ཇ༽ དཀར་ཆག་གི་ཆིངས་རིམ་པ་བདུན།

ཇ༽ དཀར་ཆག་གི་ཆིངས་རིམ་པ་བདུན།

 

དཀར་ཆག་གི་ཆིངས་རིམ་པ་བདུན་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་བོད་ཀྱི་དཀར་ཆག་རིག་པ་ལས[1]། ༡ སྡེ་ཚན་གང་གི་ཁོངས་ཡིན་པ། ༢ རྩོམ་ཡིག་གི་ཁ་བྱང་དང་མིང་། ༣ རྩོམ་པ་པོའི་མིང་། ༤ ལེ་ཚན་གྱི་གྲངས། ༥ པོད་གྲངས། ༦ ཤོག་གྲངས། ༧ ཆ་ཚང་མིན་བཅས་ཡིན། བདུན་པོ་དེ་ནི་ཞིབ་འཇུག་བྱེད་མཁན་དང་། སློབ་ཁྲིད་འཆད་ཉན་བྱེད་མཁན།

དཔེ་མཛོད་བདག་གཉེར་བྱེད་མཁན་བཅས་ཚང་མར་ངེས་པར་དུ་བློ་ལ་འཛིན་དགོས་པའི་དོན་ཚན་གཙོ་བོ་ཡིན། ཞེས་གསུངས་པ་ལྟར་སྔར་ཡོད་རྒྱུན་འཛིན་དང་། སྔར་མེད་གསར་གཏོད་རང་བཞིན་གྱི་དཀར་ཆག་གི་ཆིངས་རིམ་པ་བདུན་གྱི་ཐད་འཐུས་སྒོ་དང་། ཆ་ལག་ཚང་བ་ཞིག་ལེགས་བཅོས་གསར་གཏོད་མཛད་ཡོད་ལ། དཀར་ཆག་གི་ཆིངས་བདུན་ནི་དཀར་ཆག་རིག་པའི་རྩ་བའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཆགས་ཡོད།

དེ་ལྟར་དཀར་ཆག་ནི། ཕྱོགས་སྟོན་གྱི་ས་ཁྲ་དང་། ཤེས་བྱའི་བང་མཛོད་གསལ་བའི་མེ་ལོང་། དཔེ་ཆ་ལྟ་ཀློག་དང་འཚོལ་སྒྲུབ་ཀྱི་ལྡེ་མིག་ལྟ་བུ་ཡིན་པས་ན། མི་རྒྱུ་དང་རིན་བྲལ་གྱི་དུས་ཚོད་སོགས་ཆུད་ཟོས་སུ་མ་སོང་བར་རང་མཁོའི་དཔྱད་གཞིའི་ཡིག་རིགས་བདེ་བླག་ངང་འཚོལ་སྒྲུབ་དང་། ལྟ་ཀློག་ཐུབ་པའི་དགེ་མཚན་མི་ཉུང་བ་ཞིག་ཡོང་རེར་དམིགས་ཏེ་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་ཏུའང་ཆིངས་རིམ་པ་བདུན་པོ་ཚང་ངེས་ཞིབ་གསལ་དུ་བཀོད་ཡོད་པ་སྟེ། དཔེ་མཚོན་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་དཀར་ཆག་བཀོད་པ་འདི་ལྟར།

༡༠༣༽ དབུ་མ་ ༼ཙ༽ པ་ལ། རྒྱ་གར་སྐད་དུ། པྲཛྙཱ་ནཱ་མ་མཱུ་ལ་མདྷྱཱ་མ་ཀ་ཀཱ་རི་ཀ །བོད་སྐད་དུ། དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བ་བཞུགས་སོ། །སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་མི་འཕྲོག་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པ། དེ་བཞིན་གཤེགས་པའི་ཐེག་པ་བླ་ན་མེད་པའི་ཚུལ་གསལ་བར་བྱེད་པ། རབ་ཏུ་དགའ་བའི་ས་བསྒྲུབས་ནས་བདེ་བ་ཅན་དུ་གཤེགས་པ། འཇིག་རྟེན་གྱི་ཁམས་དང་བའི་འོད་ཅེས་བྱ་བར། དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་བས་མཛད་པ། (སྔ་འགྱུར།) རྒྱ་གར་གྱི་མཁན་པོ་ཆེན་པོ་དབུ་མ་པ་ཛྙཱ་ན་གརྦྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། འདི་ལ་རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན། ཤླཽ་ཀ་བཞི་བརྒྱ་བཞི་བཅུ་རྩ་དགུ། བམ་པོ་ནི་ཕྱེད་དང་གཉིས་སུ་བྱས་སོ། །(བར་འགྱུར།) སླད་ཀྱིས་གྲོང་ཁྱེར་དཔེ་མེད་ཀྱི་དབུས་གཙུག་ལག་ཁང་རིན་ཆེན་སྦས་པའི་དབུས་སུ་ཁ་ཆེའི་མཁན་པོ་མ་ཧཱ་སུ་མ་ཏི་དང༌། བོད་ཀྱི་སྒྲ་སྒྱུར་གྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་མིའི་བདག་པོ་འཕགས་པ་ལྷའི་སྐུ་རིང་ལ་འགྲེལ་པ་ཚིག་གསལ་དང་བསྟུན་ནས་བཅོས་པའོ། །(ཕྱི་འགྱུར།) སླད་ཀྱིས་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ་རྒྱ་གར་གྱི་མཁན་པོ་ཀ་ན་ཀ་དང་། ལོ་ཙཱ་བ་དེ་ཉིད་ཀྱིས་ཞུ་ཆེན་བགྱིས་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་པར་མ་ཟད། རྒྱའི་སྐད་དུའང་ (中論  T30, No1564) བསྒྱུར་ནས་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༡༠ ལྡེབ་ ༦༣བ༥ ནས་ ༦༧བ༣ བར་ཡིག་ཕྲེང་ ༥༥ ཚིག་རྐང་ ༧-༤༠༣ ཚེག་ཁྱིམ་ ༢༨༩༡། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༡༠ ལྡེབ་ ༧༣ན༧ ནས་ ༧༧བ༨ བར་ཡིག་ཕྲེང་ ༧༤ ཚིག་རྐང་ ༧-༤༠༤ ཚེག་ཁྱིམ་ ༢༨༩༤། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༡༠ ལྡེབ་ ༧༠ན༣ ནས་ ༧༤བ༣ བར་ཡིག་ཕྲེང་ ༦༤ ཚིག་རྐང་ ༧-༤༠༤ ཚེག་ཁྱིམ་ ༢༨༩༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ལྡེབ་ ༧༢ན༧ ནས་ ༧༦བ༤ བར་བཞུགས། ཅ༽ བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པོ། ཤོག་གྲངས་ ༡༧༨ ནས་ ༡༨༧ བར་བཞུགས་པ་བཅས། པཎ་གྲུབ་བཅུ་བདུན་གྱི་བསྟན་བཅོས་རྣམས་ཀྱི་དཀར་ཆག་འདི་ལྟར་ཞིབ་གསལ་དུ་བཀོད་ཡོད།

དེ་ཡང་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་རྨད་བྱུང་ལེགས་བཤད་ཀྱི་བསྟན་བཅོས་ཀྱི་དཀར་ཆག་རྣམས་དུམ་མཚམས་གཉིས་སུ་ཕྱེ་ནས་བསྒྲིགས་པ་སྟེ། དུམ་མཚམས་དང་པོར་ཆིངས་རིམ་པ་བདུན་ལས། ༡ སྡེ་ཚན་གང་གི་ཁོངས་ཡིན་པ་ནི། སྡེ་ཚན་དབུ་མའི་ཁོངས་དང་། པོད་ ༼ཙ༽ པ་ཡིན་པ་དང་། ༢  རྩོམ་ཡིག་གི་ཁ་བྱང་དང་མིང་ནི། ཆོས་ཁུངས་བཙུན་པར་བསྟན་པའི་མཚོན་བྱེད་དུ་ཐོག་མར་རྒྱ་གར་སྐད་དུ། པྲཛྙཱ་ནཱ་མ་མཱུ་ལ་མདྷྱཱ་མ་ཀ་ཀཱ་རི་ཀ །བོད་སྐད་དུ། དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བ་བཞུགས་སོ། །ཞེས་སཾ་བོད་གཉིས་ཀའི་མཚན་བྱང་དང་། མཚན་བྱང་རྒྱས་བསྡུས་དང་། མཚན་གྱི་རྣམ་གྲངས་དག་ཀྱང་བཀོད་ཡོད་པར་མ་ཟད། ལེགས་སྦྱར་གྱི་མཚན་བྱང་མེད་རིགས་ལ་གསལ་བཤད་ཀྱང་ཞུས་ཡོད། དེ་ཡང་ཆུ་འགོ་གངས་ལ་ཐུག་པའི་དཔེ་བཞིན་རྩོད་མེད་རྣམ་དག་གི་འབྱུང་ཁུངས་གསལ་པོར་བསྟན་ཕྱིར་སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱིས་རྒྱལ་བའི་བཀའ་དང་། དགོངས་འགྲེལ་གྱི་བསྟན་བཅོས་ཀྱི་དབུར་སཾ་བོད་སྐད་གཉིས་ཤན་སྦྱར་སྨོས་པའི་སྲོལ་བཟང་བཏོད་ཅིང་། བཀའ་བསྟན་གྱི་གཞུང་ལུགས་གང་ཞིག་ལེགས་སྦྱར་ནས་བོད་གངས་ཅན་པའི་སྐད་ཡིག་ཏུ་སྒྲ་སྒྱུར་མཛད་པའི་ཚེ་སཾ་བོད་སྐད་གཉིས་ཤན་སྦྱར་གྱི་ཐོག་ནས་བཀའ་བསྟན་གྱི་མཚན་བྱང་བཀོད་དེ་བསྒྱུར་བྱའི་གཞུང་དེ་ཉིད་བཀའ་བསྟན་དྲི་མ་མེད་པར་བསྟན་པའི་དགོས་དམིགས་ལྟར། འདི་ཡང་ལེགས་སྦྱར་གྱི་མཚན་བྱང་ཡོད་མེད་ཞིབ་ཏུ་དཔྱད་དེ་བཀོད་ཡོད།

༣ རྩོམ་པ་པོའི་མིང་ནི། སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཅེས་མཛད་བྱང་དུ་ཇི་ལྟར་གསལ་ལྟར་མཛད་པ་པོའི་མཚན་མི་འདྲ་བ་གང་དག་འཁོད་མིན་དང་། མཚན་གྱི་སྔོན་དུ་མཁན་སློབ་སོགས་ཆེ་བསྟོད་ཀྱི་ཚིག་གང་ཞིག་འཁོད་པ་བཅས་ཀྱང་ཞིབ་གསལ་དུ་བཀོད་ཡོད།

༤ ལེ་ཚན་གྱི་གྲངས་ནི། འདི་ལ་རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན། ཤླཽ་ཀ་བཞི་བརྒྱ་བཞི་བཅུ་རྩ་དགུ། བམ་པོ་ནི་ཕྱེད་དང་གཉིས་སུ་བྱས་སོ། །ཞེས་བྱུང་བ་ལྟར་གཞུང་ཚད་ཇི་ཡོད་བཅས་གསལ་བར་བཀོད་ཡོད་ལ། གཞན་ཡང་དཀར་ཆག་གི་ཆིངས་རིམ་པ་བདུན་ནང་མི་གསལ་བའི་དཀར་ཆག་གི་གལ་ཆེའི་ཆ་ཤས་སུ། སྒྲ་སྒྱུར་ལོ་པཎ་གྱི་མཚན་བྱང་དང་། སྒྲ་སྒྱུར་ལ་སྔ་འགྱུར་དང་། བར་འགྱུར། ཕྱི་འགྱུར་ལྟ་བུ་འགྱུར་སྔ་ཕྱི་བར་གསུམ་ཇི་གནང་། བསྟན་བཅོས་སྒྱུར་ཡུལ། དུས་དང་སྦྱིན་བདག །ལེགས་སྦྱར་གྱི་མ་དཔེ་བཞུགས་མིན། རྒྱའི་སྐད་དུ་བསྒྱུར་ཡོད་མེད། དབང་ལུང་མན་ངག་གི་རྒྱུན་ཡོད་མེད། མཛད་པ་པོར་རྩོད་གཞི་ཡོད་མེད་སོགས་ཀྱང་ཞིབ་གསལ་དུ་བཀོད་ཡོད། མདོར་ན་མཛད་པ་པོ་དང་། སྒྱུར་བ་པོ། ཞུས་ཆེན་པ་སོགས་ཀྱི་རུས་དང་ཡུལ་གང་གི་ཡིན་པ་དང་། བསྒྱུར་གནས་དང་དུས་དང་སྦྱིན་བདག་སོགས་མདོར་ན་བསྟན་འགྱུར་གྱི་མ་དཔེ་དང་། བསྟན་བཅོས་དངོས་ཀྱི་མཛད་བྱང་སོགས་ལྟར་ཞིབ་གསལ་དུ་བཀོད་ཡོད།

དུམ་མཚམས་གཉིས་པར། ཆིངས་རིམ་པ་བདུན་ལས། ༥ པོད་གྲངས་དང་། ༦ ཤོག་གྲངས། ༧ ཆ་ཚང་མིན་བཅས་ཀྱི་སྐོར་ཞིབ་གསལ་བཀོད་པ་འདི་ལྟར། དེ་ཡང་སྡེ་དགེ་བསྟན་འགྱུར་དང་། པེ་ཅིན་བསྟན་འགྱུར། སྣར་ཐང་བསྟན་འགྱུར། ཅོ་ནེ་བསྟན་འགྱུར། བསྟན་འགྱུར་དཔེ་བསྡུར་མ་བཅས་བསྟན་འགྱུར་ཁག་ལྔའི་སྡེ་ཚན་བཅུ་བཞི་ལས་གང་ཡིན་དང་། པོད་རྟགས་གང་ཡིན། ཆོས་ཚན་གྱི་ཨང་གྲངས། ཤོག་གྲངས་དང་རྒྱབ་བདུན་གྱི་ཡིག་ཕྲེང་གང་ནས་གང་དུ་བཞུགས་མིན། གཞུང་དེ་དག་ལ་གཞུང་ཚད་ལེའུ་དང་བམ་པོ། ཡིག་ཕྲེང་དང་། ཚིག་རྐང་། ཚེག་ཁྱིམ་བཅས་ཇི་ཡོད་ཞིབ་གསལ་དུ་བཀོད་ནས་ཁ་གསལ་གོ་བདེ་ཡོང་ཐབས་ཞུས་པ་དང་གཅིག །གཉིས་ནས་མ་འོངས་པར་ལྟ་ཀློག་ཞིབ་འཇུག་གནང་མཁན་དག་ལའང་ཁུངས་བཙན་གྱི་རྒྱུ་ཆ་ཕྱོགས་གཅིག་ནས་དཀའ་ཚེགས་མེད་པར་འཚོལ་བདེ་ཡོང་སླད་སོགས་སུ་དམིགས་ནས་དུས་གྲོན་དང་ངལ་བར་མ་འཛེམས་པར་ཞིབ་གསལ་དུ་བཀོད་ཡོད། དེ་ལྟར་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་འདི་ཉིད་ནི། བོད་ཀྱི་དཀར་ཆག་གི་ཁྲོད་ནས་ཞིབ་ཚགས་ཤིང་རྒྱས་ཤོས་ཤིག་དང་། ཞིབ་འཇུག་རང་བཞིན་གྱི་དཀར་ཆག་ཁ་གསལ་ཅན་ཞིག་ཡིན་ཞེས་བརྗོད་ཆོག་པ་ཡིན།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] དུང་དཀར་རིན་པོ་ཆེའི་གསུང་འབུམ། ༼ཁ༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༣

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༧ ནས་ ༢༡ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *