༢༽ མར་མེ་མཛད་བཟང་པོའི་གསུང་གི་རྩོམ་སྒྱུར་ཞུ་གསུམ་སྐོར།

༢༽ མར་མེ་མཛད་བཟང་པོའི་གསུང་གི་རྩོམ་སྒྱུར་ཞུ་གསུམ་སྐོར།

 

གོང་གསལ་མར་མེ་མཛད་བཟང་པོའི་མཛད་བྱང་གསལ་བའི་ཆོས་ཚན་ ༢༩ བཞུགས་པ་དེ་དག་གི་ཁྲོད་ནས་རྒྱ་གར་སྐད་གསལ་བའི་ཆོས་ཚན་གྲངས་ ༣ དང་། རྒྱ་གར་སྐད་མི་གསལ་བའི་ཆོས་ཚན་གྲངས་ ༢༦ མཛད་བྱང་དུ་སྡེ་དགེ་བསྟན་འགྱུར་ལྟར་ན་མར་མེ་མཛད་བཟང་པོས་མཛད་པར་གསལ་ཞིང་། མཚན་ཟུར་དུ་སློབ་དཔོན་མར་མེ་མཛད་བཟང་པོ་ཞེས་འཁོད་པ་ ༡ དང་། དཔལ་མར་མེ་མཛད་བཟང་པོས་མཛད་པར་གསལ་བ་ ༢༣ སློབ་དཔོན་ཆེན་པོ་དཔལ་མར་མེད་བཟང་པོས་མཛད་པར་གསལ་བ་ ༥ བཅས་བཞུགས་ཤིང་།

གསེར་བྲིས་བསྟན་འགྱུར་ལྟར་ན་དེ་དག་ཕལ་མོ་ཆེའི་མཛད་བྱང་སློབ་དཔོན་ཇོ་བོ་རྗེས་མཛད། ཅེས་གསལ་ཡོད།

ཡང་ཆོས་ཚན་དེ་དག་ལས་འགྱུར་བྱང་མི་གསལ་བའི་ཆོས་ཚན་ ༢༦ དང་། འགྱུར་བྱང་གསལ་བའི་ཆོས་ཚན་ ༣ བཞུགས་པ་ལས། སྒྲ་སྒྱུར་མཛད་པ་པོ་རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་ཝརྨ་དང་། རྒྱ་གར་གྱི་མཁན་པོ་ཆེན་པོ་དུལ་བའི་ལྷ་གཉིས་དང་། བོད་ཀྱི་ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ། འགོས་ཁུག་པ་ལྷས་བཙས་གསུམ་བཅས་འཕགས་བོད་ཀྱི་པཎ་གྲུབ་ཞལ་གྲངས་ ༥ ཡིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།

ཆོས་ཚན་ ༢༩ བཞུགས་པ་རྣམས་གསེར་བྲིས་བསྟན་འགྱུར་དུ་སློབ་དཔོན་ཇོ་བོ་རྗེས་མཛད་ཅེས་བྱུང་བ་ལྟར། འདི་དག་ཇོ་བོའི་གསུང་ལ་ངོས་འཛིན་གྱིས་ཇོ་བོ་རྗེའི་གསུང་འབུམ་ཁྲོད་དུ་ཕྱོགས་བསྒྲིགས་ཞུས་པས། མ་འོངས་པར་མཁྱེན་པའི་སྤྱན་རས་མཆོག་ཏུ་ཡངས་པ་རྣམས་ཀྱིས་ཞིབ་ཏུ་དཔྱད་པར་འཚལ་ཞེས་ཞུ་རྒྱུ་དང་། མར་མེ་མཛད་བཟང་པོ་ཇོ་བོ་དང་གཅིག་མིན་སྐོར་ཇོ་བོ་རྗེའི་རྣམ་ཐར་གྱི་སྐབས་སུ་གཟིགས་པར་འཚལ་ལོ།།  །།

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༦༧ ནས་ ༡༦༨ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *