༣༽ རྩོད་སྒྲུབ་དབྱིག་གཉེན་གྱིས་མཛད་མིན།

༣༽ རྩོད་སྒྲུབ་དབྱིག་གཉེན་གྱིས་མཛད་མིན།

 

དེ་ཡང་སྟག་ཚང་ལོ་ཙཱ་བ་སྒྲ་པ་ཤེས་རབ་རིན་ཆེན་ (1405-?) གྱིས་མཛད་པའི་རིག་གནས་ཀུན་ཤེས་ལས[1]། ཀུན་མཁྱེན་གཉིས་པས་རྩོད་སྒྲུབ་སྔ་དུས་མཛད། །དེས་བསྐྱངས་འཇམ་པའི་དབྱངས་ཀྱིས་རྗེས་བཟུང་བ། །རིག་སྨྲའི་གཙོ་བོ་ཕྱོགས་ཀྱི་གླང་པོ་ཡིས། །གཞུང་མང་མཛད་ལས་བཏུས་ནས་ཚད་མའི་མདོ། །

མངོན་སུམ་རྗེས་དཔག་གཉིས་དང་གཞན་སེལ་དང༌། །དཔེ་དང་རྟག་ཆོད་ལེའུ་དྲུག་ལྡན་མཛད། །འགྲེལ་བྱེད་ཚད་མར་མ་གྱུར་འགས་ཀྱང་བཤད། །རྒྱལ་བས་ལུང་བསྟན་ཆོས་གྲགས་ཉི་མ་ཡིས། །མདོ་ཡི་པད་མོ་རྣམ་པར་རྒྱས་བྱེད་པའི། །སྡེ་བདུན་ཚ་ཟེར་ཕྱོགས་བཅུར་སྤྲོས་པར་གྱུར། །ཞེས་ཀུན་མཁྱེན་པ་དབྱིག་གཉེན་གྱིས་ཚད་མའི་བསྟན་བཅོས་རྩོད་སྒྲུབ་མཛད་པར་གསུངས་ཏེ། དེ་ཡང་སྟག་ཚང་ལོ་ཙཱ་བ་སྒྲ་པ་ཤེས་རབ་རིན་ཆེན་ (1405-?) གྱིས་མཛད་པའི་རིག་གནས་ཀུན་ཤེས་ནས་བདག་མེད་གྲུབ་པ་ཞེས་བྱ་བའི་བསྟན་བཅོས་ཀྱི་རྣམ་པར་བཤད་པ་ཉུང་གསལ་ཀུན་དགའ་ལས[2]། ཀུན་མཁྱེན་གཉིས་པས་ནི་ཚད་མའི་བསྟན་བཅོས་རྩོད་སྒྲུབ་ཏུ་གྲགས་པ་མཛད་ཀྱང་གཞོན་ནུ་བློ་གྲོས་མ་སྨིན་པའི་དུས་སུ་མཛད་པས། བཤད་པ་འགའ་ཞིག་སྙིང་པོ་མེད་པར་དགོངས་སོ་ཞེས་ཀུན་བཏུས་སུ་དགག་པ་ཡང་འགའ་རེ་མཛད་དོ། །ཞེས་གསུངས་སོ།།

བཅོམ་ལྡན་རིག་པའི་རལ་གྲིས་ (1227-1305) མཛད་པའི་བསྟན་པ་རྒྱན་གྱི་མེ་ཏོག་ལས[3]། གཉིས་པ་ལ། སྤྱིར་ཚད་མ་ལ་སྔ་བ་སྟོན་པ་སེར་སྐྱས་བརྩམས་པ་ཡིན་ལ། ནང་པ་ལ་སྔ་བ་དགྲ་བཅོམ་པ་ཆོས་སྐྱོབ་ཀྱིས་བསྟན་པ་བསྲུང་བ། དབྱིག་གཉེན་གྱིས་རིགས་སྨྲའི་སྒྲོམ། རྩོད་གྲུབ་ཅེས་བྱ་བ་མཛད་དོ། །ཞེས་གྲག་གོ །ཞེས་གསུངས་པ་ལྟར། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ (1813-1890/1899) མཛད་པའི་ཤེས་བྱ་ཀུན་ཁྱབ་ལས[4]། ཕྱི་པའི་རྟོག་གེ་སྔ་ཡང་སྐྱོན་བཅས་ཉིད། །ནང་པའི་ཚད་གཞུང་ཐོག་མར་རྩོད་གྲུབ་སྟེ། །ཕྱོགས་ཀྱི་གླང་པོས་མངོན་སུམ་རྗེས་དཔག་གཉིས། །གཞན་སེལ་དཔེ་དང་ལྟག་ཆོད་དྲུག་ལྡན་མདོ། །ཀུན་ལས་བཏུས་མཛད་དེ་ཡི་དགོངས་འགྲེལ་དུ། །ཆོས་ཀྱི་གྲགས་པས་རྩ་བ་རྒྱས་འབྲིང་བསྡུས། །ཡན་ལག་གཞི་བཅས་སྡེ་བདུན་ལམ་སྲོལ་ཕྱེས། །ལྷ་ཤཱཀ་དུལ་རྒྱན་བདེ་བྱེད་སོགས་ཀྱིས་བཀྲལ། །རྒྱལ་ཅན་ཡ་མཱ་ཉི་སྦས་རྒྱན་རྗེས་འབྲང༌། །རྣམ་ངེས་རིགས་ཐིགས་(ཆོས་མཆོག་)རྒྱལ་རྔ་གསུམ་པས་བཀྲལ། །ཞི་འཚོས་དེ་བསྡུས་ཀ་མ་ཤཱི་ལས་བཀྲོལ། །ཙནྡྲ་གོ་མཱིས་མཛད་སོགས་གཞུང་ཕྲན་མང༌། །ཞེས་ནང་པའི་ཚད་མའི་རིག་པའི་གཞུང་ལུགས་སྔ་ཤོས་ནི་རྩོད་སྒྲུབ་ཡིན་པར་གསུངས་ཏེ། དེ་ཡང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ (1820-1892) མཛད་པའི་ཤེས་བྱ་ཀུན་ཁྱབ་འགྲེལ་པ་ལེགས་བཤད་ཡོངས་འདུ་ཤེས་བྱ་མཐའ་ཡས་པའི་རྒྱ་མཚོ་ལས[5]། གཉིས་པ་ཚད་མ་རིག་པའི་བྱུང་བ་འཆད་པ་ལ་གཉིས། ཕྱི་པ་དང༌། ནང་པའོ། །དང་པོ་ནི། ཕྱི་པའི་རྟོག་གེ་སྔ་ཡང་སྐྱོན་བཅས་ཉིད། །ཕྱི་རོལ་པའི་སྟོན་པ་དྲང་སྲོང་གླིང་སྐྱེས་ཀྱིས་བྱས་པའི་རྟོག་གེའི་བསྟན་བཅོས་དང༌། བྲམ་ཟེ་རྐང་མིག་གིས་བྱས་པའི་རྟོག་གེའི་ཚིག་དོན་བརྒྱད་སྟོན་པའི་བསྟན་བཅོས་ལྟ་བུ་མང་དུ་བྱུང་ཞིང་། ནང་པའི་གཞུང་ལས་འབྱུང་བ་སྔ་ཡང་རྩོད་པ་ལྷུར་ལེན་པའི་བསྟན་བཅོས་ལྟར་སྣང་བ་སྐྱོན་དང་བཅས་པ་ཉིད་ཡིན་པས་འདིར་མི་བཟུང་ངོ༌། །དེས་ན་ཚད་མ་ལ་ཐུན་མོང་གི་རིག་པར་གྲགས་པའང་རྩོད་ངག་ཙམ་ལ་དགོངས་ཀྱི་དོན་གྱི་ཁས་ལེན་མི་མཚུངས་པས་ཁྱད་པར་ཆེའོ། །

གཉིས་པ་ལ་གསུམ། འཕགས་ཡུལ་དུ་བྱུང་ཚུལ། བོད་དུ་བྱུང་ཚུལ། ཞར་བྱུང་གྲུབ་མཐའ་གང་དང་མཚུངས་པར་བཤད་པའོ། །དང་པོ་ནི། ནང་པའི་ཚད་གཞུང་ཐོག་མར་རྩོད་གྲུབ་སྟེ། །རྒྱལ་བའི་གསུང་རབ་ལས་མངོན་སུམ་ཚད་མ་གསལ་བར་བསྟན་ཅིང་རྗེས་དཔག་ཚད་མའང་མ་བཀག་པ་དང་གཏན་ཚིགས་རྣམས་ཀྱིས་ཤུགས་ལས་ཤེས་པ་དང༌། དགོངས་པ་ངེས་འགྲེལ་ལས། ཆོས་ཉིད་ལྟོས་དང་བྱ་བ་བྱེད། །འཐད་པར་སྒྲུབ་པའི་རིགས་པ་བཞི། །ཞེས་རིགས་པའི་རྣམ་གཞག་བཞི་གསུངས་ལ། སྔོན་ཚེ་ལོ་ཉི་ཁྲི་པར་སངས་རྒྱས་འོད་སྲུང་གི་བསྟན་པ་ལའང་བྱུང་བར་བཤད། སྟོན་པ་འདིའི་བསྟན་པ་ལ་ནང་པའི་ཚད་གཞུང་རྣམས་ཀྱི་ཐོག་མ་ནི་རྩོད་པ་གྲུབ་པ་སྟེ། དེ་མཛད་པ་པོ་ཁ་ཅིག་གིས་སློབ་དཔོན་དབྱིག་གཉེན་གྱིས་མཛད་ཟེར་ཡང༌། ཚད་མ་ཀུན་བཏུས་ཀྱི་རང་འགྲེལ་དུ་དགག་པ་རྒྱ་ཆེར་མཛད་པས་གཅུང་དབྱིག་གཉེན་གྱིས་མ་མཛད་པར་གསལ་ཞིང༌། བཙུན་པ་དབྱིག་བཤེས་སོགས་དབྱིག་གཉེན་དང་མཚན་གཅིག་པ་ཞིག་གིས་མཛད་པར་བོད་སྔ་མ་རྣམས་བཞེད་དོ། །ཞེས་གསལ་བར་བྱུང་ངོ་།།

པཎ་ཆེན་ཤཱཀྱ་མཆོག་ལྡན་ (1428-1507) གྱིས་མཛད་པའི་ཚད་མའི་ཆོས་འབྱུང་ལས[6]། གཉིས་པ་ལ་གསུམ་སྟེ། རྩ་བའི་བསྟན་བཅོས་གང་ཡིན་པ་དང་། འཕགས་ཡུལ་གྱི་འགྲེལ་པ་ཚད་ལྡན་དག་གིས་ཇི་ལྟར་བཤད་པ་དང་། བོད་སྔ་མའི་འགྲེལ་ལུགས་དག་ཀྱང་ངེས་པར་ཤེས་དགོས་པའོ། །དང་པོ་ནི། བོད་སྔ་མ་དག་ན་རེ། ཐོག་མར་དགྲ་བཅོམ་པ་ཆོས་སྐྱོབ་ཀྱི་ཚད་མའི་བསྟན་བཅོས་སྨྲ་བའི་སྒྲོམ་ཞེས་བྱ་བ་ཞིག་མཛད་ཟེར་ཡང་ཡིད་ཆེས་པའི་ཁུངས་མེད་དོ། །དེ་ནས་མེ་ཝཾ་གྷ་དང་། དེ་ཡི་འོག་ཏུ་སློབ་དཔོན་དབྱིག་གཉེན་གྱིས་དེའི་བསྟན་བཅོས་རྩོད་པ་གྲུབ་པ་མཛད་ཅེས་ཟེར་བ་ལ། དེས་དེ་མཛད་པ་ལ་ཤེས་བྱེད་མེད་ཅིང་། བརྒྱ་ལམ་ན་མཛད་སྲིད་ཀྱང་དེ་ནས་བཤད་པའི་དོན་ལ་སློབ་དཔོན་གྱིས་སྙིང་པོ་མེད་པར་དགོངས་སོ། །ཞེས་བྱ་བ་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོའི་གསུང་སྟེ། ཇི་སྐད་དུ། རྩོད་སྒྲུབ་སློབ་དཔོན་གྱིས་མ་ཡིན། །ངེས་པར་སྙིང་པོ་མེད་པར་དགོངས། །ཞེས་སོ། །དེ་བས་ན་ཚད་མའི་གསུང་རབ་ཀྱི་རྩ་བའི་ཁུངས་ནི། སྡེ་བདུན་བཀའ་སྤྱི་ཡི་དགོངས་འགྲེལ་དུ་རྒྱན་སོགས་ཀྱིས་འཆད་པ་ལྟར། རྩ་བའི་ཁུངས་ནི་སངས་རྒྱས་ཀྱི་གསུང་རབ་ཉིད་དང་། ཐོགས་མེད་ཞབས་ཀྱི་འབེལ་གཏམ་རྣམ་པར་ངེས་པའི་གཞུང་དང་། རྣམ་པར་བཤད་པའི་སྒོ་བསྡུ་བ་སོགས་ཡིན་ཞེས་འཆད་པར་ནུས་ཏེ། འཕགས་ཡུལ་ན་སངས་རྒྱས་པའི་རྟོག་གེ་སྨྲ་བ་ལ་སྔ་རབས་པ་དང། ཕྱི་རབས་པ་གཉིས་སུ་ཕྱེ་ནས། སྔ་མ་ནི་ཐོགས་མེད་མཆེད་དང་ལེགས་ལྡན་སོགས་ཡིན་ལ། ཕྱི་མ་ནི། ཕྱོགས་ཀྱི་གླང་པོའི་རྗེས་འབྲང་ལ་འཆད་པ་བཞིན་ནོ། །དེ་ལྟ་མོད་ཀྱི་འདིར་ནི་ཡང་དག་པ་ཉིད་དུ་ན། ཚད་མའི་བསྟན་བཅོས་ཀྱི་རྩ་བའི་ཁུངས་ནི་ཕྱོགས་ཀྱི་གླང་པོའི་གཞུང་ཁོ་ནར་ངེས་ཏེ། ཇི་སྐད་དུ། ཚད་མ་བསྒྲུབ་ཕྱིར་རང་གི་གཞུང་ཀུན་ལས། །བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ། །ཞེས་གསུངས་པས་སོ། །ཞེས་གསུངས་པ་ལྟར་སློབ་དཔོན་དབྱིག་གཉེན་གྱིས་ཚད་མའི་བསྟན་བཅོས་རྩོད་སྒྲུབ་མཛད་པའི་ཤེས་བྱེད་མེད་པ་དང་། གལ་སྲིད་མཛད་སྲིད་པའི་དབང་དུ་བཏང་ཡང་དེ་ལ་སྙིང་པོ་མེད་པར་སློབ་དཔོན་ཕྱོགས་ཀྱི་གླང་པོས་བཞེད་པར་གསུངས་སོ།།

དེ་ཡང་ཀརྨ་ཆོས་གྲགས་རྒྱ་མཚོས་ (1454-1506) མཛད་པའི་ཚད་མ་ལེགས་པར་བཤད་པ་ཐམས་ཅད་ཀྱི་ཆུ་བོ་ཡོངས་སུ་འདུ་བ་རིགས་པའི་གཞུང་ལུགས་ཀྱི་རྒྱ་མཚོ་ལས[7]། གསུམ་པ་གཞན་འདོད་པའི་མངོན་སུམ་དགག་པ་ལ། མདོ་མཛད་པས་ཇི་ལྟར་བཀག་པའི་ཚུལ། དེ་སྡེ་བདུན་མཛད་པས་ཇི་ལྟར་འགྲེལ་པའོ། །དང་པོ་ལ། རྩོད་སྒྲུབ་མཁན་པོའི་འདོད་པ་དགག །རིགས་པ་ཅན་པའི་འདོད་པ་དགག །བྱེ་བྲག་པའི་འདོད་པ་དགག །སེར་སྐྱ་པའི་འདོད་པ་དགག །སྤྱོད་པ་པའི་འདོད་པ་དགག་པའོ། །དང་པོ་ལ། རྩོད་སྒྲུབ་དགག་བྱ་མིན་པའི་དོགས་པ་བསལ། འགོག་བྱེད་ཀྱི་རིགས་པ་དངོས་བསྟན་པའོ། །དང་པོ་ནི།

རྩོད་སྒྲུབ་སློབ་དཔོན་གྱིས་མ་ཡིན། །ངེས་པར་སྙིང་པོ་མེད་པར་དགོངས། །

གཞན་དུ་ཆ་ཤས་སུ་གསུང་འགྱུར། །དེས་ན་ཁོ་བོས་བརྟག་པར་བྱ། །

ཞེས་གསུངས་སོ། །སློབ་དཔོན་དབྱིག་གཉེན་གྱི་རྗེས་སུ་འབྲང་བ་ཁ་ཅིག་ན་རེ། བསྟན་བཅོས་རྩོད་པ་བསྒྲུབ་པ་ནི་སློབ་དཔོན་གྱི་གཞུང་ཡིན་པས་ཁས་བླང་བར་བྱ་བ་ཡིན་གྱི། དགག་པར་མི་རིགས་སོ་ཞེ་ན། རྩོད་སྒྲུབ་ནི་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་གཞུང་མ་ཡིན་ཏེ། གང་གི་ཕྱིར་རྩོད་པ་བསྒྲུབ་པ་དེ་ལ་ནི་སློབ་དཔོན་གྱིས་ངེས་པར་སྙིང་པོ་མེད་པར་དགོངས་ནས་སྐྱོན་ཅན་དུ་གསུངས་པའི་ཕྱིར། དེ་ལས་གཞན་དུ་རང་གཞུང་ཡིན་ན་བསྟན་བཅོས་རབ་ཏུ་བྱེད་པ་སྡེ་བརྒྱད་ལ་སོགས་པ་ལྟར་སྐྱོན་མེད་དུ་གསུང་རིགས་པ་ལས། ཇི་ལྟར་ན་སྐྱོན་གྱི་ཆ་ཤས་ཅན་དུ་གསུང་བར་འགྱུར། སློབ་དཔོན་གྱི་མ་ཡིན་པ་དེས་ན་དེ་ནས་བཤད་པའི་ཚད་མ་གཞལ་བྱ་དང་བཅས་པ་ལ་ཁོ་བོས་ཅུང་ཟད་ཅིག་བརྟགས་ནས་དགག་པར་བྱའོ་ཞེས་པའོ།།

དེ་ཡང་ཀུན་མཁྱེན་གཉིས་པ་དབྱིག་གཉེན་ཞབས་ཀྱི་རང་མཁས་ཀྱི་སློབ་མ་བཞིའི་ཡ་གྱལ་ཚད་མ་རང་ལས་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་ (480-540) མཛད་པའི་ཚད་མ་ཀུན་བཏུས་ལས[8]།

རྩོད་སྒྲུབ་སློབ་དཔོན་གྱིས་མ་ཡིན ། །སྙིང་པོ་ངེས་པར་མ་དགོངས་པ། །

ཆ་ཤས་གཞན་དུ་སྨྲ་བའི་ཕྱིར། །དེས་ན་ཁོ་བོས་བརྟག་པར་བྱ། །

ཞེས་གསུངས་པ་ལྟར། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་རྩོད་པ་སྒྲུབ་པའི་བསྟན་བཅོས་ནི། སློབ་དཔོན་ཕྱོགས་གླང་གིས་དབྱིག་གཉེན་གྱིས་མ་བརྩམས་པར་གསུངས་ཀྱང་། རྒྱལ་དབང་བློས་རྩོད་སྒྲུབ་དབྱིག་གཉེན་གྱིས་བརྩམས་ཀྱང་དེ་ལ་སྐྱོན་ཡོད་ཅིང་། དེ་བསལ་ཕྱིར་དབྱིག་གཉེན་གྱིས་མ་བརྩམས་གསུངས་ཞེས་དགོངས་པ་བཀྲལ་ཡོད། དེ་ཡང་རྒྱལ་དབང་བློས་ (དུས་རབས་8/9པའམ་ 725) མཛད་པའི་ཡངས་པ་དང་དྲི་མ་མེད་པ་ལྡན་པ་ཞེས་བྱ་བ་ཚད་མ་ཀུན་ལས་བཏུས་པའི་འགྲེལ་བཤད་ལས[9]། འདིར་སློབ་དཔོན་དབྱིག་གཉེན་གྱི་རྩོད་པ་སྒྲུབ་པའོ། །ཞེས་འཇིག་རྟེན་ན་རབ་ཏུ་གྲགས་པ་འདི་ནི་བསྟན་བཅོས་མཛད་པས་ནི་དེས་མཛད་པའི་བསྟན་བཅོས་གཞན་རྣམས་སྐྱོན་མེད་པ་ཉིད་ལ་བལྟས་ནས། སྐྱོན་དང་བཅས་པའི་རྩོད་པ་སྒྲུབ་པ་དེས་མཛད་པ་ཉིད་མི་སྲིད་དོ་ཞེས་གསུངས་པ།  (ཚད་མ་ཀུན་བཏུས་ལས།) རྩོད་སྒྲུབ་སློབ་དཔོན་གྱིས་མ་ཡིན། །[10]ཞེས་པའོ། །འོ་ན་བྱེད་པ་པོ་མ་མཐོང་བའི་བསྟན་བཅོས་རྣམས་ཀྱི་བྱེད་པ་པོ་གྲགས་པ་ཁོ་ན་ལས་ངེས་པར་བྱ་བ་མ་ཡིན་ནམ། འདི་ལ་ཡང་དེ་ཡོད་དོ་ཞེས་པས་ཅི་ལྟར་རྩོད་སྒྲུབ་སློབ་དཔོན་གྱི་མ་ཡིན་ཞེ་ན། སྙིང་པོ་མེད་ཅེས་ངེས་པ་འམ། །ཞེས་པ་སྟེ། སྐབས་ཉིད་ཀྱི་ཕྱིར་སློབ་དཔོན་གྱིས་དེ་ལ་ཞེས་རྟོགས་པར་བྱའོ། །འདིས་ནི་འདི་ལྟ་བུའི་དོན་གསལ་བར་བྱེད་དེ། རེ་ཞིག་གྲགས་པ་ཙམ་གྱིས་ནི་དོན་ངེས་པར་མི་འགྱུར་ཏེ། དོན་མེད་པར་ཡང་དེ་སྲིད་པའི་ཕྱིར་རོ། །གལ་ཏེ་ཡང་དེས་དེ་མཛད་པ་དེ་ལྟ་ན་ཡང་དང་པོ་ཤེས་རབ་ཕུལ་དུ་བྱུང་བ་མ་སྐྱེས་པར་གྱུར་པ་སྟེ། ཕྱིས་བློ་བྱང་བར་གྱུར་པ་ན་འདིས་དེ་ལ་སྙིང་པོ་མེད་པར་ངེས་པ་སྐྱེས་སོ་ཞེས་པའོ། །ཡང་ཇི་ལྟ་བུར་འདིས་དེ་ལ་སྙིང་པོ་མེད་པར་ངེས་པ་འདི་ཅི་ལྟར་རྟོགས་ཤེ་ན། གཞན་དུ་ཆ་ཤས་སྨྲས་ཕྱིར་ཞེས་པ་སྟེ། སྐྱོན་མེད་པ་ཆ་ཤས་བརྗོད་པའི་ཕྱིར་རོ་ཞེས་པའི་དོན་ཏོ། །གང་སྐྱོན་བསྟན་པ་ལས་ནི་སློབ་དཔོན་གྱིས་རྩོད་པ་སྒྲུབ་པ་ལ་སྙིང་པོ་མེད་པར་ངེས་པ་ལས་ན་རྩོད་པ་སྒྲུབ་པར་བྱེད་པ་ལ་གཞན་དུ་ཆ་ཤས་བརྗོད་པའོ། །སྐྱོན་དེ་རྣམས་ཁོ་ན་ཁོ་བོ་ཅག་གིས་རབ་ཏུ་གསལ་བར་བྱའོ་ཞེས་སྟོན་པ་གསུངས་པ། དེས་ན་ཞེས་པ་ལ་སོགས་པ་སྟེ། དེས་ན་ཞེས་པའི་སྐྱོན་དང་ལྡན་པ་ཉིད་ཀྱིས་ནའོ། །དེ་ལྟར་ནི། གཞན་དུ་ཆ་ཤས་བརྗོད་པ་ལས། ཞེས་པ་འདིས་རྩོད་པ་སྒྲུབ་པ་སྐྱོན་དང་ལྡན་པ་ཉིད་དུ་གསལ་བར་བྱས་སོ། །ཞེས་གསུངས་ལ། དགའ་ལྡན་ཁྲི་ཚབ་འབྲོག་མི་བྱམས་པ་བློ་གྲོས་ (1919-2002) ཀྱིས་མཛད་པའི་གཞུང་ཆེན་བཀའ་པོད་ལྔའི་བཤད་རྒྱུན་གྱི་བྱུང་བ་གསལ་བར་བྱེད་པའི་འོད་སྣང་ལས[11]། སྟོན་པ་འདིའི་བསྟན་པ་ལ་ནང་པའི་ཚད་གཞུང་རྣམས་ཀྱི་ཐོག་མ་ནི་རྩོད་པ་གྲུབ་པ་སྟེ། དེ་མཛད་པ་པོ་ཁ་ཅིག་གིས་དབྱིག་གཉེན་གྱིས་མཛད་ཟེར་ཡང་། ཚད་མ་ཀུན་བཏུས་ཀྱི་རང་འགྲེལ་དུ་དགག་པ་རྒྱ་ཆེར་མཛད་པས་དབྱིག་གཉེན་གྱིས་མ་མཛད་པར་གསལ་ཞིང་། དབྱིག་གཉེན་དང་མཚན་མཐུན་པ་ཞིག་གིས་མཛད་པར་བོད་སྔ་མ་རྣམས་བཞེད་པ་ལྟར་འཐད་དོ། །ཞེས་ཀྱང་བྱུང་ངོ་།།

དེ་བཞིན་རྒྱལ་ཚབ་རྗེའི་ (1364-1432) ཚད་མ་མདོའི་རྣམ་བཤད་ལས[12]། རྩོད་སྒྲུབ་ན་བཤད་པའི་མངོན་སུམ་གྱི་མཚན་ཉིད་སློབ་དཔོན་དབྱིག་གཉེན་གྱི་ལུགས་མ་ཡིན་པར་བསྟན་པ་དང་། རྩོད་སྒྲུབ་ཀྱི་དོན་རྟོགས་ལ་དགག་པའོ། །དང་པོ་ནི། འཇིག་རྟེན་ན་རྩོད་སྒྲུབ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པར་གྲགས་པ་ཚད་མར་བཟུང་ནས། སློབ་དཔོན་ལ་དགག་པ་བྱེད་པ་དག་མི་རིགས་པར་སྟོན་པ་མ་ཡིན་ཏེ། རྩོད་སྒྲུབ་སློབ་དཔོན་དབྱིག་གཉེན་གྱི་རང་ལུགས་མིན་ཏེ། སློབ་དཔོན་གྱི་དེ་ནས་བཤད་པའི་མངོན་སུམ་གྱི་མཚན་ཉིད་ལ་ངེས་པར་སྙིང་པོ་མེད་པར་དགོངས་པའི་ཕྱིར། དེར་ཐལ། མིན་པ་ལས་གཞན་དུ་ན། སློབ་དཔོན་གྱིས་དེ་ལ་མངོན་སུམ་གྱི་མཚན་ཉིད་སོགས་གསུང་མི་རིགས་ལ། མངོན་སུམ་དང་མངོན་སུམ་ལྟར་སྣང་དང་། ལྟག་ཆོད་དང་དེའི་ལན་རྩོད་སྒྲུབ་ལས་ཆ་ཤས་སུ་གསུངས་པར་འགྱུར་བའི་ཕྱིར་རོ། །ཡང་ན་རྩོད་སྒྲུབ་ལས་གཞན་དུ་ཞེས་བཤད་དོ། །ཆ་ཤས་གསུངས་པའི་དོན་ནི། རྩོད་སྒྲུབ་ཀྱི་དོན་ལ་ཆ་ཤས་ཕྱེ་ནས་ཁ་ཅིག་སྐྱོན་མེད་ཡིན་ཡང་ཕལ་ཆེར་སློབ་དཔོན་གྱི་རང་ལུགས་ལ་སྐྱོན་དང་བཅས་པར་སློབ་དཔོན་གྱིས་བསྟན་པའི་དོན། དེས་ན་ཕྱོགས་ཀྱི་གླང་པོ་ཁོ་བོས་རྩོད་སྒྲུབ་ཀྱི་དོན་རྣམས་ལ། ཉེས་པ་ཡོད་མེད་བརྟག་པར་བྱ་བ་སྟེ། བརྟགས་པ་ན་སྐྱོན་དང་བཅས་པའི་ཕྱིར། སློབ་དཔོན་དབྱིག་གཉེན་གྱི་རང་ལུགས་ལ་ཡིན་ནོ་ཞེས་པའོ། །འགྲེལ་བཤད་མཁན་པོ་ན་རེ། གལ་ཏེ་སློབ་དཔོན་གྱིས་མཛད་པ་ཡིན་ན་ཡང་། ཤེས་རབ་ཕུལ་དུ་བྱུང་བ་མ་སྐྱེས་པའི་ཚེ་ཡིན་གྱི། ཕྱིས་བློ་བྱང་བར་གྱུར་པ་ན། དེ་ལ་སྙིང་པོ་མེད་པར་ངེས་པ་སྐྱེས་སོ། །སློབ་དཔོན་ཕྱོགས་གླང་བཞེད་པར་མངོན་གྱི་སློབ་དཔོན་དབྱིག་གཉེན་གྱི་མཛད་དམ་མ་མཛད་སྙམ་དུ་ཐེ་ཚོམ་ཟ་བའི་དོན་གྱི་མ་ཡིན་ནོ། །ཞེས་གསུངས་སོ།།

གཞན་ཡང་རིག་པའི་དབང་ཕྱུག་དགེ་བ་རྒྱལ་མཚན་ (1387-1462) གྱིས་མཛད་པའི་ཚད་མ་ཀུན་ལས་བཏུས་པ་ཞེས་བྱ་བའི་རབ་ཏུ་བྱེད་པའི་རྒྱན་ལས[13]། གཉིས་པ་ལ་གཉིས་ཏེ། རྩོད་སྒྲུབ་མཁན་པོའི་ལུགས་དགག་པ་དང༌། གཞན་སྡེས་བརྟགས་པའི་མངོན་སུམ་གྱི་འདོད་ལུགས་དགག་པའོ། །དང་པོ་ལ་གཉིས་ཏེ། རྩོད་སྒྲུབ་ནས་བཤད་པའི་མངོན་སུམ་གྱི་མཚན་ཉིད་སོགས་སློབ་དཔོན་དབྱིག་གཉེན་གྱི་རང་ལུགས་མ་ཡིན་པར་བསྟན་པ་དང༌། རྩོད་སྒྲུབ་ནས་བཤད་པའི་དོན་རྟོགས་ལ་དགག་པའོ། །དང་པོ་ནི། རྩོད་སྒྲུབ་འདི་གང་གིས་བྱས་པ་ཡིན་ཞེ་ན། རྩོད་སྒྲུབ་འདི་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ཡིན་ཡང་། རྩོད་སྒྲུབ་ཏུ་བཤད་པ་ཐམས་ཅད་སློབ་དཔོན་དབྱིག་གཉེན་གྱི་རང་ལུགས་དམ་པ་མ་ཡིན་ཏེ། དེའི་རང་ལུགས་དམ་པ་ཡིན་ན་དེ་ནས་བཤད་པའི་མངོན་སུམ་གྱི་མཚན་ཉིད་སོགས་ལ་སྙིང་པོ་ཡོད་དགོས་པ་ལས་སློབ་དཔོན་གྱིས་དེ་ལ་ངེས་པར་སྙིང་པོ་མེད་པར་དགོངས་ཤིང་། ཚད་མས་ཀྱང་དེ་ལྟར་གྲུབ་པའི་ཕྱིར། བར་མ་མ་གྲུབ་ན། སློབ་དཔོན་གྱིས་དེ་ནས་བཤད་པའི་མངོན་སུམ་གྱི་མཚན་ཉིད་སོགས་ལ་སྙིང་པོ་མེད་པར་དགོངས་པར་ཐལ། དེས་དེ་ལ་སྙིང་པོ་མེད་པར་དགོངས་པ་ལས་གཞན་དུ་སྙིང་པོ་ཡོད་པར་དགོངས་ན་སློབ་དཔོན་གྱིས་རྩོད་སྒྲུབ་ལས་མངོན་སུམ་དང༌། མངོན་སུམ་ལྟར་སྣང་དང༌། ལྟག་ཆོད་དང་། དེའི་ལན་རྣམས་སྐྱོན་ཡོད་མེད་ཆ་ཤས་སུ་ཕྱེ་ནས་དེ་རྣམས་ཀྱི་མཚན་ཉིད་སོགས་སྐྱོན་མེད་གསུངས་པར་འགྱུར་དགོས་པ་ལས་དེར་དེ་ལྟར་མ་གསུངས་པའི་ཕྱིར། དེས་ན་ཕྱོགས་ཀྱི་གླང་པོ་ཁོ་བོས་རྩོད་སྒྲུབ་ཀྱི་དོན་རྣམས་ལ་བརྟག་པར་བྱ་སྟེ། བརྟགས་པ་ན་ཉེས་པ་དང་བཅས་པ་ནི་སློབ་དཔོན་དབྱིག་གཉེན་གྱི་རང་ལུགས་དམ་པ་མ་ཡིན་པར་འཆད་པའི་ཕྱིར། འདི་ལྟར་འཆད་པ་ནི་རྩ་བའི་དགོངས་པ་ཡིན་གྱི་རྩོད་སྒྲུབ་སློབ་དཔོན་དབྱིག་གཉེན་གྱིས་བྱས་པ་མ་ཡིན་ཏེ། རྩོད་སྒྲུབ་ནས་བཤད་པའི་མངོན་སུམ་གྱི་མཚན་ཉིད་སོགས་ལ་རིགས་པས་གནོད་པའི་ཕྱིར་རོ། །ཞེས་སོགས་ཀྱི་བཤད་པ་བྱེད་པ་རྩ་བའི་དགོངས་པ་མ་ཡིན་ཏེ། མངོན་པ་མཛོད་ཀྱང་སློབ་དཔོན་དབྱིག་གཉེན་གྱིས་བྱས་པ་མ་ཡིན་ཏེ། མངོན་པ་མཛོད་ནས་བཤད་པའི་ཤེས་བྱ་གཞི་ལྔ་རྫས་སུ་གྲུབ་པ་དང༌། མི་སྐྱེ་བའི་འདུས་བྱས་དང༌། ལྡན་མིན་འདུ་བྱེད་རང་རྐྱ་ཐུབ་པའི་རྫས་གྲུབ་དང༌། ཕུང་པོ་བཞི་ལས་རྫས་གཞན་ནི་འདུ་བྱེད་ཀྱི་ཕུང་པོའི་མཚན་ཉིད་དུ་བཤད་པ་ལ་རིགས་པས་གནོད་པའི་ཕྱིར་དང༌། གཞན་ཡང་མཛོད་དུ་རིགས་པས་གནོད་པའི་བཤད་པ་དུ་མ་འདུག་པའི་ཕྱིར། འོ་ན་མངོན་པ་མཛོད་ནས་བཤད་པ་ཐམས་ཅད་སློབ་དཔོན་དབྱིག་གཉེན་གྱི་རང་ལུགས་དམ་པ་མ་ཡིན་པར་འགྱུར་ཏེ། མཛོད་ནས་བཤད་པའི་འདུས་མ་བྱས་རྫས་གྲུབ་སོགས་ལ་རིགས་པས་གནོད་པའི་ཕྱིར་ཞེ་ན། ཤིན་ཏུ་འདོད་པ་ཡིན་ཏེ། དེ་ནས་བཤད་པའི་མི་སྐྱེ་བའི་ཆོས་ཅན་གྱི་འདུས་བྱས་དང༌། རང་རྐྱ་ཐུབ་པའི་རྫས་གྲུབ་དང༌། མཐོང་སྤང་ཡིན་ན་ཉོན་མོངས་ཅན་ཡིན་པས་ཁྱབ་པ་སོགས་བཤད་པ་ནི་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་སོགས་ཀྱི་འདོད་པ་བཞག་པ་ཡིན་གྱི། སློབ་དཔོན་དབྱིག་གཉེན་གྱི་རང་ལུགས་དམ་པ་མིན་པའི་ཕྱིར་ཏེ། མཛོད་ལས།

བདག་གིས་མངོན་པའི་ཆོས་འདི་ཕལ་ཆེར་ནི། །

ཁ་ཆེ་བྱེ་བྲག་སྨྲ་བའི་ཚུལ་གྲུབ་བཤད། །

ཅེས་གསུངས་པའི་ཕྱིར། དེས་ན་འགྲེལ་བཤད་མཁན་པོས། འདིར་སློབ་དཔོན་གྱིས་དབྱིག་གཉེན་གྱི་རྩོད་པ་སྒྲུབ་པའོ། །ཞེས་འཇིག་རྟེན་ན་རབ་ཏུ་གྲགས་པ་འདི་ནི། བསྟན་བཅོས་མཛད་པས་ནི་དེས་མཛད་པའི་བསྟན་བཅོས་གཞན་རྣམས་སྐྱོན་མེད་པ་ཉིད་ལ་བལྟས་ནས། སྐྱོན་དང་བཅས་པའི་རྩོད་པ་སྒྲུབ་པ་དེས་མཛད་པ་ཉིད་མི་སྲིད་དོ་ཞེས་གསུངས་པ། རྩོད་སྒྲུབ་སློབ་དཔོན་གྱིས་མ་ཡིན། །ཞེས་པའོ། །ཞེས་པ་འགྲེལ་བཤད་མཁན་པོའི་བཤད་པ་དང་པོ་མི་འཐད་དོ། །ཡང་འགྲེལ་བཤད་མཁན་པོ་ན་རེ། གལ་ཏེ་སློབ་དཔོན་གྱིས་མཛད་པ་ཡིན་ནའང༌། ཤེས་རབ་ཕུལ་དུ་བྱུང་བ་མ་སྐྱེས་པའི་ཚེ་ཡིན་གྱི་ཕྱིས་བློ་བྱང་བར་འགྱུར་པ་ན་རྩོད་སྒྲུབ་ལ་སྙིང་པོ་མེད་པར་དགོངས་པ་ཡིན་ནོ་ཞེས་འཆད་དོ། །དེ་ལྟར་ན་མཛོད་ལའང་མཚུངས་པར་མཐོང་བའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རྩོད་པ་སྒྲུབ་པའི་བསྟན་བཅོས་ནི་མཁས་མཆོག་སློབ་དཔོན་དབྱིག་གཉེན་ཞབས་ཀྱིས་མཛད་མ་མཛད་ལ་བཞེད་ལུགས་གཉིས་སུ་སྣང་ངོ་།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ཤེས་རབ་རིན་ཆེན་གྱི་གསུང་འབུམ། པོད། ༼༡༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་གྲངས་ ༡༥

[2]  སྟག་ལོའི་གསུང་འབུམ། རིག་གནས་ཀུན་ཤེས། ས་སྐྱ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་། དཔེ་རིང་། ཤོག་ ༢༧ན༡

[3]  བཅོམ་ལྡན་རིག་པའི་རལ་གྲིའི་གསུང་འབུམ། ༼༡༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༡༦ན༤

[4]  ཤེས་བྱ་ཀུན་ཁྱབ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༨ ལོ། དེབ་གཟུགས། ཤོག་གྲངས་ ༢༡

[5]  ཤེས་བྱ་ཀུན་ཁྱབ་འགྲེལ་པ། ཨེ། གླེགས་བམ། ༼༡༽ ཤིང་དཔར། དཔེ་རིང་། ཤོག་གྲངས་ ༢༠༡བ༢

[6]  ས་སྐྱའི་ཆོས་འབྱུང་གཅེས་བསྡུས། ༼༦༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༢༦༠

[7]  ཚད་མ་རིག་གཞུང་རྒྱ་མཚོ། ཤིང་དཔར། དཔེ་རིང་། ཤོག་གྲངས་ ༣༨༨བ༥

[8]  བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ པ། ཤོག་གྲངས་ ༣༢

[9]  བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཡེ༽ དེབ་ཨང་ ༡༠༨ པ། ཤོག་གྲངས་ ༩༦

[10]  བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ པ། ཤོག་གྲངས་ ༤

[11]  གཞུང་ཆེན་བཀའ་པོད་ལྔའི་བཤད་རྒྱུན་གྱི་བྱུང་བ་གསལ་བར་བྱེད་པའི་འོད་སྣང་། དགའ་བྱང་ཚ་བ། ༢༠༡༣ ལོ། ཤོག་ ༣

[12]  རྒྱལ་ཚབ་རྗེའི་གསུང་འབུམ། པོད། ༼ང༽ བཀྲ་ཤིས་ལྷུན་པོའི་པར་རྙིང་། ཤོག་གྲངས་ ༡༨ན༣

[13]  དགེ་བ་རྒྱལ་མཚན་གྱི་ཀུན་བཏུས། པོད། ༼༡༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༢༡ན༤༡

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༩༢ ནས་ ༢༠༢ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *