ན༽ ཉི་ཁྲི་སྣང་བ་འཕགས་པས་མཛད་མིན།
ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས[1]། སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ཕར་ཕྱིན་རང་ལ་མཁས་པ་འཕགས་པ་རྣམ་པར་གྲོལ་བའི་སྡེ་ནི། གཙུག་ལག་ཁང་རྒྱ་ཆེན་པོ་དུ་མའི་བདག་པོ། འཕགས་པ་ཀུ་རུ་ཀུལླེའི་སྡེ་པ། སློབ་དཔོན་སངས་རྒྱས་འབངས་ཀྱི་དབོན་པོ་སློབ་དཔོན་དབྱིག་གཉེན་བསྟེན་ནས་མཁས་པ་ཆེན་པོར་གྱུར་པས་རབ་ཏུ་དགའ་བ་ཐོབ་པ་དེས་སངས་རྒྱས་ལ་མངོན་སུམ་དུ་ཉན་ནས།
ཤེར་ཕྱིན་གྱི་དོན་སྟོན་པ་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་ཉི་ཁྲི་ལྔ་སྟོང་པ་དང་སྦྱར་བ་ཉི་ཁྲི་སྣང་བ་ཞེས་པ་མཛད། ཅེས་གསལ་ཡང་། ཀུན་མཁྱེན་ཀརྨ་པ་མི་བསྐྱོད་རྡོ་རྗེས་ (1507-1554) མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལུང་ཆོས་མཐའ་དག་གི་བདུད་རྩིའི་སྙིང་པོར་གྱུར་པ་གང་ལ་ལྡན་པའི་གཞི་རྗེ་བཙུན་མཆོག་ཏུ་དགྱེས་པའི་ངལ་གསོ་བའི་ཡོངས་འདུའི་ས་བརྟོལ་གྱི་ལྗོན་པ་རྒྱས་པ་ལས[2]། འཕགས་སེང་གཉིས་དང༌། ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་རཏྣཱ་ཀ་ར། ཤཱནྟི་པ་དང༌། སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པ་སོགས་མཁས་པའི་དབང་པོ་རྣམས་ཞལ་འཆམ་པར། མཐོང་ལམ་གྱི་ཁྱད་པར་ལམ་གྱིས་བསྡུས་པའི་སེང་གེ་རྣམ་བསྒྱིངས་ཀྱི་ཏིང་ངེ་འཛིན་དང༌། སྒོམ་ལམ་དངོས་གཞིའི་སྦྱོར་བ་སེང་གེ་རྣམ་བསྒྱིངས་གཉིས་མདོ་ལས་བཤད་པ་ལྟར་ཐ་དད་དུ་འགྲེལ་པར་མཛད་ལ། ཁོ་བོ་ཅག་ཀྱང་སྐབས་འདིར་དེའི་ཕྱོགས་སུ་གནས་པ་ཡིན་གྱི། གངས་ཅན་པ་སྤྱི་བརྟོལ་དཔའ་ཐལ་བ་འགའ་ཞིག་གིས་འཕགས་པ་ལ་སྐུར་བ་བཏབ་བོ་ཞེས་པའི་སྨྲ་བ་མ་བཟོད་ནས། ཀུན་མཁྱེན་གཉིས་པ་དབྱིག་གཉེན་གྱི་སློབ་མར་གྱུར་པའི་འཕགས་པ་གྲོལ་སྡེ་དེ་ཉི་ཁྲི་སྣང་བར་བྱེད་པའི་འཕགས་པ་གྲོལ་སྡེ་དེ་མ་ཡིན་པར་འདུག་ཅེས་སྨྲ་དགོས་པ་བྱུང་བ་ཡིན་ནོ། །ཞེས་གསལ་བ་ལྟར་འཕགས་པ་གྲོལ་སྡེ་ཉི་ཁྲི་སྣང་བ་མཛད་པ་པོ་མིན་པར་འདོད་མཁན་ཡོད་པ་ཇི་ལྟར་ཡིན་ཞེ་ན། དེ་ཡང་ཀུན་མཁྱེན་ཀརྨ་པ་མི་བསྐྱོད་རྡོ་རྗེས་ (1507-1554) མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལུང་ཆོས་མཐའ་དག་གི་བདུད་རྩིའི་སྙིང་པོར་གྱུར་པ་གང་ལ་ལྡན་པའི་གཞི་རྗེ་བཙུན་མཆོག་ཏུ་དགྱེས་པའི་ངལ་གསོ་བའི་ཡོངས་འདུའི་ས་བརྟོལ་གྱི་ལྗོན་པ་རྒྱས་པ་ལས[3]། གཞན་ཡང་ཉི་ཁྲི་སྣང་བ་རྩོམ་པ་པོའི་འཕགས་གྲོལ་དེ་འཕགས་པ་གྲོལ་སྡེ་མིན་པར་སྣང་ཞེས་སྨྲ་བ་སོགས་ནི་བློའི་ར་བ་ལས་བརྒལ་བའི་གཏམ་ཡིན་ཏེ། བསམ་ཡས་རྒྱལ་པོའི་དུས་སུ་མཁན་པོ་རྣམ་སྣང་མཛད་ལ་སོགས་འཕགས་གྲོལ་གྱི་སློབ་བརྒྱུད་བར་མ་ཆད་དུ་བྱོན་ཏེ། དེ་དག་གིས་འཕགས་གྲོལ་གྱིས་མཛད་པའི་ཉི་ཁྲི་སྣང་བ་ཞེས་ཉི་ཟླ་ལྟར་གྲགས་པས་འཁྲུལ་བའི་གཞི་ཡེ་མེད་དོ། །ཞེས་གསལ་བར་གསུངས་སོ།།
དེ་བཞིན་འཕགས་པ་རྣམ་གྲོལ་སྡེས་མཛད་པའི་ཉི་ཁྲི་སྣང་བའི་མཇུག་བྱང་ལས[4]། ལེགས་པར་སྤྱད་པའི་ལས་ཅན་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ། འཕགས་པ་མང་པོས་བཀུར་བ་ཀུ་རུ་ཀུལླེའི་སྡེ་པ་གཙུག་ལག་ཁང་རྒྱ་ཆེན་པོ་དུ་མའི་བདག་པོ། སློབ་དཔོན་སངས་རྒྱས་འབངས་ཀྱི་ཚ་བོ། ཤཱཀྱའི་དགེ་སློང་འཕགས་པ་རྣམ་པར་གྲོལ་བའི་སྡེས་མཛད་པ། ཞེས་མཛད་བྱང་དུ་མཛད་པ་པོ་སུ་ཡིན་ཤིན་ཏུ་གསལ་བར་བྱུང་ངོ་།།
གཞན་ཡང་གཙང་མཁན་ཆེན་ (1610-1684) གྱིས་བསྒྲིགས་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་པར་ཐར་པ་ལས[5]། དེ་ནས་ཡང་བོད་སྟོན་རྣམས་ཀྱིས་ཉི་ཁྲི་སྣང་བ་གསུང་བའི་ཞུ་བ་ཕུལ་ནས་ཡོད་པ་ལ། ཁུ་སྟོན་གྱིས་ཇོ་བོ་ལ་ལུང་ཆུ་བཟང་ཞིང་དྲོ། ཆོས་རྒྱལ་མེས་དབོན་གསུམ་གྱིས་ཞབས་ཀྱིས་བཅགས་པའི་ས་ཡིན་པས་གཞན་དོན་ཡང་ཆེ་ནས་མཆིས། བཞུགས་ས་ཡང་དབྱར་ལྷ་སྡིངས་སུ་བགྱིད། དགུན་ཐང་པོ་ཆེར་བགྱིད་ཞུས་པས། ཞལ་གྱིས་བཞེས། ཚོགས་སུ་ཡང་ཨ་ཏི་ཤ་ཡར་ལུང་དུ་སྤྱན་འདྲེན་པ་ཡིན་པས། ཉི་ཁྲི་ཉན་པ་ཀུན་ཡར་ལུང་དུ་ཤོག །འདིར་གསུང་ལོང་མི་ཡོང་ངོ་ཞེས་སྐད་བཏང་། ཞེས་དང་། ཡང་དེ་ཉིད་ལས། དེའི་ཚེ་ཁུ་སྟོན་གྱིས་ཇོ་བོ་ཉིད་ལ་གསེར་སྲང་འགའ་སྐྱིས་པ་དང་འདྲེས་གསེར་སྲང་བརྒྱ་ཕུལ། ཆོས་ཀྱང་ཉི་ཁྲི་སྣང་བ་དང་བྱམས་ཆོས་ཕྱི་མ་གསུམ་ལ་སོགས་པ་མང་དུ་གསུངས། ཞེས་བྱུང་བ་ལྟར། ཐོག་མར་བསམ་ཡས་སུ་ཉི་ཁྲི་སྣང་བ་གསུང་བའི་གསོལ་བ་བཏབ་ཅིང་། ཡར་ལུང་དུ་གདན་ནས་དེར་ཉི་ཁྲི་སྣང་བར་སྩལ་བར་གསལ་ལོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། ༼༡༽ ཧྥ་རན་སི་དཔལ་འབྲུག་པའི་ཆོས་ཚོགས། ༢༠༠༦ ལོ། ཤོག་གྲངས་ ༨༨
[2] བཅུ་ཕྲག་རིག་མཛོད་ཆེན་མོ། ཕར་ཕྱིན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་གྲངས་ ༡༠༠༣
[3] བཅུ་ཕྲག་རིག་མཛོད་ཆེན་མོ། ཕར་ཕྱིན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་གྲངས་ ༢༢༤
[4] བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཀ༽ དེབ་ ༤༩ པ། ༡༩༩༤ ལོ། ཤོག་གྲངས་ ༤༩༩
[5] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༡༤༨
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༦༧ ནས་ ༦༩ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།