རང་ཅག་གི་སྟོན་པའི་མཛད་པ་ཆེ་ལོང་ཙམ་བསྡུས་ན། དང་པོ་དགའ་ལྡན་དུ་དམ་པ་ཏོག་དཀར་པོར་གྱུར་པ་དང་། རྒྱལ་རིགས་མཆོག་ཏུ་གྱུར་པ་ཤཱཀྱའི་རིགས་ཀྱི་ཡབ་ཡུམ་རང་རང་གི་ཡར་གྱི་བདུན་བརྒྱུད་བར་དུ་སྐྱོན་མེད་སོགས་ཀྱི་གཏམ་དང་། གཟིགས་པ་ལྔ་ལ་གཟིགས་པ་དང་། དགའ་ལྡན་ནས་འཕོས་ཏེ་ལྷུམས་སུ་འཇུག་པ་དང་། ཡུམ་གྱི་ལྷུམས་སུ་མི་གཙང་བས་མ་གོས་པར་བཞུགས་པའི་གནས་སྐབས་དང་།
ལུམ་བིའི་ཚལ་དུ་སྐུ་བལྟམས་པ་དང་། གྲོང་ཁྱེར་སེར་སྐྱར་གཤེགས་པ་དང་། དྲང་སྲོང་ཉོན་མོངས་མེད་ཀྱིས་ལུང་བསྟན་པ་སོགས་དང་། བཟོ་ཡི་གནས་ལ་སྦྱངས་པ་དང་། སྒྱུ་རྩལ་གྱི་སྟོབས་བསྟན་པ་དང་། ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་བཙུན་མོ་གྲགས་འཛིན་མ་ཁབ་ཏུ་བསྟེན་པ་དང་། གྲོང་ཁྱེར་སེར་སྐྱ་དང་ལྷས་བསྟན་གྱི་བར་གྱི་ཆུ་ཀླུང་རོ་ཧི་ཏའི་འགྲམ་གྱི་ཤིང་ཆེན་པོ་དགེ་བའི་སྙིང་པོ་ཕྱིར་རླུང་གིས་འགྱེལ་ཏེ་གྲོང་ཁྱེར་གཉིས་ལ་གནོད་པ་དོན་ཀུན་གྲུབ་པས་ནམ་མཁར་འཕངས་པས་དུམ་བུ་གཉིས་སུ་སོང་བས་ཆུ་ཀླུང་སྔར་བཞིན་སོང་བ་ལས་གྲོང་ཁྱེར་པ་བདེ་བར་གྱུར་པའི་གཏམ་དང་། ཤཱཀྱ་དྲིལ་བུ་སྒྲའི་བུ་མོ་ས་འཚོ་མ་བཙུན་མོར་གྱུར་པ་དང་། ངེས་པར་འབྱུང་བའི་རྐྱེན་གཞི་གཟིགས་པ་དང་། ཞིང་པའི་གྲོང་གི་ལམ་དུ་ཞིང་པ་དག་གི་དུཿཁ་གཟིགས་ནས་ཀྱང་སྐྱོ་སྟེ་ཤིང་འཛམ་བུའི་གྲིབ་མ་ལ་བཞུགས་ནས་བསམ་གཏན་བསྒྲུབས་ཤིང་དུར་ཁྲོད་གཟིགས་པ་དང་། ཤཱཀྱ་དུས་ལེགས་ཀྱི་བུ་མོ་རི་དྭགས་སྐྱེས་བཙུན་མོར་བླངས་པའི་གཏམ་དང་། ཞག་བདུན་དུ་སྲུང་མས་བསྐོར་བ་དང་། ཁྱིམ་ནས་མངོན་པར་བྱུང་བ་དང་། རབ་ཏུ་བྱུང་ཞིང་དྲང་སྲོང་ངན་སྤང་གི་བུའི་གནས་སུ་གཤེགས་པ་དང་། མུ་སྟེགས་ཅན་རིང་འཕུར་སོགས་དང་ལྷན་ཅིག་ཐར་ལམ་འཚལ་བར་བསྟན་པ་དང་། ཞི་ལྷག་ཆེད་དུ་དཀའ་བ་རྣམ་པ་བདུན་སྤྱད་པ་དང་། དཀའ་ཐུབ་གྲོལ་ཏེ་འོ་ཐུག་གསོལ་བས་སྐུ་ལུས་མཐུ་བསྐྱེད་པ་དང་། བྱང་ཆུབ་སྙིང་པོ་རྡོ་རྗེ་གདན་གྱི་ལམ་དུ་གཤེགས་པའི་གཏམ་དང་། བདུད་བཏུལ་བ་དང་། བླ་ན་མེད་པའི་ཡེ་ཤེས་བརྙེས་པ་དང་། ནགས་ཁྲོད་དུ་ཐུགས་ལས་ཆུང་ངུས་ངལ་བར་བཞུགས་པ་དང་། ཚངས་པ་བརྒྱ་བྱིན་གྱིས་གསོལ་བ་བཏབ་སྟེ་ཝ་ར་ན་སིར་གཤེགས་པ་དང་། ལྔ་སྡེ་ལ་ཆོས་འཁོར་དང་པོ་སྐོར་བ་དང་། ཉེ་བའི་སྡེ་ལྔ་ལ་སོགས་པའི་ལོ་རྒྱུས་དང་། ཝ་ར་ན་སི་ནས་མ་ག་དྷར་འབྱོན་པའི་ལམ་དུ་བཟང་སྡེའི་ཚོགས་དྲུག་ཅུ་བདེན་པ་ལ་བཀོད་པ་སོགས་ཀྱི་གཏམ་དང་། རལ་པ་ཅན་སྟོང་བཏུལ་བ་དང་། རྒྱལ་པོ་གཟུགས་ཅན་སྙིང་པོས་བསུ་ཞིང་བདེན་པ་མཐོང་བ་དང་། ཉེ་རྒྱལ་དང་པང་ནས་སྐྱེས་ཏེ་མཆོག་ཟུང་གཅིག་འཁོར་དུ་འདུས་པ་དང་། ཀླུ་ཨེ་ལའི་འདབ་སྐྱབས་འགྲོ་ལ་བཀོད་ལུང་བསྟན་ནས་བཏུལ་ཞིང་མི་བྱིན་དགྲ་བཅོམ་ལ་བཀོད་པ་དང་། ཀ་ཏྱ་ཡ་ན་འཕགས་རྒྱལ་གྱི་རྒྱལ་པོ་གཏུམ་པོ་རབ་སྣང་སོགས་འདུལ་བར་མངགས་པས་བཏུལ་བ་དང་། སྟོན་པས་གཅེར་བུ་བའི་སྦྱིན་བདག་རབ་བཟང་གི་ཆུང་མ་སྦྲུམ་མ་ལ་ཁྱོད་ལ་བུ་ལྷ་མིའི་དཔལ་འབྱོར་མྱོང་ཞིང་དགྲ་བཅོམ་འཐོབ་པ་ཞིག་བཙའོ་ཞེས་ལུང་བསྟན་པ་མི་བདེན་པར་འགྱུར་ཆེད་དུ་གཅེར་བུ་བདག་གིས་ཆུང་མ་བསད་པའི་རོ་བསྲེག་ཚེ་ལྟོ་བའི་ཐད་མ་ཚིག་པར་པང་མ་ལས་ཁྱིམ་བདག་མེ་སྐྱེས་བཙས་པའི་གཏམ་དང་། འབར་བའི་ཕུག་ཏུ་བརྒྱ་བྱིན་ལ་སོགས་པ་ལྷ་རྣམས་ལ་ཆོས་བསྟན་པ་དང་། ཁྱིམ་བདག་མགོན་མེད་ཟས་བྱིན་བདེན་པ་ལ་བཀོད་པ་དང་། དེས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་བཞེངས་པ་དང་། སྟོན་པ་ཉིད་མཉན་ཡོད་དུ་ཀུན་དགའ་ར་བར་སྤྱན་དྲངས་པ་དང་། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་དད་པ་ལ་བཀོད་པ་དང་། ཡབ་རྒྱལ་པོས་འཆར་ཀ་མངགས་ཏེ་སེར་སྐྱའི་སྐྱེད་ཚལ་གྱི་ནྱ་གྲོ་དྷའི་ཀུན་དགའ་ར་བ་སོགས་སུ་སྤྱན་དྲངས་ཏེ་ཡབ་སྲས་མཇལ་བའི་སྐབས་དང་འབྲེལ་བའི་གཏམ་རྒྱུད་ཆེན་པོ་དང་། མིང་ཆེན་པོ་ཆུང་མ་སོགས་ཤཱཀྱ་རིགས་ཀྱི་བུད་མེད་ཕལ་པ་རྣམས་ལ་ཆོས་བསྟན་ཞིང་སྐྱེད་མ་ཚེ་འཕོས་ཏེ་བུ་མོ་མུ་ཏིག་དོ་ཤལ་ཅན་དུ་སྐྱེས་པ་སོགས་ཀྱི་གཏམ་དང་། གཅུང་དགའ་བོ་རབ་ཏུ་བྱུང་བའི་སྐོར་དང་། མ་མ་སྐྱེ་དགུའི་བདག་མོ་ལ་བརྟེན་ཏེ་དགེ་སློང་མའི་དགེ་འདུན་ལྔ་བརྒྱ་བྱུང་སྟེ་དགྲ་བཅོམ་པར་གྱུར་པ་དང་། གྲོང་ཁྱེར་སློབ་མ་ལྟ་བུར་གཤེགས་ཏེ་ཁྱིམ་བདག་རི་དྷ་ནའི་བྱམས་མའི་བུ་གང་པོ་དགྲ་བཅོམ་ལ་བཀོད་པ་སོགས་དང་། ནུབ་ཕྱོགས་འོད་ཟེར་ཅན་གྱི་འཇིག་རྟེན་དུ་བྱོན་ཏེ་མོའུ་འགལ་གྱི་བུའི་མ་དར་སྐྱེས་པ་རྒྱུན་ཞུགས་ལ་བཀོད་པ་དང་། བྲམ་ཟེ་པད་མའི་སྙིང་པོ་སོགས་བདེན་པ་མཐོང་བ་ལ་བཀོད་པ་དང་། ཆུ་ལྟོ་བ་ཁྱེའུ་གཉིས་དགེ་འདུན་ལ་དགའ་ཁྲོའི་ལས་མཐོང་ཆོས་ལ་སྨིན་པའི་གཏམ་དང་། མོའུ་འགལ་བུ་མངགས་ཏེ་གཅུང་དགའ་བོ་ཉེ་དགའ་བཏུལ་བ་དང་། རྒྱལ་པོ་གསལ་རྒྱལ་ལ་ཀླུས་མཚོན་ཆའི་ཆར་ཕབ་པ་མོའུ་འགལ་བུས་མེ་ཏོག་ཏུ་བསྒྱུར་ནས་བསྐྱབས་པ་དང་། གཟུགས་ཅན་སྙིང་པོའི་དཔའ་བོ་སྟོང་ཐུབ་ཅེས་པ་གནོད་སྦྱིན་འབྲོག་གནས་སུ་སྐྱེས་པ་བཏུལ་བ་དང་། འབྲོག་གནས་ཀྱི་ལག་ནས་བླངས་པའི་ལག་བརྒྱུད་བདེན་པ་ལ་བཀོད་པ་དང་། རྒྱལ་པོ་ཨུ་དྲ་ཡ་ནས་གོ་ཁྲབ་བསྐུར་ལན་དུ་གཟུགས་ཅན་སྙིང་པོས་རྒྱལ་བའི་སྐུ་གཟུགས་བྲིས་པ་བསྐུར་པས་བདེན་པ་མཐོང་སོགས་གྲོང་ཁྱེར་སྒྲ་སྒྲོགས་པའི་སྐོར་བ་དང་། མཉན་ཡོད་དང་རྒྱལ་ཁབ་བར་གྱི་སེང་གེ་རལ་པ་ཅན་རྒྱལ་བས་བཏུལ་བས་ལྷར་སྐྱེས་ནས་རྒྱུན་ཞུགས་ཐོབ་པ་དང་། འོད་སྲུང་གི་དུས་ཀྱི་དགེ་སློང་དག་ལ་ངན་སྨྲས་བྱས་པའི་བྲམ་ཟེ་ཤེད་བུ་སེར་སྐྱ་ཆུ་སྲིན་ཉའི་རིགས་སུ་གྱུར་པ་ལ་ཆོས་བསྟན་ལྷར་སྐྱེས་ཏེ་རྒྱུན་ཞུགས་ཐོབ་ཅིང་དེ་དྲངས་པའི་ཉ་པ་ལྔ་བརྒྱ་ཡང་དགྲ་བཅོམ་པ་ལ་བཀོད་པའི་གཏམ་དང་། འོད་སྲུངས་ཆེན་པོ་འཁོར་དུ་འདུས་པའི་གཏམ་དང་། ཕྱིས་འོད་སྲུངས་ཆེན་པོ་ལ་གསར་བུ་མང་པོས་འཕྱ་བ་སེལ་ཆེད་དུ་སྟན་ཕྱེད་བསྩལ་བ་དང་། ཀུན་དགའ་བོ་རིམ་པར་བསྐོས་ཏེ་ལྷན་ཅིག་གནས་པར་བསྟན་པ་དང་། སྤྲེའུས་སྦྲང་རྩི་ཕུལ་རྗེས་ཤི་འཕོས་ནས་གནས་འཇོག་གི་བུ་སྦྲང་རྩི་ཅན་དུ་སྐྱེས་ཏེ་དགྲ་བཅོམ་པ་དང་། ཆོ་འཕྲུལ་ཆེན་པོས་མུ་སྟེགས་འདུལ་བའི་ལོ་རྒྱུས་དང་། དྲང་སྲོང་ལྔ་བརྒྱ་དགྲ་བཅོམ་པ་ལ་བཀོད་པ་དང་། ལྷོ་བྱང་ལྔའི་ལེན་གྱི་རྒྱལ་པོ་གཉིས་བསྡུམས་པ་དང་། ཤ་ཟ་སྟོང་བཏུལ་ཏེ་སྐྱབས་འགྲོར་བཀོད་པ་དང་། ལྷ་ཀླུ་ལྷ་མིན་མི་སོགས་ཀྱི་འདུས་པ་ཆེན་པོ་ལ་སོགས་པའི་གཏམ་དང་། ནགས་ཁྲོད་ཀྱི་གནོད་སྦྱིན་དང་རྒྱ་མཚོའི་རླབས་ལས་ཚོང་པ་ལྔ་བརྒྱ་པ་སྡེ་གཉིས་བསྐྱབས་པ་དང་། ཆོ་འཕྲུལ་ཆུང་བར་གྲགས་པ་ལྷ་ལས་བབས་པ་དང་། གྲོང་ཁྱེར་བཟང་བྱེད་དུ་གཤེགས་ཏེ་ཁྱིམ་བདག་ལུགས་སོགས་བདེན་པ་མཐོང་བ་ལ་བཀོད་པ་སོགས་དང་། ཁྱིམ་བདག་དཔའ་བྱིན་བཏུལ་བ་དང་། མེ་སྐྱེས་རབ་ཏུ་བྱུང་བའི་སྐོར་དང་། གནོད་སྦྱིན་སི་ཏིའི་བུ་མོ་འཕྲོག་མ་བཏུལ་བ་དང་། སངས་རྒྱས་འཁོར་ལོས་བསྒྱུར་བའི་ཚུལ་གྱིས་རྒྱལ་པོ་ཀ་པི་ན་འཁོར་བཅས་བཏུལ་ཏེ་དགྲ་བཅོམ་པ་ལ་བཀོད་པ་དང་། ཁྱིམ་བདག་གདེངས་ཅན་དང་དྲང་སྲོང་ལྔ་བརྒྱས་བདེན་པ་མཐོང་བར་མཛད་པ་དང་། གྲོང་ཁྱེར་ཀ་ཤུམྦིར་བྱོན་ནས་རྒྱལ་པོ་ཤ་ར་བ་སོགས་ཀྱི་དོན་མཛད་པ་དང་། སིང་ག་ལའི་རྒྱལ་པོའི་བུ་མོ་མུ་ཏིག་ཅན་གྱི་ལོ་རྒྱུས་དང་། མ་ག་དྷ་བཟང་མོས་ཡུལ་བུ་རམ་ཤིང་འཕེལ་དུ་སྤྱན་དྲངས་པ་དང་། ལྷས་བྱིན་གྱིས་རྫུ་འཕྲུལ་བསྒྲུབས་པ་དང་། དེས་དགེ་འདུན་གྱི་དབྱེན་བྱས་པ་བསྡུམས་པ་དང་། ལྷས་བྱིན་གྱིས་ཕྲ་མས་རྒྱལ་པོ་མ་སྐྱེས་དགྲས་རང་གི་ཕ་ལ་གནོད་པ་བྱས་པ་དང་། ལྷས་བྱིན་གྱིས་རྒྱལ་པོ་ལ་ལོག་སྒྲུབ་བྱས་ཀྱང་གནོད་པ་མི་མངའ་བ་དང་། གླང་པོ་ཆེ་མྱོས་པ་ནོར་སྐྱང་བཏུལ་བ་དང་། འཚོ་བྱེད་གཞོན་གསོས་བདེན་པ་ལ་བཀོད་པ་དང་། རྒྱལ་ཆེན་བཞི་དྲང་སྲོང་སྟོང་དང་བཅས་པས་བདེན་པ་མཐོང་བ་དང་། སོར་མོའི་འཕྲེང་བ་ཅན་བཏུལ་ཏེ་དགྲ་བཅོམ་པ་ལ་བཀོད་པ་དང་། འཕགས་པ་ལེགས་འོད་ཀྱི་ལོ་རྒྱུས་དང་། ཆུ་སྲིན་བྱིན་པ་གསོད་ཀྱི་རི་ལ་དབྱར་གནས་མཛད་པ་དང་། རྒྱལ་པོ་གསལ་རྒྱལ་གྱིས་འོད་སྲུངས་ཆེན་པོ་མཆོད་པ་དང་། དབུལ་མོ་གྲོང་ཉུགས་ལ་སངས་རྒྱས་སུ་ལུང་བསྟན་པ་དང་། རྒྱལ་པོ་གསལ་རྒྱལ་ང་རྒྱལ་བཅག་པ་དང་། རྒྱལ་པོ་མ་སྐྱེས་དགྲ་གནོད་པ་ལས་བསྐྱབས་པ་དང་། མ་སྐྱེས་དགྲ་རྩ་བ་མེད་པའི་དད་པ་ལ་བཀོད་པ་དང་། ལྷས་བྱིན་གྱི་གཏམ་རྒྱུད་འཕོས་པ་དང་། མཆོག་ཟུང་གིས་དམྱལ་བའི་རྒྱུ་གཟིགས་པ་དང་། ཡངས་པ་ཅན་དུ་གཤེགས་པའི་ལམ་ཁར་བྱུང་བའི་གཏམ་ཡམ་དང་མུག་ཞི་བྱས་པ་དང་། ཡངས་པ་ཅན་རྣམས་བདེ་བར་མཛད་པ་དང་། ཡུལ་མི་ཐི་ལ་དང་ས་ལའི་གྲོང་དུ་བྱོན་ནས་བདུད་སྐྱེངས་པར་མཛད་པ་སོགས་དང་། ཡུལ་སྡིག་པ་ཅན་གྱི་གྱད་རྣམས་ལ་ཕར་ཆ་བཏང་ནས་བཏུལ་བ་དང་། ནྱ་གྲོ་དྷའི་གྲོང་སོགས་སུ་གཤེགས་པ་དང་། བྲམ་ཟེའི་གྲོང་དུ་བྱོན་པ་སོགས་དང་། ཕྱག་ན་རྡོ་རྗེ་ཁྲིད་དེ་བྱང་ཕྱོགས་སུ་ཀྱེ་རྒྱུད་དུ་བྱོན་ནས་ཀླུ་སོག་མ་མེད་བཏུལ་ཞིང་མི་མིན་དང་མི་མཐའ་ཡས་པའི་དོན་ཐུན་ཚོད་གཅིག་ལ་མཛད་པ་དང་། སྐྱོན་ལྔ་ལྡན་གྱི་བཅོམ་རླག་ཏུ་བྱོན་ནས་བྲམ་ཟེ་དང་གནོད་སྦྱིན་དུ་མ་བཏུལ་བ་སོགས་ཀྱི་སྐོར་དང་། ཡུལ་ཨ་ཏ་ལར་བྱོན་པ་ཚོང་པ་ལྔ་བརྒྱས་བདེན་པ་རྟོགས་པ་སོགས་དང་། གྲོང་ཁྱེར་དགྲ་མཐར་དབྱར་གནས་མཛད་པ་དང་། ལྷོ་ཕྱོགས་ལྔ་ལེན་གྱི་ལམ་དུ་བྱུང་བའི་གཏམ་དང་། བྲམ་ཟེ་དབུལ་པོ་ལ་སོགས་པའི་ལོ་རྒྱུས་དང་། ལས་ཀྱི་རྒྱུ་བ་ལུང་བསྟན་པ་དང་། ཤཱཀྱ་ལྷག་མ་རྣམས་གྲོལ་བ་ལ་བཀོད་པ་དང་། བྲམ་ཟེ་གང་པོ་ལ་སོགས་པ་བྱང་ཆུབ་ཏུ་ལུང་བསྟན་པ་དང་། སྤོང་བྱེད་པ་རྣམས་མང་ཡང་འདུས་ལ་བྱ་བ་མཐུན་ཞིང་ཁྲིམས་ལ་གནས་པ་དང་རྒན་ལ་གུས་ལ་མི་འོས་པར་མི་བགྲོད་མཆོད་རྟེན་དགྲ་བཅོམ་ལ་དད་པ་སྟེ་མི་ཉམས་པའི་རྒྱུ་བདུན་དང་ལྡན་པས་མ་སྐྱེས་དགྲས་ཕམ་མི་ཐུབ་པར་གསུངས་པ་དང་། ཡངས་པ་ཅན་གྱི་ལམ་དུ་བཞུགས་སྐབས་དང་། འོད་མ་ཅན་གྱི་བྱང་ཕྱོགས་ཤིང་ཤ་བའི་ཚལ་དུ་བཞུགས་པ་དང་། ཁྱིམ་བདག་ནོར་ཅན་གྱི་གཏམ་དང་། སྐུ་ཚེ་འདུ་བྱེད་བཏང་བ་དང་། རྩ་ཅན་དུ་བཞུད་པའི་ལམ་གྱི་མཛད་པ་དང་། རྩ་ཅན་ཉིད་དུ་བྱོན་པའི་མཛད་པ་དང་། དྲི་ཟའི་རྒྱལ་པོ་རབ་དགའ་བཏུལ་བ་དང་། ཀུན་ཏུ་རྒྱུ་རབ་བཟང་དགྲ་བཅོམ་པ་ལ་བཀོད་པ་དང་། ཡོངས་སུ་མྱ་ངན་ལས་འདས་པར་བསྟན་པ་དང་། དེ་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཛད་པ་བརྒྱ་དང་བཅོ་བརྒྱད་དང་། ཟུར་དུ་སྐུ་གདུང་ཞུགས་ལ་ཕུལ་བ་དང་། སྐུ་གདུང་ཆ་བརྒྱད་དུ་བགོས་པ་དང་། བཀའ་བསྡུ་བ་དང་པོའི་གཏམ་དང་། འོད་སྲུངས་ཆེན་པོ་མྱ་ངན་ལས་འདས་པ་དང་། ཤཱ་ནའི་གོས་ཅན་རབ་ཏུ་བྱུང་བ་དང་། ཀུན་དགའ་བོའི་མཛད་པ་ཐ་མ་དང་། བཀའ་བསྡུ་བ་གཉིས་ཇི་ལྟར་མཛད་པ་དང་བཅས་སོ།།

དུང་དཀར་ཚིག་མཛོད་ཆེན་མོ་ལས་བཏུས་པའོ།།
Post Views: 1