ད༽ སུམ་བརྒྱ་པ་རྩ་འགྲེལ་གྱི་གཞུང་ཚད་དང་ལུང་རྒྱུན།
དེ་ཡང་རྫོགས་ཆེན་མཁན་ཆེན་ཡོན་ཏན་མགོན་པོས་ (1899-1959) མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་ཨུ་དུམ་ཝ་རའི་ཆུན་འཕྱང་ལས[1]།
བསླབ་གསུམ་གསེར་གྱི་ཁང་བཟང་ལ་གནས་པའི། །
ཡོན་ཏན་རིན་ཆེན་དུ་མའི་མཛོད་ཆེན་པོ། །
བསྟན་འགྲོའི་རྒུད་པ་སེལ་བའི་དཔལ་ཡོན་ཏན། །
མཚུངས་མེད་ཤཱཀྱ་འོད་ལ་གུས་པས་བསྙེན། །
ཞེས་དང་། དེ་བཞིན་སྟག་བྲག་པཎྜི་ཏ་ངག་དབང་གསུང་རབ་མཐུ་སྟོབས་བསྟན་པའི་རྒྱལ་མཚན་ (1874-1952) མཆོག་གིས་མཛད་པའི་གསུང་རྩོམ་རྒྱན་དྲུག་མཆོག་གཉིས་ལ་སྦྱར་རྒྱུ་ལས[2]།
སྡེ་བཞིའི་ལུང་རྟོགས་གསུང་རབ་མཐའ་དག་ལ། །
མ་རྨད་འཆད་རྩོད་རྩོམ་ལ་དབང་འབྱོར་ཞིང་། །
བསླབ་གསུམ་རྣམ་དག་ཚུལ་ཁྲིམས་རྒྱལ་མཚན་འཛིན། །
བསྟན་པའི་དཔལ་འགྱུར་ཤཱཀྱ་འོད་ཀྱི་ཞབས། །
ཞེས་བསྟོད་ཕྱག་མཛད་ཡུལ་རྒྱན་དྲུག་མཆོག་གཉིས་ཀྱི་ཡ་གྱལ་འདུལ་བ་བདུད་རྩིའི་རྒྱན་གྱུར་སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པའི་བསྟན་བཅོས་ནི། ༡༽ འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་སུམ་བརྒྱ་པ་སྟེ། དེ་ཡང་སྡེ་པའི་ཆ་ནས་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བ་དང་། བརྗོད་བྱའི་ཆ་ནས་དགེ་ཚུལ་གྱི་བསླབ་བྱ་ཡིན་པས་དགེ་ཚུལ་ཞེས་དང་། བསྟན་བཅོས་ཀྱི་ལུས་ཀྱི་ཆ་ནས་ཚིག་ལེའུར་བྱས་པ་ཞེས་དང་། གཞུང་ཚད་ལ་ཤོ་ལོ་ཀ་སུམ་བརྒྱ་ཡོད་པས་སུམ་བརྒྱ་པ་ཞེས་གཞུང་ཚད་ཀྱི་ཆ་ནས་མཚན་བཏགས་པ་འདི་ཉིད་གྲགས་ཆེ་ཞིང་། ༢༽ སུམ་བརྒྱ་པའི་རང་འགྲེལ་ལ། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་འོད་ལྡན། ཞེས་འགྲེལ་པའི་གཞུང་ཚད་ལ་བམ་པོ་བརྒྱད་ཅན་དང་གཉིས་བཞུགས་ལ། གཞུང་འདི་གཉིས་ཀྱི་ལེགས་སྦྱར་གྱི་མི་དཔེ་མ་བཞུགས་ཀྱང་ལུང་རྒྱུན་བཞུགས་སོ།།
ཀུན་དགའ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའམ་ (1901-1959) འཇམ་དཔལ་བཞད་པའི་རྡོ་རྗེས་མཛད་པའི་འཕགས་ཡུལ་མཁས་པའི་དབང་ཕྱུག་འཛམ་གླིང་རྒྱན་དྲུག་མཆོག་གཉིས་རྣམས་ཀྱི་རྟོགས་བརྗོད་ངོ་མཚར་སྙན་ངག་གསེར་གྱི་ཉག་ཐག་ལ་བསྟར་བའི་བསྟོད་པ་རྨད་བྱུང་ནོར་བུའི་འཕྱང་འཕྲུལ་བློ་གསལ་མགུལ་རྒྱན་ལས[3]།
ཕུན་ཚོགས་མང་ཐོས་སྤྱན་གྱིས་སྡེ་བཞིའི་ལུང་། །
དགག་སྒྲུབ་གནང་བའི་ལམ་ནས་ཐར་འདོད་ཀུན། །
ཞི་བའི་དཔལ་ལ་འགོད་པའི་དྲང་སྲོང་ཆེ། །
ཤཱཀྱ་འོད་ལ་གུས་པས་ཆེན་པོས་འདུད། །
ཅེས་བསྟོད་པ་མཛད་ཡུལ་སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པའི་འདུལ་བའི་གཞུང་བཟང་འདི་གཉིས་ཀྱི་ལུང་གི་བརྒྱུད་པ་ནི། ༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོའི་ (1617-1682) གསན་ཡིག་གངྒཱའི་ཆུ་རྒྱུན་ལས[4]། སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པའི་འདུལ་བ་སུམ་བརྒྱ་པ་དང་། དེའི་འགྲེལ་པ་འོད་ལྡན་གྱི་བརྒྱུད་པ་ནི། སློབ་དཔོན་ཡོན་ཏན་འོད། ཆོས་ཀྱི་བཤེས་གཉེན། ཤཱཀྱ་འོད། སེང་གདོང་ཅན། དྷརྨ་ཕ་ལ། ཞང་ཞུང་བ་རྒྱལ་བའི་ཤེས་རབ། རབ་འབྱོར་ཤེས་རབ། བྱང་ཆུབ་ཤེས་རབ། བྱང་ཆུབ་སེང་གེ །རྡོ་རྗེ་སེང་གེ །སྨད་གཡུང་དྲུང་། རྩི་འདུལ་ཐུགས་རྗེ་བྱང་ཆུབ། བདེ་བ་ཅན་པ་ཤཱཀྱ་བྱང་ཆུབ། ཟུལ་ཕུ་བ་ཡོན་ཏན་གྲགས། སློབ་དཔོན་བསོད་བློ། སློབ་དཔོན་དཀའ་བཅུ་པ། མཁན་ཆེན་ཀུན་དགའ་རྒྱལ་མཚན། མཁན་ཆེན་གྲུབ་པ་ཤེས་རབ། འཇམ་དབྱངས་ཤེས་རབ་རྒྱ་མཚོ་མན་འདྲ། ཞེས་བྱུང་བ་ལྟར་རོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོའི་གསུང་འབུམ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་ ༢༡༡
[2] ངག་དབང་གསུང་རབ་མཐུ་སྟོབས་ཀྱི་གསུང་འབུམ། ༼༢༽༼ན༽ དཔེ་རིང་། ཤོག་གྲངས་ ༡༩ན༢
[3] ཇོ་ནང་མདོ་སྔགས་རིག་པའི་དཔེ་ཚོགས། ༼༢༦༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༤
[4] ༸རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ། ༼༡༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༡༤
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༨༧ ནས་ ༣༨༩ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།