརྙན་ཐོག་མ།

 རྟེན་འབྱུང་གཏམ་གྱིས་འགྲོ་བ་རྣམས། །འདྲེན་མཛད་ཐུབ་དབང་ཉི་མ་ཆེ། །

དབུ་མའི་ལམ་སྟོན་ཤིང་རྟ་ཆེ། །རྒྱལ་བ་གཉིས་པ་ཀླུ་སྒྲུབ་ཞབས། །

ཀླུ་སྒྲུབ་ལུགས་འཛིན་གཙུག་གི་རྒྱན། །མཁས་མཆོག་ཨཱརྱ་དེ་ཝའི་ཞབས། །

འགྲེལ་མཛད་ཐལ་འགྱུར་སྲོལ་ཕྱེ་བའི། །གྲུབ་བརྙེས་སློབ་དཔོན་སངས་རྒྱས་བསྐྱངས། །

ཐ་སྙད་རང་མཚན་མི་འགོག་པའི། །རང་རྒྱུད་གསལ་མཛད་ལེགས་ལྡན་འབྱེད། །

ཀླུ་སྒྲུབ་བཞེད་གཞུང་ཐུན་མིན་ལམ། །གསལ་བར་སྟོན་མཛད་ཟླ་བ་གྲགས། །

རྨད་བྱུང་ཟབ་རྒྱས་གདམས་པའི་མཛོད། །རྒྱལ་སྲས་ཆེན་པོ་ཞི་བ་ལྷ། །

གཟུང་འཛིན་གཉིས་མེད་དབུ་མའི་སྲོལ། །གཏོད་མཛད་མཁན་ཆེན་ཞི་བ་འཚོ། །

ཞི་ལྷག་བསྒོམ་རིམ་མདོ་རྒྱུད་བཞིན། །འདོམས་མཛད་པདྨའི་ངང་ཚུལ་ཞབས། །

རྣམ་རིག་གསལ་མཛད་ཤིང་རྟ་ཆེ། །རྒྱལ་རིགས་འཕགས་པ་ཐོགས་མེད་ཞབས། །

ཆོས་མངོན་སྡེ་བདུན་རྣམ་རིག་སྲོལ། །འཛིན་མཁས་བྲམ་ཟེ་དབྱིག་གཉེན་ཞབས། །

དངོས་སྟོབས་རིགས་སྨྲའི་གཙུག་གི་རྒྱན། །ཚད་མའི་སྲོལ་འབྱེད་ཕྱོགས་གླང་ཞབས། །

རིགས་པའི་ལམ་ལས་ཐུབ་པའི་བསྟན། །གསལ་བར་འདོམས་མཛད་ཆོས་ཀྱི་གྲགས། །

ཡུམ་ཆེན་ཤེར་ཕྱིན་འགྲེལ་བྱེད་མཆོག །འཕགས་པའི་སར་གནས་གྲོལ་བའི་སྡེ། །

ཡུམ་གསུམ་དགོངས་དོན་མན་ངག་བཞིན། །གསལ་བར་ཕྱེ་བ་སེང་གེ་བཟང་། །

ཐམས་ཅད་ཡོད་སྨྲའི་འདུལ་བའི་གཞུང་། །གསལ་མཛད་གཙུག་ནོར་ཡོན་ཏན་འོད། །

འདུལ་བ་འདུམ་སྡེའི་བདག་ཉིད་ཆེ། །བརྟན་མཁས་སློབ་དཔོན་ཤཱཀྱ་འོད། །

ཐུབ་གསུང་དགོངས་བཅུད་མདོར་དྲིལ་བའི། །ལམ་སྒྲོན་གསལ་མཛད་མར་མེ་མཛད། །

 

[1] ༸གོང་ས་མཆོག་ནས་མཛད་ཅིང་། ༸རྒྱལ་བའི་ཕོ་བྲང་གི་གཟིམ་ཆུང་རྙིང་པའི་ཕུར་པའི་ཚོགས་ཁང་དུ་ཞལ་འགྲེམས་ཞུས་པའི་སྐུ་ཐང་གི་མཚན་བྱང་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *