ཉ༽ ཀླུ་སྒྲུབ་བསྟེན་ནས་མཁས་པར་གྱུར་ཚུལ།

ཉ༽ ཀླུ་སྒྲུབ་བསྟེན་ནས་མཁས་པར་གྱུར་ཚུལ།

 

དེ་ཡང་ཀུན་དགའ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའམ་ (1901-1959) འཇམ་དཔལ་བཞད་པའི་རྡོ་རྗེས་མཛད་པའི་འཕགས་ཡུལ་མཁས་པའི་དབང་ཕྱུག་འཛམ་གླིང་རྒྱན་དྲུག་མཆོག་གཉིས་རྣམས་ཀྱི་རྟོགས་བརྗོད་ངོ་མཚར་སྙན་ངག་གསེར་གྱི་ཉག་ཐག་ལ་བསྟར་བའི་བསྟོད་པ་རྨད་བྱུང་ནོར་བུའི་འཕྱང་འཕྲུལ་བློ་གསལ་མགུལ་རྒྱན་ལས[1]། ཀླུ་སྒྲུབ་ཆེན་པོའི་སྲས་ཀྱི་ཚུལ་བཟུང་ནས། །ཚེ་འདི་ཉིད་ལ་ཟུང་འཇུག་གོ་འཕང་བརྙེས། །

ངེས་གསང་ཐེག་ཆེན་བསྟན་པ་རྒྱས་མཛད་པ། །རྒྱལ་གཉིས་ཨཱརྱ་དེ་བའི་ཞབས་ལ་འདུད། །མཁྱེན་དཔྱོད་ཤིང་རྟ་ཡོངས་དྲངས་ཀླུ་སྒྲུབ་གཞུང་། །རྟ་དམར་འཆར་ཁའི་འོད་ཀྱིས་ཏིར་རི་ཀའི། །རྣམ་དཔྱོད་ཨུཏྤལ་ཟུམ་འདི་ཟླ་ཟེར་གྱི། །འོད་དཀར་ཐིགས་པས་བརྟུལ་བའི་འདབ་སྟོང་བཞིན། །ཐུབ་བསྟན་དབང་ཕྱུག་གྲུབ་མཐའ་འབེན་བཙུགས་ནས། །རྣམ་དག་མཁྱེན་དཔྱོད་ལུང་རིགས་འཕྲུལ་འཁོར་གྱིས། །དྲེགས་ལྡན་མ་ཁོལ་རྣམ་གསུམ་ཕྱེར་འཐག་ཚེ། །གྲགས་སྙན་ནམ་མཁའི་འཇའ་ཚོན་སུ་ཡིས་བསུབ། །ཅེས་གསུངས་སོ།།

དེ་བཞིན་པཎ་ཆེན་ཤཱཀྱ་མཆོག་ལྡན་ (1428-1507) གྱིས་མཛད་པའི་འཕགས་པ་ལྷའི་ཞལ་སྔ་ནས་ཀྱི་རྟོགས་པ་བརྗོད་པ་ལས[2]། ཀླུ་སྒྲུབ་སྲས་ཀྱི་མཆོག་གྱུར་ནས། །ཕྱི་མོར་གྱུར་པའི་གཞུང་བརྩམས་པ། །འཕགས་པའི་གཞུང་བཞིན་སྲས་ཀུན་གྱིས། །བསྔགས་པས་སྙན་གྲགས་བདེ་ཐོབ་པ། །ཁྱོད་ཀྱིས་མཐར་འཛིན་དྲུངས་འབྱིན་ཚེ། །རིགས་ཚོགས་ལྷུར་བླངས་ཉམས་ལེན་གྱི། །སྙིང་པོ་ཡེ་ཤེས་ལ་གཞོལ་བའི། །བསྟན་བཅོས་བཞི་བརྒྱ་པ་དེ་ཡི། །སྲོལ་ཆེན་ཐོག་མར་ཆོས་སྐྱོང་གིས། །རབ་བཟུང་ཕྱི་དུས་ཞི་བ་འཚོ། །སྲས་དང་བཅས་པས་དར་མཛད་ལ། །རྣལ་འབྱོར་སྤྱོད་པའི་དབུ་མར་གྲགས། །ཞེས་སོགས་གསུངས་པ་ལྟར་དང་། ཐང་སན་བླ་མས་ (603-664) མཛད་པའི་ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་ལས་[3]ཀྱང་། པཎ་ཆེན་ཀུ་མ་ར་ཤྲཱིས་གཙུག་ལག་ཁང་ཞིག་བཞེངས། དེའི་དུས་སུ་རྒྱ་གར་གྱི་ཕྱོགས་ལྔ་ལ་གྲགས་པ་དོན་ལྡན་གྱི་སློབ་དཔོན་ལྔ་བྱུང་བ་ནི། ༡ ཤར་ཕྱོགས་སུ་རྟ་དབྱངས། ༢ ལྷོ་ཕྱོགས་སུ་འཕགས་པ་ལྷ། ༣ ནུབ་ཕྱོགས་སུ་ཀླུ་སྒྲུབ། ༤ བྱང་ཕྱོགས་སུ་ཀུ་མ་ར་ཤྲཱི། འདི་བཞི་འཇིག་རྟེན་གསལ་བའི་ཉི་མ་ཞེས་གྲགས།[4]  ཞེས་གསུངས་པ་ལྟར་འཇིག་རྟེན་གསལ་བའི་ཉི་མ་ཞེས་སུ་གྲགས་པའི་ཡ་གྱལ་གྱི་སློབ་དཔོན་ཨཱརྱ་དེ་བ་ནི། ཕྱིས་རབ་ཏུ་བྱུང་སྟེ་མཐར་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞབས་ལ་ཡུན་རིང་དུ་བསྟེན་པས་སློབ་དཔོན་ཀླུ་སྒྲུབ་ཀྱི་དངོས་སློབ་དང་། སྐུ་ཚེའི་སྨད་ཀྱི་སློབ་མའི་གཙོ་བོ་ཞིག་ཀྱང་ཡིན་པས། འཕགས་པ་ཀླུ་སྒྲུབ་སློབ་དཔོན་དུ་བསྟེན་ཏེ་ཕྱི་ནང་གི་གྲུབ་མཐའ་མཐའ་དག་ལ་མཁས་པར་སྦྱངས་པས། ནང་པ་སངས་རྒྱས་པའི་གྲུབ་མཐའ་ཙམ་མ་ཟད་ཕྱི་རོལ་མུ་སྟེགས་པའི་གྲུབ་མཐའ་ལ་ཡང་ཧ་ཅང་མཁས་པར་གྱུར་པས། སའི་སྟེང་ན་འགྲན་ཟླ་དང་བྲལ་བའི་མཁས་གྲུབ་ཆེན་པོར་གྱུར་ཏེ། སློབ་དཔོན་ཀླུ་སྒྲུབ་དངོས་དང་ཁྱད་མེད་ལྟ་བུར་བརྩི་བཀུར་དང་དད་གུས་ཞུ་ཡུལ་ཞིག་ཡིན།

དེ་ཡང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[5]། སློབ་དཔོན་ཀླུ་སྒྲུབ་ཀྱི་ཐུགས་སྲས་བཞི་ནི། འཇམ་དཔལ་ཞལ་མཐོང་ཤཱཀྱ་མི་ཏྲ། སྒྲོལ་མའི་ཞལ་མཐོང་ནཱ་ག་བོ་ངྷི། ས་བརྒྱད་ནོན་པ་ཨཱརྱ་དེ་ཝ། སྤྱན་རས་གཟིགས་ཞལ་མཐོང་མ་ཏངྐི་པ་བཞི་འོ། །ཉེ་བའི་ཐུགས་སྲས་གསུམ་ནི། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། སློབ་དཔོན་དཔའ་བོ་གསུམ་ཞེས་བྱུང་ངོ་། །དེ་དག་གི་ནང་ནས་ཀྱང་ཟླ་དང་བྲལ་བ་ནི་སློབ་དཔོན་ཨཱརྱ་དེ་ཝ་སྟེ། སློབ་དཔོན་ཨཱརྱ་དེ་ཝ་ནི་མདོ་སྔགས་གང་གི་ཐད་ལའང་འཁྲུལ་པའི་དྲི་མ་ཕྲ་མོའང་མེད་པར་སློབ་དཔོན་ཀླུ་སྒྲུབ་ཀྱི་དགོངས་པ་ཇི་བཞིན་དུ་གཏན་ལ་འབེབས་པའི་བསྟན་བཅོས་མང་དུ་མཛད་པ་པོ་སྟེ། སློབ་དཔོན་ཨཱརྱ་དེ་ཝས་སློབ་དཔོན་ཀླུ་སྒྲུབ་ཀྱི་དགོངས་པ་ལྟར་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པ་ཡོངས་སུ་རྫོགས་པ་དྲི་མ་མེད་པའི་རིགས་པའི་ལམ་ནས་དྲངས་ཏེ་སྟོན་པའི་བསྟན་བཅོས་བཞི་བརྒྱ་པ་དང་། དཔལ་གསང་བ་འདུས་པ་གཙོ་བོར་བྱས་པའི་བླ་མེད་ཀྱི་ལམ་རིམ་གཉིས་ཀྱི་གནད་མཐར་ཐུག་པ་རྣམས་སྟོན་པའི་གཞུང་སྤྱོད་བསྡུས་སྒྲོན་མ་མཛད་ཅིང་། གཞན་ཡང་བསྟན་བཅོས་མང་དུ་མཛད་དོ། །འཕགས་ཡུལ་གྱི་མཁས་པ་ཐམས་ཅད་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ཞེས་འཕགས་པ་ཀླུ་སྒྲུབ་དང་འཕགས་པ་ལྷ་གཉིས་ལ་རྣམ་པ་ཀུན་ཏུ་ཚད་མར་འཛིན་ཅིང་། སྔོན་གྱི་དབུ་མ་བ་རྣམས་སློབ་དཔོན་འདི་གཉིས་ལ་གཞུང་ཕྱི་མོའི་དབུ་མ་བ་ཞེས་ཁུངས་མཐར་ཐུག་ཏུ་བྱེད་དོ། །ཞེས་གསུངས་སོ།།

གཞན་ཡང་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་ (1405-1477) གྱིས་མཛད་པའི་གྲུབ་མཐའ་ཀུན་ཤེས་ལས[6]། དེའི་སྲས་ཀྱི་ཐུ་བོ་རྒྱན་དྲུག་གི་ནང་དུ་བགྲང་རྒྱུ་ནི། འཇམ་དཔལ་རྩ་རྒྱུད་ལས་རྒྱས་པར་ལུང་བསྟན་པ་ཨཱརྱ་དེ་ཝ་སྟེ། འདིས་ཀྱང་མདོ་སྔགས་ཀྱི་དགོངས་འགྲེལ་མང་དུ་མཛད་པ་ལས། འདིར་རབ་ཏུ་བྱེད་པ་བཞི་བརྒྱ་པ་སྟེ། ཡབ་སྲས་འདི་གཉིས་རྗེས་འབྲང་ལུགས་གཉིས་ཀས་སོ་སོའི་རྒྱབ་ཏུ་སྤྱན་འདྲེན་པས། བོད་དག་གིས། གཞུང་ཕྱི་མོའི་དབུ་མ་པ་ཞེས་གྲགས་ཤིང་ཁོ་བོ་ནི་སློབ་དཔོན་དཔའ་བོ་ཡང་འདིར་སྡུད་དོ། །ཞེས་གསུངས་སོ།།

དེ་ཡང་ཨཱརྱ་དེ་ཝའི་བྱུང་བ་བརྗོད་པ་[7]ལས[8]། སིང་ག་ལའི་རྒྱལ་ཁབ་ཀྱི་རྒྱ་མཚོའི་ཕ་རོལ་ན་ཀླུ་སྒྲུབ་བཞུགས་པའི་རྒྱལ་ཁབ་དེ་ཡོད་པས། དེ་ཝས་སྔར་ནས་ཀླུ་སྒྲུབ་ཀྱི་མཚན་ཐོས་ཤིང་། ཁེངས་དྲེགས་དང་ང་རྒྱལ་གྱིས་ཀླུ་སྒྲུབ་དང་རྩོད་པ་བྱེད་པར་སོང་ངོ་། །ཀླུ་སྒྲུབ་ཀྱིས་ཀྱང་དེ་ཝའི་མཁས་པའི་སྙན་གྲགས་གསན་ཡོད་པས་དེ་ཡོང་བར་ཤེས་ནས། སློབ་མ་ཞིག་ལ་ཆུ་གཙང་ལྷུང་བཟེད་གང་བཏེགས་སུ་བཅུག་ནས་བསུ་བར་མངགས། དེ་ཝས་ཀྱང་དེའི་མཚོན་དོན་ཤེས་ནས་ཅི་ཡང་མི་སྨྲ་བར་རུམ་གྱི་རྒྱ་ཁབ་ཅིག་བླངས་ནས་ལྷུང་བཟེད་ཀྱི་ཆུ་ནང་དུ་དོར་རོ། །འོ་ན་དེའི་མཚོན་དོན་ཅི་ཡིན་ཟེར་ན། ཆུ་གཙང་ལྷུང་བཟེད་གང་ནི་གཙང་ཞིང་དྲི་མ་མེད་པའི་ཡོན་ཏན་གྱིས་ངའི་བློ་ཡི་བང་མཛོད་གང་ཡོད་ཅེས་པའི་བརྡ་དང་། ཆུར་རྒྱ་ཁབ་དོར་བ་ནི་རྒྱ་ཁབ་ཆུ་ཡི་གཏིང་དུ་ཐོན་པ་ལྟར་ཁྱོད་ཀྱི་ཡོན་ཏན་གྱི་གཏིང་ལོན་པར་བྱེད་འདོད་ཅེས་པའི་བརྡ་རེད།

སློབ་མ་དེས་ཆུ་ཡི་ལྷུང་བཟེད་ཁྱེར་ནས་སློབ་དཔོན་གྱི་དྲུང་དུ་སོང་། སློབ་དཔོན་གྱིས་ལྷུང་བཟེད་དུ་རྒྱ་ཁབ་འཕངས་པ་གཟིགས་ནས་ཐུགས་དགྱེས་ནས་དེ་གན་དུ་བོས། དེ་ནི་ཁེངས་དྲེགས་ཀྱིས་སློབ་དཔོན་ལ་རྩོད་ཕྱིར་དུ་འོང་བ་ཡིན་ཡང་། ཞལ་མཇལ་བ་ན་སློབ་དཔོན་ཤིན་ཏུ་ཞི་ཞིང་དེས་པ་ཚིག་འཇམ་པོར་སྨྲ་བ་མཐོང་ནས་རྩོད་པའི་གཏམ་མ་གླེངས་པར་ཞལ་བརྡ་བྱས། དེས་དཀའ་གནད་མང་དུ་དྲིས་པ་ལ། སློབ་དཔོན་གྱིས་རེ་རེ་བཞིན་ལན་འབྱོར་པོ་བཏབ་པས་དེའི་ཁེངས་དྲེགས་བཅོམ་ཞིང་། སྐུ་ཡོན་གྱི་ཐད་ནས་རང་ཉིད་སློབ་དཔོན་གྱི་དོ་ཟླ་མིན་པར་མཁྱེན། སངས་རྒྱས་པའི་གཞུང་ལུགས་ཟབ་ཅིང་རྒྱ་ཆེ་བ། ཕྱི་རོལ་པའི་ཆོས་ལས་ཤིན་ཏུ་ཁྱད་པར་འཕགས་པ་ཞིག་ཡིན་དགོངས་ནས་སློབ་དཔོན་ལ་སྙིང་ནས་དད་གུས་སྐྱེས་ཤིང་། སློབ་དཔོན་དུ་བསྟེན། སྔོན་ཆད་ཀྱི་ཕྱི་རོལ་པའི་ལྟ་བ་དོར་ནས་ནང་པའི་ཆོས་སུ་ཞུགས་སོ།།

སློབ་དཔོན་དགུང་ལོ་མཐོན་པོར་སླེབས་ཀྱང་རང་གི་ཟབ་ཆོས་ཀྱི་སྣོད་དུ་གྱུར་པའི་སློབ་མ་སྔོན་ཆད་མ་བྱུང་ཞིང་། ཨརྱ་དེ་ཝ་ནི་ཐེག་ཆེན་གྱི་ཆོས་རྒྱུན་འཛིན་པའི་སྣོད་ཅིག་ཏུ་འགྱུར་བར་མཁྱེན་ནས་དགྱེས་བཞིན་དུ་རྗེས་སུ་བཟུང་ཞིང་། གཞུང་ལུགས་དང་ཟབ་ཆོས་ཀྱི་གདམས་པ་བུམ་པ་གང་བྱོའི་ཚུལ་དུ་གནང་། དེས་ཀྱང་དམན་ས་བཟུང་ཞིང་གུས་པའི་བརྟུལ་ཞུགས་ཀྱིས་སློབ་དཔོན་གྱི་དྲུང་དུ་ལོ་དུ་མར་སློབ་སྦྱོང་བྱས་སོ། །ཞེས་བྱུང་ངོ་།།

དེ་བཞིན་ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་གམ། ཡོངས་གྲགས་ཐང་སན་ (603-664) ལམ་ཡིག་ལས[9]། གྲོང་ཁྱེར་གྱི་ལྷོ་ཕྱོགས་སུ་མི་རིང་བར་གཙུག་ལག་ཁང་གཅིག་གི་ལོགས་སུ་མཆོད་རྟེན་རྒྱལ་པོ་ཨ་ཤོ་ཀས་བཞེངས་པ་ནི། སྟོན་པས་ཆོ་འཕྲུལ་ཆེན་པོ་བསྟན་ཏེ་མུ་སྟེགས་པ་བཏུལ་ཞིང་། ཕྱིས་སུ་མགོན་པོ་ཀླུ་སྒྲུབ་ཀྱི་སྦྱིན་བདག་རྒྱལ་པོ་ས་རཱ་ཧཱ་སྟེ་ཡང་དག་འདྲེན་པ་ཞེས་བྱ་བས། མགོན་པོ་ཀླུ་སྒྲུབ་ལ་བཀུར་བསྟིའི་ཕྱིར་དུ་ཕོ་བྲང་གི་སྒོ་བཞིར་སྲུང་མ་བཞག་སྟེ། མི་གསར་པ་བྱུང་བ་ན་གང་བྱུང་བྱུང་ནང་དུ་མི་གཏོང་བ་ལ། སྐབས་ཤིག་ཨཱརྱ་དེ་བ་སིངྒཱ་ལའི་ཡུལ་ནས་བྱོན་ཏེ། སྒོ་སྲུང་བ་ལ་ཁྱོད་མགོན་པོ་ལ་སྦྲོན་ཅིག་ཅེས་པ་ལྟར་ཞུས་པས། མགོན་པོས་རིང་མོ་ཞིག་ནས་འཕགས་པ་ལྷའི་སྙན་པ་གསན་པས་མཉེས་ཏེ། ལྷུང་བཟེད་ཆུས་གང་བ་ཐོགས་ཏེ་ཉེ་གནས་ལ་གཏད་དེ་ཨཱརྱ་དེ་བར་སྟོན་ཅིག་གསུངས། ཉེ་གནས་ཀྱིས་དེ་བཞིན་བྱས་པས་ཨཱརྱ་དེ་བས་ཅི་ཡང་མི་ཟེར་བར་ཁབ་ཅིག་ལྷུང་བཟེད་ཀྱི་ནང་དུ་བོར།

དེ་ནས་ཉེ་གནས་ལོག་ནས་ཚུལ་དེ་ཞུས་པས། སློབ་དཔོན་གྱིས་ཨ་ཙ་མ་མཁས་པར་གྲགས་པ་དོན་ལ་གནས་སོ་གསུངས། དོན་དེ་དྲིས་པ་ན་ཆུ་ཞེས་པ་སྐོམ་སེལ་ཅིང་། བསིལ་བ་དང་དབྱིབས་རང་བཞིན་གྱིས་མ་གྲུབ་པ་སྣོད་ལ་རག་ལས་ཤིང་རྙོག་དྭངས་རྐྱེན་ལ་ལྟོས། ལྷུང་བཟེད་ཆུས་གང་བ་ནི་བདག་གི་རྒྱུད་ཡོན་ཏན་གྱིས་གང་བའི་བརྡ་ཡིན། ཁོང་གིས་ཁབ་ཅིག་བཞག་པ་ནི་ཤེས་རབ་རྣོ་བ་དེས་མཐར་འཁྱོལ་བའི་བརྡ་ཡིན་ནོ་གསུངས་ཤིང་སློབ་མའི་མཆོག་ཏུ་མཛད། སློབ་མ་མང་པོ་ཡོད་ཀྱང་བསྟན་པའི་སྙིང་པོ་ནི། ལྷོ་ཕྱོགས་དཔལ་གྱི་རི་ལ་གཤེགས་ཁར་ཨཱརྱ་དེ་བ་གཅིག་པུ་ལ་གཏད་པ་ཡིན་ནོ་གསུངས། དེ་ནས་ནང་དུ་བཏང་བར་ཞལ་མཇལ་མ་ཐག་དགའ་བ་དཔག་མེད་བྱུང་སྟེ་ཡན་ལག་ལྔ་ས་ལ་གཏུགས་ཏེ་ཕྱག་འཚལ་ཞིང་མཇལ། གྲོགས་རྙིང་འཕྲད་པ་ལྟར་ཐུགས་ཡིད་གཅིག་ཏུ་འདྲེས་པར་གྱུར། ཞེས་བྱུང་ངོ་།།

གཞན་ཡང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[10]། སློབ་དཔོན་ཀླུ་སྒྲུབ་རྒྱལ་པོ་བདེ་བྱེད་ཀྱི་ས་ནས་དཔལ་གྱི་རིར་གཤེགས་པ་དང་ཉེ་བའི་ཚེ་མཇལ་ཏེ་དཔལ་གྱི་རིར་སློབ་དཔོན་གྱི་ཞབས་པད་བསྟེན་ཞིང་། བཅུད་ལེན་ལ་སོགས་པའི་དངོས་གྲུབ་མང་པོ་ཐོབ་པར་མཛད་ནས་མཐར་སྙིང་པོའི་དོན་གྱི་བསྟན་པའང་གཏད་དོ། །ཞེས་གསུངས་པ་ལྟར་རོ།།

དེ་བཞིན་རོང་སྟོན་ཤཱཀྱ་རྒྱལ་མཚན་ (1367-1449) གྱིས་མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་རིན་ཆེན་སྤུངས་ལས[11]།

ཀླུ་སྒྲུབ་གསུང་རབ་ལེགས་བཤད་སྙིང་པོའི་དོན། །གཅིག་ཏུ་བསྡུས་ནས་གཞན་ལ་སྟོན་མཛད་ཅིང༌། །

དབུ་མའི་རིང་ལུགས་མཆོག་ཏུ་སྨྲ་བ་པ། །ཨཱརྱ་དེ་བའི་ཞབས་ལ་ཕྱག་འཚལ་ལོ། །

ཞེས་བསྟོད་ཕྱག་མཛད་པ་ལྟར། ཅོ་ནེ་གྲགས་པ་བཤད་སྒྲུབ་ (1675-1748) ཀྱིས་མཛད་པའི་རྒྱལ་རབས་དང་འབྲེལ་བའི་རྒྱ་བོད་ཀྱི་ཆོས་འབྱུང་དགོས་འདོད་ཀུན་འབྱུང་ལས[12]། སློབ་དཔོན་ཨཱརྱ་དེ་བས་གཙོ་བོར་མགོན་པོ་ཀླུ་སྒྲུབ་བསྟེན་ནས་མདོ་སྔགས་ཐམས་ཅད་ཐུགས་སུ་ཆུད། དེ་ཡང་སློབ་དཔོན་ཀླུ་སྒྲུབ་རྒྱལ་པོ་བདེ་སྤྱོད་ཀྱི་གནས་ན་བཞུགས་པའི་ཚེ་མཇལ་ནས། ཕྱིས་དཔལ་གྱི་རིར་དཔོན་སློབ་གཉིས་ཀས་སྒྲུབ་པ་མཛད་པའི་སྐབས་ཤིག་ན། ལྷ་དབང་ཕྱུག་ཆེན་པོས་དངོས་སུ་བྱིན་གྱིས་བརླབས་པའི་མུ་སྟེགས་རྟ་དབྱངས་ཞེས་བྱ་བས་རྒྱ་གར་ཤར་ཕྱོགས་པའི་སངས་རྒྱས་པ་རྣམས་རྩོད་པས་ཕམ་པར་བྱས་ཏེ། ཡུལ་དབུས་ནཱ་ལེནྡྲར་འོངས་ནས་རྩོད་པ་བྱའོ་ཞེས་བརྗོད་པའི་ཚེ། དེར་བཞུགས་པའི་གནས་བརྟན་རྒན་པ་དག་གིས་འདིས་བསྟན་པ་ཉམས་པར་བྱེད་པར་སངས་རྒྱས་ཀྱིས་ལུང་བསྟན་པས་རང་རེ་རྣམས་ཀྱིས་མི་ཐུབ་ཀྱི། ཀླུ་སྒྲུབ་ཡབ་སྲས་དཔལ་གྱི་རིར་བཞུགས་པ་སྤྱན་དྲངས་ནས་རྩོད་པ་བྱེད་དུ་གཞུག་གོ་ཞེས་བརྗོད་པ་ལྟར། ཆོས་སྐྱོང་ལ་བསྐུལ་ནས་སྤྲིངས་ཡིག་བསྐུར་བ་སློབ་དཔོན་ཡབ་སྲས་ལ་འཕྲོད་པས། འདུལ་བའི་དུས་ཡིན་པར་མཁྱེན་ནས་ཨཱརྱ་དེ་བ་བཏང་བས་བྱོན། ཞེས་གསུངས་པ་ལྟར་ཀླུ་སྒྲུབ་ཡབ་སྲས་གཉིས་ཐོག་མར་ཞལ་མཇལ་ཡུལ་བདེ་སྤྱོད་ཀྱི་གནས་སུ་ཡིན་པར་གསུངས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ཇོ་ནང་མདོ་སྔགས་རིག་པའི་དཔེ་ཚོགས། ༼༢༦༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༤ ནས་ ༦ བར།

[2]  པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་བཀའ་འབུམ། ༼མ༽ དཔེ་རིང་། ཤོག་གྲངས་ ༤ན༦

[3]  ཐང་སན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༨༧

[4]  པཎ་ཆེན་འདི་དག་ལ་འཇིག་རྟེན་གསལ་བའི་ཉི་མ་བཞི་ཞེས་བགྲང་རིགས་ཀྱང་དུས་མཉམ་མིན།

[5]  ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༢༧

[6]  སྟག་ལོའི་གྲུབ་མཐའ་ཀུན་ཤེས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༡༧༨

[7]  བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ཀུ་མཱ་ར་ཤི །འདི་ཀུ་མཱ་ར་ཛི་བ་ (c.344-413) ཞེས་པའི་ཟུར་ཆག་སྟེ་སྔར་ལི་ཡུལ་ལས་བྱུང་བའི་ལོ་ཙཱ་བ་ཆེན་པོ་ཞིག་འདིའི་ཡབ་རྒྱ་གར་བ་ཡིན་ཡང་། ལི་ཡུལ་བྱང་རྒྱུད་ཀྱི་རྒྱལ་པོ་ཞིག་གི་མག་པར་གྱུར་པས་ལོ་ཆེན་འདི་ལི་ཡུལ་དུ་ཤིང་འབྲུག་ལོར་འཁྲུངས། ཆུང་དུས་སུ་རབ་ཏུ་བྱུང་ཞིང༌། མཚན་གཞོན་ནུ་ཚེ་རིང་ཞེས་བཏགས། ཁ་ཆེའི་ཡུལ་དུ་ལེགས་སྦྱར་སྐད་དང་ཐེག་དམན་གྱི་ཆོས་སྦྱངས། ཕྱིས་སུ་ཐེག་ཆེན་ལ་ཞུགས་ཏེ་དབུ་མའི་ལྟ་བ་ལ་མཁས་པ་ཆེན་པོ་བྱུང༌། ལྱང་ཅུ་སྡེ་བཞིར་ཡུན་རིང་བཞུགས་ཏེ་རྒྱ་བོད་ཀྱི་སྐད་ཡིག་ལའང་བྱང་ཆུབ་པར་མཛད། དགུང་ལོ་ང་བདུན་པའི་དུས་སུ་ཡའོ་ཆིན་རྒྱལ་པོ་ཧུང་ཤིའི་ཁྲི་ལོ་གསུམ་པར་རྒྱལ་ས་ཁྲང་ཨན་དུ་གདན་དྲངས། དེར་ལོ་བཅུ་གསུམ་གྱི་རིང་ལ་རྡོ་རྗེ་གཅོད་པ་སོགས་ཤེར་མདོ་ཆེ་ཆུང་དང༌། དམ་པའི་ཆོས་པདྨ་དཀར་པོ། དྲི་མེད་གྲགས་པས་བསྟན་པ་སོགས་མདོ་སྡེ་དུ་མ་དང༌། མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མ་རྩ་ཤེས། དབུ་མ་སྒོ་བཅུ་གཉིས་པ། ཨརྱ་དེ་བའི་དབུ་མ་བརྒྱ་པ་ལེའུ་བཅུ། གཞན་ཡང་རྒྱ་ནག་ཏུ་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་ཤེར་ཕྱིན་ཆེན་མོ་བམ་པོ་བརྒྱ་པ་བཅས་བཀའ་བསྟན་བམ་པོ་སུམ་བརྒྱ་གྱ་བཞི་བསྒྱུར། སློབ་མ་མང་པོ་བསྐྱངས། དགུང་ལོ་བདུན་ཅུ་ལ་འདས། (བོད་རྒྱ་ཚིག་མཛོད་ཆེན་མོ། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༣) ཞེས་གསལ་ལོ།།

[8]  ཀུ་མ་ར་ཛི་བས་རྒྱ་ཡིག་ཏུ་བསྒྱུར། དོར་ཞི་གདོང་དྲུག་སྙེམས་བློས་བོད་ཡིག་ལ་བསྒྱུར། སྦྲང་ཆར། ༢༠༠༥།༤ ཤོག་ ༡༣༧

[9]  ཐང་སན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༤༨

[10]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༡༡༠

[11]  རོང་སྟོན་གསུང་འབུམ། ༼ཀ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༩༩

[12]  ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ༼༡༢༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུ་ཁང་། ༢༠༠༩ ལོ། ཤོག་གྲངས་ ༡༥༠

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༡ ནས་ ༤༨ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *