ཆ༽ མགོན་པོ་ཀླུ་སྒྲུབ་དུས་ནམ་ཞིག་བྱོན་མིན།

ཆ༽ མགོན་པོ་ཀླུ་སྒྲུབ་དུས་ནམ་ཞིག་བྱོན་མིན།

 

དེ་ཡང་ཀུན་མཁྱེན་རོང་སྟོན་ཤཱཀྱ་རྒྱལ་མཚན་ (1367-1449) གྱིས་མཛད་པའི་འཛམ་གླིང་རྒྱན་དྲུག་གི་བསྟོད་པ་ཐར་པའི་ཐེམ་སྐས་ལས[1]།

ཡང་དག་ལྟ་བའི་ཟེར་གྱིས་སྲིད་པའི་མུན་པ་འཇོམས། །རིག་པའི་ང་རོས་ལོག་སྨྲའི་རི་དྭགས་སྐྲག་པར་མཛད། །

འཛམ་གླིང་མཁས་པ་ཀུན་གྱི་གཙུག་གི་རྒྱན་གྱུར་པ། །སྨྲ་བའི་ཉི་མ་ཀླུ་སྒྲུབ་ཞབས་ཀྱི་པདྨོར་འདུད། །

ཅེས་བསྟོད་ཕྱག་མཛད་ཡུལ་གྱི་སློབ་དཔོན་འཕགས་པ་ཀླུ་སྒྲུབ་འཇིག་རྟེན་འདིར་བྱོན་པའི་དུས་ཚིགས་ཀྱི་སྐོར་ལ་མཁས་དབང་ཐུན་མོང་དུ་གང་འདོད་རྒྱུ་དེ་ལ་ཁུངས་ཚད་ལྡན་ཞིག་མ་ཐོབ་པས་ངེས་ཅན་བརྗོད་དཀའ་ལ། རྒྱ་བོད་ཀྱི་མཁས་པ་མང་ཆེ་བས་སངས་རྒྱས་ཀྱི་ལུང་བསྟན་ཁུངས་སུ་བྱས་ཏེ་དུས་ཚིགས་ངོས་བཟུང་མཛད་ཡོད། དོགས་པའི་གཞི་ནི་འཛམ་གླིང་འདིར་ཀླུ་སྒྲུབ་མིང་ཅན་གྱི་གང་ཟག་དུ་མ་བྱོན་ཡོད་ཀྱང་། དེ་དག་གི་ལོ་རྒྱུས་ཚད་ལྡན་ཞིག་མ་ཐོབ་ལ། གང་ཐོབ་པ་དག་ཀྱང་ཕན་ཚུན་མི་མཐུན་པས་འཐད་ལྡན་ཁས་ལེན་དཀའ་ཞིང་། དེ་དང་འདྲ་བའི་དཀའ་རྙོག་སློབ་དཔོན་བྱོན་པའི་དུས་ཚིགས་དང་། བཞུགས་གནས་ཀྱི་སྐོར་ལ་ཤར་ནུབ་ཀྱི་མཁས་པ་དང་ཉམས་ཞིབ་པའི་བར་མི་མཐུན་པ་དུ་མ་ཡོད། བཅོམ་ལྡན་འདས་ཀྱི་གསུང་ཚད་མར་འདོད་པའི་རྒྱ་བོད་ཀྱི་མཁས་དབང་མང་ཆེ་བས་སངས་རྒྱས་ཀྱི་ལུང་གི་རྗེས་སུ་འབྲངས་ནས་དེའི་དུས་ཚིགས་སོགས་གཏན་འབེབས་མཛད་ཡོད།

སློབ་དཔོན་ཀླུ་སྒྲུབ་ཀྱི་རྣམ་པར་ཐར་པའི་སྐོར་སྔ་ཤོས་ནི་སློབ་དཔོན་གཞོན་ནུ་སྲོག་གིས་ཕྱི་ལོ་ ༤༠༥ ལོར་ཕབ་བསྒྱུར་བྱས་པའི་རྣམ་ཐར་དེ་ཉིད་དཔྱད་གཞིར་སྣང་།[2] དེ་ཉིད་ལྟར་ན་སློབ་དཔོན་བྱོན་པའི་དུས་རབས་བརྒྱ་ཕྲག་བརྒྱད་པའམ་དགུ་པར་འདོད་པ་རྣམས་མི་འཐད། སྤྱིར་ཀླུ་སྒྲུབ་ཅེས་པའི་གང་ཟག་གི་མཛད་རྗེས་སྣ་ཚོགས་མཆིས་ལ། མཁས་དབང་དང་ཞིབ་འཇུག་པ་རྣམས་ཀྱིས་དབུ་མའི་ཤིང་རྟའི་སྲོལ་འབྱེད་སོགས་ཀླུ་སྒྲུབ་མཚན་ཅན་བཞི་འདོད་ཅིང་། དེ་རྣམས་གཅིག་ཏུ་བཟུང་སྟེ་འཆད་པ་ནི་འཁྲུལ་པར་བཞེད་བཞིན་ཡོད། ཤར་ནུབ་ཀྱི་མཁས་པས་གསོ་བ་རིག་པ་དང་གསང་སྔགས་ལ་དབང་ཐོབ་པའི་ཀླུ་སྒྲུབ་བརྒྱ་ཕྲག་བདུན་པ་དང་བརྒྱད་པར་བྱོན་པའི་རྩིས་སྲོལ་གཉིས་དང་། བོད་ཀྱི་མཁས་པ་ལྟར་ན་སངས་རྒྱས་པའི་མཚན་ཉིད་རིག་པ་མཁན་ཀླུ་སྒྲུབ་ནི་གསོ་བ་རིག་པ་དང་གསང་སྔགས་གཉིས་ཀར་དབང་ཐོབ་པའི་ཀླུ་སྒྲུབ་དང་གཅིག་ཏུ་འདོད་པ་ལས་ཐ་དད་དུ་མི་བཞེད། འདིར་རྒྱ་གར་དང་བོད་རྒྱ་ནག་ནུབ་ཕྱོགས་པའི་མཁས་དབང་དང་ལྷན་དུ་ཉམས་ཞིབ་པའི་འདོད་ཚུལ་ཁག་ལ་རྣམ་དཔྱོད་སྤེལ་ཏེ་གོ་བསྡུར་ཞུས་ན་ངེས་པར་གཉིས་ཕན་གྱི་དགེ་མཚན་ཞིག་ཡོད་སྙམ།

༡༽ འཕགས་པ་འཇམ་དཔལ་རྩ་རྒྱུད་དང་། འཕགས་པ་སྤྲིན་ཆེན་པོའི་མདོར་བཅོམ་ལྡན་འདས་ཀྱི་ལུང་བསྟན་ལྟར་ན། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་ལོ་བཞི་བརྒྱའི་རྗེས་ཀླུ་ཞེས་བྱ་བའི་དགེ་སློང་བྱོན་པར་འགྱུར་བ་དང་། དགུང་ལོ་དྲུག་བརྒྱ་འཚོ་བ་དང་། རྨ་བྱ་ཆེན་པོའི་རིག་པ་འགྲུབ་པར་འགྱུར་བ་དང་། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ཕན་པ་རྒྱ་ཆེར་བསྒྲུབས་རྗེས་རབ་དགའི་ས་ཐོབ་ནས་བདེ་བ་ཅན་དུ་བྱོན་པ་སོགས་དང་། སྤྲིན་ཆེན་པོའི་མདོར་དགེ་སློང་ཀླུ་ཞེས་བྱ་བར་གྱུར་ནས་ངའི་བསྟན་པ་གསལ་བར་བྱས་ཏེ། རིམ་གྱིས་འཇིག་རྟེན་གྱི་ཁམས་དྭངས་པའི་འོད་ཅེས་བྱ་བར་དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཟེར་བྱ་བར་འགྱུར་རོ། །ཞེས་སོགས་གསུངས། ལུང་འདྲེན་དེ་རྣམས་གཞིར་བཟུང་སྟེ་བོད་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ཀླུ་ཞེས་བྱ་བའི་དགེ་སློང་སློབ་དཔོན་ཀླུ་སྒྲུབ་ཡིན་པ་དང་། སངས་རྒྱས་འདས་ནས་ལོ་ ༤༠༠ ཡི་དུས་སུ་བྱོན་པར་འདོད་དོ།།

༢༽ ལངྐར་གཤེགས་པ་དང་། རྔ་བོ་ཆེ་དང་། གསེར་འོད་དམ་པའི་མདོའི་ནང་གི་ལུང་བསྟན་དེ་དག་འཇམ་དཔལ་རྩ་རྒྱུད་དང་སྤྲིན་ཆེན་པོའི་ལུང་བསྟན་དང་ཤིན་ཏུ་མཐུན་ནའང་། དེར་སློབ་དཔོན་བྱོན་པའི་དུས་ཚིགས་ངེས་ཅན་གང་ཡིན་མི་གསལ་ལ། རྒྱ་གར་ལྷོ་ཕྱོགས་སུ་བེ་ད་ (བིདརྦ) ཞེས་བྱ་བའི་ཡུལ་དུ་ཀླུ་ཞེས་བྱ་བའི་དགེ་སློང་ཞིག་བྱོན་པར་འགྱུར་བ་དང་། དེས་ཡོད་པ་དང་མེད་པའི་མཐའ་བསལ་ནས་དེ་བཞིན་གཤེགས་པའི་བླ་ན་མེད་པའི་ཐེག་པ་ཆེན་པོའི་བསྟན་པ་འཇིག་རྟེན་དུ་དར་བར་མཛད་དེ། མཐར་ས་དང་པོ་རབ་ཏུ་དགའ་བ་བསྒྲུབས་ཏེ་བདེ་བ་ཅན་དུ་གཤེགས་པར་བསྟན།

རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་ (1762-1835/1837) གྱིས་མཛད་པའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་བསྟོད་པ་དཔག་བསམ་ལྗོན་ཤིང་ལས[3]།

ཐུབ་དབང་ཀུན་གསལ་ནོར་བུ་ནུབ་རིའི་རྩེར། །འོད་གསལ་གོས་དམར་གྱིས་གཟིམ་མ་བཟོད་ནས། །

བཞི་བརྒྱའི་ལོ་གྲངས་ཤར་རིའི་ཅོད་པན་ལས། །ཀླུ་སྒྲུབ་སྨྲ་བའི་ཟླ་བ་ཤར་འདི་མཚར། །

 

དེ་བཞིན་གཤེགས་པ་ཀླུ་རིགས་སྒྲོན་མེའི་དུས། །རྒྱལ་པོ་བརྩོན་འགྲུས་ཀླུ་རུ་གྱུར་པའི་ཚེ། །

ཤཱཀྱའི་བསྟན་ལ་ཆོས་ཀྱི་སྒྲ་ཆེན་གསུམ། །སྒྲོགས་པའི་སྨོན་ལམ་མཛད་ལ་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། བོད་ཀྱི་སྙན་གྲགས་ཅན་གྱི་ལོ་རྒྱུས་སྨྲ་བའི་ལོ་ཙཱ་བ་ཆེན་པོ་བུ་སྟོན་རིན་པོ་ཆེས་ (1290-1364) རྒྱ་གར་གྱི་ལུགས་བཞིན་ཀླུ་སྒྲུབ་བྱོན་པའི་དུས་ཚིགས་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་ལོ་བཞི་བརྒྱའི་རྗེས་རྒྱ་གར་ལྷོ་ཕྱོགས་བེ་དརྦྷའི་ཡུལ་དུ་བྲམ་ཟེའི་རིགས་སུ་འཁྲུངས་པ་དང་། དཔལ་གྱི་རིར་མྱ་ངན་ལས་འདས་པར་གསུངས་[4]ལ། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐ་ལྟར་ན། སངས་རྒྱས་འདས་ལོའི་སྔོན་གྱི་ལོ་བརྒྱ་ནི་བསྟན་པ་དར་བའི་དུས་དང་། རྗེས་ཀྱི་ལོ་ལྔ་བརྒྱ་ནི་ཐེག་ཆེན་གྱི་བསྟན་པ་ནུབ་པའི་དུས་ཡིན། སློབ་དཔོན་ནི་དེ་གཉིས་ཀྱི་བར་མཚམས་སུ་བྱོན་ཞེས་གསུངས།[5] དེ་ལྟར་མདོའི་རྗེས་འབྲངས་འཕགས་བོད་ཀྱི་ལུགས་ལྟར་ན། སློབ་དཔོན་ལྷོ་ཕྱོགས་བེ་དརྦྷའི་ཡུལ་དུ་སངས་རྒྱས་འདས་པའི་ལོ་བཞི་བརྒྱའི་རྗེས་བྱོན་པར་བཞེད། ཕྱི་ལོ་གཉིས་པའམ་དང་པོར་བྱོན་པར་གསུངས་པ་ནི་ཕལ་ཆེར་སྐབས་དེར་ཤེར་ཕྱིན་གྱི་གཞུང་རྣམས་དར་ཞིང་རྒྱས་པར་གྱུར་པས། སློབ་དཔོན་བྱོན་པའི་དུས་ཚིགས་དེ་དང་མཉམ་དུ་བསྲེས་པར་སྙམ།[6]

དེ་བཞིན་ལུང་བསྟན་གྱི་མདོའི་རྗེས་སུ་འབྲངས་ནས་ཡར་རྗེ་ཨོ་རྒྱན་གླིང་པས་ (1323-?) གཏེར་ནས་བཞེས་པའི་པདྨ་བཀའ་ཐང་ལས[7]། སངས་རྒྱས་གཤེགས་ནས་ལོ་བཞི་བརྒྱར༔ ཞེས་དང་། དེ་བཞིན་སྟག་ཚང་རྫོང་པ་དཔལ་འབྱོར་རྒྱ་མཚོས་ (འཁྲུངས་འདས་གསལ་པོ་མ་རྙེད།) མཛད་པའི་རྒྱ་བོད་ཡིག་ཚང་ཆེན་མོ་ལས་[8]ཀྱང་།

ཐུབ་པ་འདས་ནས་བཞི་བརྒྱ་ན། །མདོ་རྒྱུད་དུ་མར་ལུང་བསྟན་པའི། །

ས་བརྒྱད་ནོན་པའི་ཀླུ་སྒྲུབ་བྱོན། །ཤིང་རྟ་ཆེན་པོའི་ལམ་སྲོལ་གཏོད། །

ཅེས་གསུངས་པ་ལྟར་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱའི་རྗེས་སུ་བྱོན་པར་གསུངས་ལ། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ (1523-1596) མཛད་པའི་བསྟན་རྩིས་གསལ་བའི་ཉིན་བྱེད་ལས་[9]ཀྱང་། འདས་ལོ་ནས་ལོ་བཞི་བརྒྱ་ལོན་པ་ས་ཕོ་འབྲུག་ (ཕྱི་ལོའི་སྔོན་གྱི་ལོ་ ༡༧༣༣) ཉན་ཐོས་ཀྱི་བཀའ་བསྡུ་གསུམ་པ་མཛད་པའི་ལོ་དེ་ཉིད་ལ་འཕགས་པ་ཀླུ་སྒྲུབ་བལྟམས། འདིས་སྔོན་མ་བསྒྲགས་པའི་སེངྒེའི་ང་རོ་ལན་གསུམ་བསྒྲགས་ཏེ། གཏམ་ཚོགས་སུ་ཀུན་རྫོབ་ལས་འབྲས་ཀྱི་གནད་བཤད་དེ་མེད་པའི་མཐའ་གསལ། རིགས་ཚོགས་སུ་དོན་དམ་རྟེན་འབྲེལ་སྟོང་ཉིད་ཀྱི་གནད་བཤད་དེ་ཡོད་པའི་མཐའ་བསལ། བསྟོད་ཚོགས་སུ་བདེན་གཉིས་ཟུང་འཇུག་གཞི་ལམ་འབྲས་གསུམ་གྱི་གནད་དེ་ཐེག་ཆེན་དབུ་མའི་སྲོལ་རྒྱ་ཆེར་བཏོད་པ་ཡིན་ནོ། །ཞེས་སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱའི་རྗེས་སུ་ཀླུ་སྒྲུབ་འཁྲུངས་པར་གསལ་ལོ།།

རྒྱ་གར་གྱི་གནས་བརྟན་སྡེ་པའི་ལུགས་ལྟར་ན། མེ་བྱ་ལོ་སྟེ་ཕྱི་ལོའི་གོང་གི་ལོ་ ༡༤༤  ལ་མགོན་པོ་ཀླུ་སྒྲུབ་སྐུ་འཁྲུངས།[10] པ་དང་། ཕུག་ལུགས་པ་རྣམས་ཀྱི་བཞེད་པ་ལྟར་ན། སངས་རྒྱས་འདས་ནས་ལོ་བཞི་བརྒྱ་ན་མགོན་པོ་ཀླུ་སྒྲུབ་བྱོན་པར་གསུངས་པ་ལྟར་ན། ལྕགས་སྤྲེལ་ཕྱི་ལོའི་གོང་ ༤༨༡ ལོར་མགོན་པོ་ཀླུ་སྒྲུབ་འཁྲུངས།[11] ཡང་ཕུག་ལུགས་པ་རྣམས་ཀྱིས་ཕྱེད་ལོ་རྩི་བའི་དབང་དུ་བཏང་ན་མགོན་པོ་ཀླུ་སྒྲུབ་ལྕགས་བྱི་ཕྱི་ལོའི་གོང་ ༦༨༡ འཁྲུངས་པར་བཞེད་[12]ཀྱང་། འདི་ནི་ཕུག་པའི་རང་ལུགས་དངོས་མིན་པ་དང་། དེང་དུས་རྒྱལ་ཁབ་ཕྱི་ནང་གི་མཁས་དབང་འགའ་ཞིག་གིས་མགོན་པོ་ཀླུ་སྒྲུབ་ལྕགས་སྟག་ཕྱི་ལོ་ ༡༥༠ ཙམ་ལ་འཁྲུངས་པར་བཞེད།[13] ཅེས་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོར་གསལ་ལ། དེ་བཞིན་ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) མཆོག་གིས་མཛད་པའི་བསྟན་རྩིས་ཀུན་ལས་བཏུས་པ་ལས་[14]ཀྱང་། ལྕགས་བྱི། ཕྱེད་ལོ་བརྩི་བའི་དབང་དུ་བཏང་ན་ཀླུ་སྒྲུབ་འཁྲུངས། (ཕུག་ལུགས་) སྤྱིར་ཕྱེད་ལོ་འདི་འཐད་རྒྱུ་རང་མི་འདུག །ཅེས་དང་། ཡང་དེ་ཉིད་ལས[15]། ལྕགས་སྤྲེལ། ཕྱི་ལོའི་སྔོན་ ༤༨༡ འདས་ནས་ལོ་བཞི་བརྒྱ་ན་ཞེས་པའི་ལུང་བསྟན་ལྟར་ན་མགོན་པོ་ཀླུ་སྒྲུབ་འཁྲུངས[16]། (ལོ་རིལ་པོའི་རྩིས། ཕུག་ལུགས།) རྗེའི་གསང་འདུས་སྒྲོན་མཆན་ལས། སྟོན་པ་འདས་ནས་ལོ་བཞི་བརྒྱ་ན་ཀླུ་སྒྲུབ་བྱོན་པར་གསུངས་པ་ལྟར་ན། ཕྱེད་ལོ་མི་བཞེད་པའི་ཕྱོགས་ཡིན་པ་གསལ་ལོ། །ཇོ་ནང་པའི་ཆོས་འབྱུང་ན་ཀླུ་སྒྲུབ་ཕྱེད་ལོ་དྲུག་བརྒྱར་ལོ་དོན་གཅིག་གིས་མ་ཚང་བ་ཞུགས་ཟེར། ཞེས་ཀྱང་བྱུང་ངོ་།།

རྒན་གྱའི་དཀོན་མཆོག་རྒྱ་མཚོས་བརྩམས་པའི་བྱང་ཆུབ་ལམ་རིམ་ཆེན་མོའི་བརྗེད་བྱང་དྲང་སྲོང་བཤུལ་ལམ་ལས[17]། ཀླུ་སྒྲུབ། འདིའི་རྣམ་ཐར་ལ་ད་སྔ་མཇལ་དུ་ཡོད་པའི་ནང་ནས་ལོ་ཆེན་གཞོན་ནུའི་སྲོག་གམ་གཞོན་ནུ་དཔལ་ (ཕྱི་ལོ་ ༣༤༤-༤༡༣) གྱིས་མཛད་པའི་ཀླུ་སྒྲུབ་རྣམ་ཐར་དེ་ལོ་ཆེན་གྱི་ཡིན་པའི་དབང་དུ་བྱས་ན་དུས་རབས་ཀྱི་ཆ་ནས་ཁུངས་བཙན་པར་མཐོང་ལ། དེར་འཕགས་པ་ཀླུ་སྒྲུབ་གཞོན་དུས་ཆུང་གྲོགས་རྣམས་དང་བཅས་ཏེ་མི་སྣང་བ་བསྒྲུབས་ཏེ་རྒྱལ་པོའི་ཕོ་བྲང་དུ་འདོད་ཡོན་ལ་རོལ་པར་བཤད་པ་དུས་ཕྱིས་སུ་བྱུང་བའི་ཀླུ་སྒྲུབ་ཀྱི་རྣམ་ཐར་དག་ན་མི་འདུག་ཀྱང་། ཀླུ་སྒྲུབ་ཀྱི་མན་ངག་ཟབ་མོ་སྟེ་སྡེ་བསྟན་སྣ་ཚོགས་ཁྲོད་ཀྱི་ ༼ནོ༽ པའི་ ༢༨༨ ན༡ ལས། དགོན་པའི་འུག་པ་བཟུང་ནས་དེའི་མིག་དང་པི་པི་ལིང་གིས་བྱུགས་ཏེ་དེའི་རྡུལ་ལྷུང་བས་མིག་ལ་མིག་སྨན་བྱས་ན། དེ་སྦས་པ་དེ་མི་མཐོང་ངོ་། །ཞེས་སོགས་མི་སྣང་བ་སྒྲུབ་ཚུལ་དང་། འདོད་ཡོན་རོལ་ཚུལ་གསལ་བ་འདིས་ཀྱང་ངེས་པ་སྟེར་ཞིང་། ནམ་འཁྲུངས་ལ། གཞོན་ནུ་དཔལ་གྱི་ཀླུ་སྒྲུབ་རྣམ་ཐར་ལོ་ཙཱ་བ་བཞག་སྤྲུལ་གྱི་འགྱུར་ལས། སློབ་དཔོན་འཇིག་རྟེན་འདི་ནས་གཤེགས་ཏེ་ད་ལྟའི་བར་དུ་མི་ལོ་བརྒྱ་ཙམ་སོང་། ཞེས་གཞོན་ནུ་དཔལ་ལམ་གཞོན་ནུའི་སྲོག་གིས་རྣམ་ཐར་རྩོམ་དུས་སློབ་དཔོན་ཀླུ་སྒྲུབ་འདས་ནས་ལོ་བརྒྱ་སྐོར་སོང་བར་བཤད་པ་དང་། དོར་ཞིའི་འགྱུར་ལས། ཕྱི་ལོའི་བརྒྱ་སྐོར་དང་པོ་ནས་གཉིས་པའི་མཚམས་དེར་རྒྱ་གར་ལྷོ་ཕྱོགས་ཀྱི་བྲམ་ཟེའི་རིགས་ལས་འཁྲུངས། ཞེས་དང་། འཇམ་དཔལ་རྩ་རྒྱུད་དེ་སྡེ་བཀའ་རྒྱུད་ ༼ན༽ པའི་ ༣༠༨བ༦ ལས། དེ་བཞིན་གཤེགས་པ་ང་འདས་ནས། །ལོ་ནི་བཞི་བརྒྱ་ལོན་པ་ན། །དགེ་སློང་ཀླུ་ཞེས་དེ་འབོད་འབྱུང་། །བསྟན་པ་ལ་ནི་དད་ཅིང་ཕན། །རབ་ཏུ་དགའ་བའི་ས་ཐོབ་པ། །ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །ཞེས་གསུངས་ཤིང་། སྟོན་པ་འདས་པའི་ལོ་ཕྱི་ལོའི་སྔོན་གྱི་ ༥༤༣ ཡིན་པ་བརྩིས་པ་ལྟར་ན། ཕྱི་ལོའི་སྔོན་གྱི་ ༡༤༤ ལོ་ཙམ་དུ་འཕགས་པ་ཀླུ་སྒྲུབ་འཁྲུངས་པ་དང་། དྲུག་བརྒྱར་བཞུགས་པ་ཕྱེད་ལོ་ཡིན་པ་རྒྱ་གར་ཆོས་འབྱུང་དུ་བཤད་པ་ལྟར་བྱས་ན། ཕྱི་ལོ་ ༡༥༦ ཙམ་དུ་ཀླུ་སྒྲུབ་འདས་ཤིང་། ཕྱི་ལོ་ ༣༤༤ ལོར་འཁྲུངས་པའི་གཞོན་ནུ་དཔལ་གྱིས་ཀླུ་སྒྲུབ་ཀྱི་རྣམ་ཐར་མཛད་སྐབས་ཀླུ་སྒྲུབ་འདས་ནས་མི་ལོ་བརྒྱ་ཙམ་སོང་བ་དང་། འཇམ་དཔལ་རྩ་རྒྱུད་དང་གནས་བརྟན་པའི་སྟོན་པའི་འདས་ལོ་ལྟར་ན་ལོ་ཉིས་བརྒྱ་ལྷག་འགྲོ་དགོས་པར་སྣང་མོད། རྩ་རྒྱུད་ཀྱི་ལུང་བསྟན་སོགས་ལུང་བསྟན་གྱི་རིགས་གྲིས་བཅད་པ་ལྟར་ཡིན་མི་དགོས་པས། རགས་བཤད་དུ་བཟུང་ན་ལོ་རྒྱུས་སྔ་ཕྱི་མང་པོ་གུང་འགྲིག་པར་འགྱུར་རོ། །ཞེས་ཀྱང་བྱུང་ངོ་།།

དེ་བཞིན་བསྟན་རྩིས་ཀ་ཕྲེང་ལག་དེབ་ལས་[18]ཀྱང་། དཔལ་མགོན་ཀླུ་སྒྲུབ། མཚན་གཞན་འཕགས་པ་ཀླུ་སྒྲུབ། སློབ་དཔོན་ཀླུ་སྒྲུབ། འཁྲུངས་ལོ། 1 ས་ཕག་ཕྱི་ལོའི་སྔོན་  802 ལོར་འཁྲུངས། (རྔ་བོ་ཆེའི་མདོར་སྟོན་པ་འདས་ནས་ལོ་བརྒྱད་ཅུ་པ་ལ་ཀླུ་སྒྲུབ་འབྱོན་པར་གསུངས་ཤིང་། ཕུག་ལུགས་ཀྱི་སྟོན་པའི་འདས་ལོ་ལྟར་ན་ལོ་འདིར་བབས།) 2 ལྕགས་བྱི་ (ཕྱི་ལོའི་སྔོན་ 681) ལོར་ཕྱེད་ལོ་བརྩི་བའི་དབང་དུ་བཏང་ན་ཀླུ་སྒྲུབ་འཁྲུངས། (ཕུག་ལུགས།) སྤྱིར་ཕྱེད་ལོ་འདི་འཐད་རྒྱུ་རང་མི་འདུག (ཚེ་ཏན་ཞབས་དྲུང་) 3 ལྕགས་སྤྲེལ་ (ཕྱི་ལོའི་སྔོན་ 481) ལོར་འཁྲུངས། (ལོ་རིལ་པོ་རྩིས་པར་སྟོན་པ་འདས་ནས་ལོ་བཞི་བརྒྱ་ན་ཞེས་པའི་ལུང་བསྟན་ལྟར་ན་) (ཕུག་ལུགས།) 4 ས་སྟག་ (ཕྱི་ལོའི་སྔོན་ 463) ལོར་ཀླུ་སྒྲུབ་དགུང་ལོ་བཅུ་དགུ་ལ་ས་ར་ཧ་ལས་བསྙེན་པར་རྫོགས་ཞེས་བཤད་པ་ལ་ཁུངས་རྣམ་དག་ཡོད་མེད་བརྟག 5 མེ་བྱ་ (ཕྱི་ལོའི་སྔོན་ 144) ལོར་འཁྲུངས། (གནས་བརྟན་སྡེ་པ་ལྟར་ན་སྟོན་པ་འདས་ནས་ལོ་བཞི་བརྒྱ།) 6 དེང་རབས་ཀྱི་རྒྱའི་མཁས་པ་རྣམས་ཕལ་ཆེར་ཀླུ་སྒྲུབ་ཞལ་བཞུགས་དུས་ཕྱི་ལོའི་དུས་རབས་གསུམ་པ་ཡས་མས་ཡིན་པར་འདོད་ཅིང༌། ལོ་ཚིགས་ཞིབ་ཕྲ་ངོས་འཛིན་དཀའ་ཟེར། ཞེས་བྱུང་བ་ལྟར་བཞེད་པ་མི་མཐུན་པ་ཤིན་ཏུ་མང་ངོ་།།

ཡང་ཐུབ་བསྟན་མཆོག་སྒྲུབ་ལགས་ཀྱིས་བརྩམས་པའི་འཕགས་པའི་ཡུལ་གྱི་བྱུང་བ་བརྗོད་པ་ལེགས་བཤད་ཟླ་འོད་གསར་པ་ལས[19]། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནི། ཀུཥཱཎ་༸གོང་མ་ཀནིཥྐ་དང་དུས་མཉམ་ཡིན་པ་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཀནིཥྐ་ལ་བྲིས་བསྐུར་མཛད་པའི་བཤེས་པའི་སྤྲིང་ཡིག་ལས་ཤེས་ཐུབ་ཅིང་། ཀནིཥྐ་ནི་ཡེ་ཤུའི་དུས་རབས་དང་པོའི་ནང་བྱུང་བ་ཡིན། དེས་ན་ཀླུ་སྒྲུབ་དེ་ཡེ་ཤུའི་དུས་རབས་དང་པོའི་ནང་བྱུང་བར་ཁས་ལེན་ཆོག །སྤྱིར་བཏང་སངས་རྒྱས་མྱ་ངན་ལས་འདས་རྗེས་ལོ་བདུན་བརྒྱ་དང་བཞི་བརྒྱ་ལ་ཀླུ་སྒྲུབ་འཁྲུངས་ཚུལ་སོགས་བཤད་ཚུལ་དུ་མ་ཡོད་ཀྱང་། བྱུང་རབས་སྨྲ་བ་ཕལ་མོ་ཆེས་གོང་དུ་བཤད་པ་ལྟར་ཡེ་ཤུའི་དུས་རབས་དང་པོའི་ནང་ཙམ་དུ་ཕེབས་པར་བཞེད། དེ་སྐབས་རྒྱ་གར་བྱང་ཕྱོགས་སུ་ཀུཥཱཎ་༸གོང་མ་ཀནིཥྐ་དང་། ལྷོ་ཕྱོགས་སུ་ཨཱཾདྷྭའི་རྒྱལ་པོ་བདེན་པའི་ཞོན་པའམ་བདེན་པའི་བུའི་རྒྱལ་རྒྱུད་ཀྱི་རྒྱལ་པོ་ཧཱལཱའམ། ཡང་ན་གཽཏམའི་བུ་བདེན་པའི་རྣ་བ་ཡིས་སྐྱོང་བའི་སྐབས་ཡིན་དགོས་པར་སྣང་། དེས་ན་བཤེས་སྤྲིང་འདི་བཞིན་གཽཏམའི་བུ་ལ་བྲིས་པ་ཡིན་པར་འདོད་མཁན་ཡང་ཡོད། ཅེས་བྱུང་ངོ་།།

དེ་ལྟར་རྒྱ་གར་དང་། བོད། རྒྱ་ནག་གི་མཁས་པ་རྣམས་ཀྱིས་སློབ་དཔོན་ཀླུ་སྒྲུབ་ནི་བདེ་སྤྱོད་ (སྭཏ་ཝཱཧན) ཅེས་པའི་རྒྱལ་བརྒྱུད་ཀྱི་རྒྱལ་པོ་དྲུག་ཡོད་པ་དེའི་ཉེ་བའི་གྲོགས་པོ་དང་།[20] རྒྱལ་པོས་སློབ་དཔོན་ལ་བསྙེན་བཀུར་ཞུས་པ་ལས་སློབ་དཔོན་གྱིས་དེར་སྤྲིངས་ཡིག་གི་ཚུལ་དུ་བཤེས་སྤྲིངས་བརྩམས་ཏེ་གནང་། ལོ་རྒྱུས་སྨྲ་བ་གཞན་ལྟར་ན་རྒྱལ་པོ་དེ་ཉིད་ཕྱི་ལོ་ ༡༠༠ ནས་ ༢༡༨ བར་རྒྱལ་སྲིད་བསྐྱངས། དེ་ལྟར་ན་སློབ་དཔོན་བྱོན་པའི་དུས་ཚིགས་བརྒྱ་ཕྲག་གཉིས་པ་དང་ཉེ་བའི་ཆར་ཡིན་ནམ།[21] བོད་ཀྱི་ཁུངས་འགའ་ཞིག་ལྟར་ན། སློབ་དཔོན་ཀླུ་སྒྲུབ་ཕྱི་ལོ་ ༤༨༢ ལོར་བྱོན་པ་དང་། རྒྱ་ནག་གི་ཁུངས་འགའ་ཞིག་ཏུ་སློབ་དཔོན་ཕྱི་ལོ་ ༢༡༢ ལོར་བྱོན་པ་དང་། ཡང་ཐེག་པ་ཆེན་པོའི་གཞུང་འགའ་ཞིག་ལྟར་ན། སློབ་དཔོན་དེ་ཉིད་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་ལོ་ ༡༢༠༠ རྗེས་སུ་སྐུ་བལྟམས་ཞེས་ཀྱང་གསལ།[22]

དེ་ལྟར་སློབ་དཔོན་ཀླུ་སྒྲུབ་བྱོན་པའི་དུས་ཀྱི་སྐོར་ཞིབ་ཕྲ་གླེང་བ་ལ། སློབ་དཔོན་དང་འབྲེལ་ཆེ་བའི་རྒྱལ་པོ་བདེ་སྤྱོད་ཀྱི་བྱུང་བ་མདོ་ཙམ་བརྗོད་དགོས་པར་སྣང་ཞིང་། དེ་ཡང་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱལ་པོ་བདེ་སྤྱོད་ཅེས་པ་སློབ་དཔོན་ཀླུ་སྒྲུབ་དང་ཆོས་འབྲེལ་ཡོད་པ་ལ། བོད་ཀྱིས་མཁས་པས་བརྩམས་པའི་རྒྱ་གར་གྱི་ཆོས་འབྱུང་ཁག་དང་། རྒྱ་གར་དུ་བརྒྱ་ཕྲག་དྲུག་པ་དང་བདུན་པའི་ནང་རིམ་པར་འབྱོར་བའི་རྒྱ་ནག་གི་གནས་སྐོར་བ་ཧུན་ཚང་དང་། ཨིཏ་ཅིང་གི་ལམ་ཡིག །དེ་བཞིན་རྒྱ་གར་ལོ་རྒྱུས་ཁག་དང་། བསྟན་འགྱུར་གྱི་གཞུང་ཚན་ཁག་བཅས་གཅིག་ཏུ་མཐུན་པས་དོགས་པ་མེད་ཀྱང་། རྒྱལ་པོ་དེའི་ངོས་འཛིན་དང་ལོ་རྒྱུས་རྩོད་མེད་གསལ་ཁ་ཅན་ཞིག་འདྲེན་བྱེད་ཀྱི་ཡུལ་དུ་མ་གྱུར།

རྒྱ་གར་གྱི་གནའ་བོའི་ལོ་རྒྱུས་སུ་གྲགས་པའི་པུརཱཎ་[23] ཞེས་པའི་ཡིག་ཆ་ཁག་འགའ་ཤས་ཡོད་པ་རྣམས་ལས་གཞན་པའི་ལྷོ་ཕྱོགས་རྒྱལ་རྒྱུད་ཀྱི་བྱུང་བ་གསལ་བའི་ཡིག་ཆ་རྙིང་པ་མ་ཐོབ་ཅིང་། དེ་དག་ཏུ་བདེ་སྤྱོད་ཅེས་པའི་མཚན་ཅན་གྱི་ལྷོ་ཕྱོགས་ཀྱི་རྒྱལ་པོ་བྱེ་བྲག་པ་ཞིག་གི་གསལ་ཁ་མེད་རུང་། ལོ་རྒྱུས་ཡིག་ཆ་གཞན་དང་། གནས་རྙིང་རྣམས་སུ་ས་བརྐོ་སྔོག་འདོན་གྱིས་དཔྱད་ཞིབ་བྱས་པ་བཅས་ལ་བརྟེན་ནས། བདེ་སྤྱོད་ (ཤཱཏཝཱཧན) ཅེས་པ་རྒྱལ་རྒྱུད་ཀྱི་མིང་ཡིན་པར་ཕྱིས་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ངོས་འཛིན་བྱེད་ཅིང་། ཆོས་རྒྱལ་མྱ་ངན་མེད་ཀྱི་རྒྱལ་རྒྱུད་ (མཽརྱ) ཀྱི་དབང་ཤུགས་ཇེ་ཉམས་སུ་ཕྱིན་པ་ན་ལྷོ་ཕྱོགས་ཀྱི་རྒྱུད་ལ་རྒྱལ་རྒྱུད་གསར་པ་བྱུང་། དེ་ཡང་པུརཱཎ་ཡིག་ཆ་འགའ་ཤས་ལྟར་ན་རྒྱལ་རབས་  ༣༠ བྱུང་སྟེ་ལོ་ ༤༦༠ སྐོར་རྒྱལ་སྲིད་བསྐྱངས་པར་བཤད་ཅིང་།[24] ཡང་ཁག་ཅིག་ཏུ་རྒྱལ་རབས་ ༡༩ བྱུང་སྟེ། ལོ་ ༢༧༨ ཙམ་སྲིད་བསྐྱངས་པར་བཤད་པ་ཡོད་པ་ལས། ཕྱི་མ་ནི་རྒྱལ་པོ་གཙོ་ཆེ་བ་རྣམས་བགྲངས་པའི་དབང་དུ་བྱས་པར་ཡང་བཤད། རྒྱལ་པོ་སོ་སོའི་རྒྱལ་སྲིད་སྐྱོང་བའི་དུས་ཡུན་ཡང་གནའ་རྙིང་ཡིག་ཆ་ཕན་ཚུན་མི་མཐུན་ནའང་། ས་བརྐོ་སྔོག་འདོན་བྱས་པ་ལས་དངུལ་ཊམ་དང་། རྡོ་བརྐོས་ཡིག་རིགས་ཐོན་པ་སོགས་ལས་རྒྱལ་པོ་གང་འཚམ་གྱི་ལོ་རྒྱུས་ར་འཕྲོད་པ་བྱུང་བ་དང་། ཕྱི་ལོ་ ༢༢༠ ཙམ་ལ་བདེ་སྤྱོད་རྒྱལ་རྒྱུད་ཀྱི་རྒྱལ་པོ་མཐའ་མ་པུལམཱཝིའི་བློན་པོ་ཅཱཊམུལཱ་ཞེས་པའི་རྒྱལ་རྒྱུད་བྱུང་སྟེ་བདེ་སྤྱོད་རྒྱལ་རྒྱུད་མིང་གི་མཐའ་མར་བྱས་པར་བརྟེན། རྒྱལ་རྒྱུད་འདི་ལོ་ ༤༦༠ ཙམ་གནས་ན་རྒྱལ་རྒྱུད་འགོ་ཕྱི་ལོའི་སྔོན་གྱི་བརྒྱ་ཕྲག་གསུམ་པའི་དབུས་ཙམ་ནས་ཚུགས་པར་འདོད་དགོས་པ་དང་། ལོ་ ༢༧༠ ཙམ་གནས་པར་འདོད་ན་ཕྱི་ལོའི་སྔོན་གྱི་བརྒྱ་ཕྲག་དང་པོའི་མཐར་འདོད་དགོས་པ་དེ་ལྟར་ཡང་། ཕྱི་མ་ལྟར་ན་མཽརྱ་རྒྱལ་རྒྱུད་[25]ཕྱི་ལོའི་སྔོན་གྱི་ལོ་ ༡༨༧ ལ་རྫོགས་པས་ལྷོ་ཕྱོགས་ཀྱི་མངའ་ཁུལ་འདི་ཉིད་རྒྱལ་པོ་མེད་པར་ལོ་བརྒྱ་ཕྲག་ལུས་པར་འགྱུར་བས་བདེ་སྤྱོད་རྒྱལ་རྒྱུད་ཚུགས་འགོ་སྔ་མ་དེ་ཡིན་པར་དུ་མས་འདོད་དོ།།

ཕྱི་ལོའི་སྔོན་དང་རྗེས་ཀྱི་བརྒྱ་ཕྲག་འགའ་ཤས་རིང་གི་ལྷོ་ཕྱོགས་མངའ་ཁུལ་འདིའི་ལོ་རྒྱུས་པུརཱཎ་ཡིག་ཆ་ཁག་ཙམ་ལས་གཞན་མེད་ཀྱང་། ཕྱི་ལོ་ ༡༩༢༨ ནས་བཟུང་དཔལ་ལྡན་འབྲས་སྤུངས་དང་དེའི་ཉེ་འདབས་ཀྱི་ནཱ་ག་རྫུ་ན་ཀོན་ཌ་ (ཀླུ་སྒྲུབ་ཀྱི་རི་) ཞེས་པ་ཕྱོགས་མཐའ་རི་ཡིས་བསྐོར་བའི་ལྗོངས་ཤིག་ཡོད་པ་དེར་ས་བསྐོ་སྔོག་འདོན་རིམ་པར་བྱས་པ་ལས། ཁུལ་འདི་ཉིད་ཀྱི་ལོ་རྒྱུས་ཐོག་ཉམས་ཞིབ་བྱས་པའི་དེབ་དང་རྩོམ་ཤོག་བརྒྱ་ཕྲག་སྐོར་ཐོན་འདུག་པ་རྣམས་ལ་འདོད་པ་མ་མཐུན་པ་མང་དུ་སྣང་ཡང་། ཕྱི་ལོ་ ༢༢༠ ཙམ་ལ་བདེ་སྤྱོད་རྒྱལ་རྒྱུད་རྫོགས་པ་དང་། བདེ་སྤྱོད་རྒྱལ་རབས་མཐའ་མ་འགའ་ཤས་ཀྱི་རྒྱལ་ས་འབྲས་སྤུངས་ཡིན་པ་དང་། ཅཽཊམཱ་ལས་དབང་བསྒྱུར་བྱས་པ་ནས་བཟུང་ནཱ་གཱ་རྫུ་ན་ཀོན་ཌའི་ཁུལ་དེ་ཉིད་དུ་ཝིཇཡཔུརི་ཞེས་པར་རྒྱལ་ས་བྱས་པ་དང་། རྒྱལ་རྒྱུད་འདིའི་རྒྱལ་པོ་བཞི་ཙམ་བྱུང་བ་རྣམས་རིག་བྱེད་ཀྱི་ཆོས་ལ་མོས་པ་ཅན་ཡིན་ཡང་། དེ་དག་གི་བཙུན་མོ་དང་སྲིང་མོ་ལ་སོགས་པ་དུ་མས་ནང་པའི་གཙུག་ལག་ཁང་དང་མཆོད་རྟེན་བཞེངས་པ་དང་། དགེ་འདུན་གྱི་ཞབས་ཏོག་ཞུས་པ་དང་། དེ་བཞིན་ནཱ་གཱ་རྫུན་ཀོན་ཌ་[26]ཞེས་པའི་ཐ་སྙད་ཕྱིས་ཀྱི་དུས་རབས་སུ་བྱུང་བ་ཡིན་པ་བཅས་ལ་གཅིག་གྱུར་དུ་འདོད་པ་མཐུན་ནོ།།[27]

གཡོན་ཕྱོགས་ནས་ཆུ་བོ་ཀྲིཥཎཱ་ (ནག་མོ་) ཞེས་པ་རྒྱུགས་པའི་ལྗོངས་འདི་ཉིད་ཕྱི་ལོ་ ༡༩༦༠ ནང་ཆུ་མཛོད་ཆེན་མོ་ཞིག་ཏུ་བསྒྱུར་ཏེ་ལྗོངས་དེ་ནས་ཐོན་པའི་ལྷ་ཁང་དང་། གཙུག་ལག་ཁང་། མཆོད་རྟེན་སོགས་ཀྱི་ཞིག་རོ་ལྷག་མར་བཞུགས་པ་རྣམས་ཇི་བཞིན་དུ་གནས་སྤོས་བྱས་ཏེ་ཆུ་མཛོད་ཀྱི་ཉེ་འགྲམ་དུ་བཞག་པ་ལས་གནས་ངོ་མ་དེང་སང་མཇལ་དུ་མེད། པུརཱཎ་ཡིག་ཆ་རྣམས་སུ་བདེ་སྤྱོད་རྒྱལ་རྒྱུད་ཀྱི་རྒྱལ་རབས་མང་ཉུང་གཉི་ག་ལྟར་ཡང་རྒྱལ་པོ་ཐོག་མ་སི་མུ་ཀ་ཞེས་པ་ལས་བདེ་སྤྱོད་ཅེས་པ་མི་གསལ་བར་མཁས་པ་དུ་མས་འགྲེལ་བརྗོད་བྱས་དོན་ལ། རྒྱལ་རྒྱུད་འདིའི་རྒྱལ་པོ་དང་པོ་བདེ་སྤྱོད་ཅེས་པ་བྱུང་ཡང་དེ་ཉིད་མངའ་ཐང་དེ་ཙམ་ཆེ་བ་མིན་པ་དང་། ཕྱིས་རྒྱལ་པོ་སིམུཀ་ཅེས་པ་མངའ་ཐང་ཧ་ཅང་ཆེ་བ་བྱུང་བས། འདི་ནས་བཟུང་རྒྱལ་རབས་ ༡༩ བྱུང་བ་ལ་བརྟེན་ནས་ཡིག་ཆ་འགར་རྒྱལ་རབས་ ༡༩ གསལ་བ་ཡང་འདི་ལྟར་ཡིན་ཅིང་། རྒྱལ་རབས་ ༣༠ ཅན་གྱི་དང་པོར་ཡང་སིམུཀ་ཅེས་བྱུང་བ་ནི་གོ་རིམ་ནོར་བ་ཡིན་པས་རྒྱལ་པོ་ཐོག་མ་བདེ་སྤྱོད་ཅེས་པ་བྱུང་བ་འདི་ཉིད་ཀྱི་མཚན་རྒྱལ་རྒྱུད་ལ་ཐོགས་པར་འདོད་དོ།།

གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྣམ་ཐར་[28]ནང་སློབ་དཔོན་ཀླུ་སྒྲུབ་ཀྱིས་བྱིན་གྱིས་བརླབས་པའི་རྒྱལ་པོའི་མཚན་ལ་སཱ་ལ་བྷནདྷ་ཞེས་འབྱུང་ཡང་། དེ་ཉིད་དུ་སློབ་དཔོན་གྱིས་ཤིང་སཱ་ལའི་སྡོང་པོ་ལ་ཆུ་སྟོར་བས། ཤིང་དེ་གླང་པོ་ཆེར་གྱུར་ནས་རྒྱལ་པོའི་བཞོན་པ་བྱས་ཞེས་བྱུང་བས་སཱ་ལ་བཞོན་པ་ལ་སཱལཝཱཧན་ཞེས་འབྱུང་དགོས་པ་ལ་ཡི་གེ་ནོར་བར་སྣང་ངོ་། །ཝཱཧན་ཞེས་པ་བཞོན་པ་དང་སྤྱོད་པ་གཉིས་ཀར་འཇུག་གོ །ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་ཀྱི་འགྲེལ་པ་དང་།[29] བུ་སྟོན་ཆོས་འབྱུང་སོགས་ལས་མཐར་འགྲོ་བཞོན་ཞེས་ཀྱང་བྱུང་བ་འདི་ཡི་སྐད་དོད་བྱེ་བྲག་རྟོགས་བྱེད་དུ་ཤཱལིཝཱཧན་ཞེས་གསལ། བདེ་སྤྱོད་ཅེས་པ་ཤཱཏཝཱཧན་ཡིན་ཡང་། སྐབས་འགར་ཡི་གེ་འགྱུར་ཏེ་སཱཏཝཱཧན་ཞེས་ཀྱང་འབྱུང་ཞིང་། དེ་བཞིན་འགའ་ཤས་ཀྱིས་སདཝཱཧན་ཞེས་ཀྱང་བྲིས་པར་སྣང་ངོ་།།

བཙུན་པ་ཆེན་པོ་དཔལ་དབྱངས་ཀྱིས་བོད་རྗེ་རྣམས་ལ་བརྫངས་པ་གཅེས་པ་བསྡུས་པའི་འཕྲིན་ཡིག་ལས[30]། ཀླུ་སྒྲུབ་སྙིང་པོ་བློ་གྲོས་དང་། །མ་ལ་བྱམས་པས་མཛད་པ་ཡི། །བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། །བཤེས་ཤིང་མཛའ་བའི་འཕྲིན་ཡིག་དང་། །རིན་ཆེན་ཕྲེང་བ་ལ་སོགས་པའི། །ཞེས་དང་། ཡང་དེ་ཉིད་ལས[31]། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས། །རྒྱལ་པོ་བདེ་སྤྱོད་བཟང་པོ་ལ། །བརྫངས་པའི་འཕྲིན་ཡིག་དག་ལས་ཀྱང་། །ཞེས་རྒྱལ་པོ་བདེ་སྤྱོད་བཟང་པོ་ཞེས་བྱུང་ངོ་།།

རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་བཀའ་བབས་བདུན་ལྡན་དུ་རྒྱལ་པོ་བདེ་སྤྱོད་ཅེས་གསུངས་ཀྱང་། དེ་ཉིད་ཀྱིས་མཛད་པའི་རྒྱ་གར་ཆོས་འབྱུང་ནང་རྒྱལ་པོ་བདེ་བྱེད་ཅེས་ཀྱང་གསུངས་འདུག་པ་དེ་ཡང་དགོངས་གཞི་ཡོད་པར་སྣང་སྟེ། བདེ་སྤྱོད་རྒྱལ་རྒྱུད་ནང་ཤཱཏཀརཎི་བདེ་བྱེད་ཅེས་པའི་མཚན་གཙོ་བོ་ཅན་གྱི་རྒྱལ་པོ་གསུམ་དང་། མཚན་གྱི་ཆ་ཤས་སུ་ཡོད་པའི་རྒྱལ་པོ་བཅུ་སྣང་ཞིང་། ཕྱི་ལོ་བརྒྱ་ཕྲག་དྲུག་པའི་ནང་བཱན་ཞེས་པས་བརྩམས་པའི་རྒྱ་གར་ལོ་རྒྱུས་སུ།[32] སློབ་དཔོན་ཀླུ་སྒྲུབ་ཀྱི་མཛའ་བཤེས་རྒྱལ་པོ་བདེ་སྤྱོད་ནི། གང་གི་བཞོན་པས་རྒྱ་མཚོ་གསུམ་པོ་འཐུང་བྱེད་པ། །ཞེས་མངའ་ཐང་ཤིན་ཏུ་ཆེ་བར་བཤད་པ་དང་། དེ་བཞིན་རིན་ཕྲེང་ལས་ཀྱང་། ས་ཆེན་མངའ་བའི་རྒྱལ་ཁྱོད་ལ། །ཞེས་གསུངས་པ་བཅས་ལ་བལྟས་ན། བདེ་སྤྱོད་རྒྱལ་རྒྱུད་ནང་མངའ་ཐང་ཆེ་ཤོས་ནི་གཽཏམིཔུཏྲ་ཤཱཏཀརཎི་ཞེས་པ་དང་། དེ་མཚམས་ཤིཝཤཱི་ཤཱཏཀརཎི་ཞེས་པ་ལྷོ་ཕྱོགས་ཡོངས་ལ་དབང་བསྒྱུར་བའི་རྒྱལ་པོ་བྱུང་བས། མཚན་དང་མངའ་ཐང་གི་ཆ་ནས་འདི་གཉིས་གང་རུང་ཞིག་ཡིན་སྲིད། ད་ཕན་མང་པོ་ཞིག་གིས་སྔ་མར་ངོས་འཛིན་བྱས་ཀྱང་། ངེས་པ་འདྲོང་ངེས་ཀྱི་རྒྱུ་མཚན་ནི་བཤད་པ་མི་སྣང་།[33]

རྒྱལ་པོ་བདེ་སྤྱོད་སློབ་དཔོན་དང་སྐུ་ཚེ་མཉམ་པར་བྱིན་གྱིས་བརླབས་ཏེ་ལོ་ ༡༥༠ ཙམ་བཞུགས་པར་རྗེ་བཙུན་ཏཱ་ར་ནཱ་ཐས་གསུངས་ཤིང་། གང་ལྟར་རྒྱལ་སྲིད་དུས་ཡུན་རིང་ཙམ་བསྐྱངས་པར་སྣང་ཡང་། བདེ་སྤྱོད་རྒྱལ་རྒྱུད་ཀྱི་བྱུང་བའི་གནའ་རྙིང་ཡིག་ཆ་ཁག་དང་། ཕྱིས་སུ་དཔྱད་ཞིབ་བྱས་པའི་འདོད་པ་ནང་ཕན་ཚུན་མི་མཐུན་ཡང་དེ་དག་ཏུ་རྒྱལ་སྲིད་དུས་ཡུན་ལོ་ ༣༡ ལས་ལྷག་བསྐྱངས་པའི་རྒྱལ་པོའི་གསལ་ཁ་མ་མཆིས། འབྲས་སྤུངས་དང་། དཔལ་གྱི་རི། དེ་བཞིན་ཀླུ་སྒྲུབ་རི་བཅས་ལས་སློབ་དཔོན་ཀླུ་སྒྲུབ་དང་འབྲེལ་བའི་ཡིག་བརྐོས་སོགས་གང་ཡང་མ་ཐོན་ཀྱང་། འབྲས་སྤུངས་ནས་ནུབ་བྱང་གི་ཕྱོགས་སུ་རྒྱང་གྲགས་ ༦༠ ཙམ་གྱི་གནས་ཤིག་ཏུ་མཆོད་རྟེན་ཆེན་པོ་ཞིག་གི་ཞིག་རོ་ནས་སྟོན་པའི་སྐུ་བརྙན་ཞིག་ཐོབ་པ་དེའི་ཞབས་ཀྱི་གཤམ་དུ་བྷདནྟ་ནཱགརྫུནཱ་ཅཱརྱ་ (བཙུན་པ་སློབ་དཔོན་ཀླུ་སྒྲུབ།) ཡི་སློབ་མ་ཛཡཔརྦྷཱ་ (རྒྱལ་བའི་འོད།) ཡི་སློབ་མ་ཅནྡྲ་པྲབྷཱ་ (ཟླ་བའི་འོད།) ཞེས་པས་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་འཐོབ་པའི་སླད་དུ་སྐུ་འདི་བཞེངས།[34]  ཞེས་ལེགས་སྦྱར་སྐད་དུ་ཚངས་པའི་ཡི་གེར་བྲིས་པ་དེའི་ཡིག་གཟུགས་སོགས་ལས་དཔགས་ཏེ་འགའ་ཞིག་གིས་ཕྱི་ལོ་བརྒྱ་ཕྲག་དྲུག་པའི་ནང་ཡིན་པར་བཤད་པ་ཙམ་ལས། བརྒྱ་ཕྲག་འགའ་ཤས་སྔོན་གྱི་མིན་པའི་ངེས་ཅན་གྱི་བཤད་པ་བྱེད་རྒྱུ་ཡང་མི་སྣང་ངོ་།།[35]

དེ་ལྟར་ན་ཡིག་ཆ་ཁག་དང་ས་བསྐོ་སྔོག་འདོན་གྱི་དཔྱད་ཞིབ་ལས་ཡིད་གཏན་ཕེར་ངེས་ཀྱི་གྲུབ་དོན་འགའ་རེ་བྱུང་བ་ལས། གཞན་ད་དུང་དཔྱད་པར་བྱ་བའི་གནས་འབའ་ཞིག་ཡིན་ནོ། །ཆོས་འབྱུང་ཁག་གི་གསུང་རྒྱུན་ལྟར་ན་སློབ་དཔོན་གྱིས་རྒྱལ་པོར་ལུང་བསྟན་པའམ་བྱིན་གྱིས་བརླབས་པ་གང་ལྟར་ཡང་། རྒྱལ་པོ་བདེ་སྤྱོད་སློབ་དཔོན་གྱི་དུས་སུ་གསར་དུ་རྒྱལ་པོར་གྱུར་པ་ཡིན་པ་དང་། དེ་ནས་བརྒྱུད་པ་ལས་བདེ་སྤྱོད་རྒྱལ་རྒྱུད་བྱུང་ཞིང་། དེ་ཡང་ཕྱི་ལོ་ ༢༢༠ ཙམ་ལ་རྒྱལ་རྒྱུད་མཇུག་རྫོགས་པར་བརྩིས་ཏེ། པུརཱཎ་ཡིག་ཆ་ལྟར་ལོ་ ༤༦༠ རིང་རྒྱལ་སྲིད་བསྐྱངས་པར་བརྩིས་ན། བདེ་སྤྱོད་ཕྱི་ལོའི་སྔོན་གྱི་བརྒྱ་ཕྲག་གསུམ་པའི་དཀྱིལ་ཙམ་དུ་བྱུང་དགོས་ཤིང་། དེ་ལྟར་ན་སློབ་དཔོན་གྱི་སྐུ་ཚེའི་སྨད་ལ་རྒྱལ་པོ་དང་མཇལ་བས་སློབ་དཔོན་ཕྱི་ལོའི་སྔོན་གྱི་བརྒྱ་ཕྲག་ལྔ་པའམ་མ་མཐར་ཡང་བཞི་པར་འདོད་དགོས་པར་འགྱུར།[36]

ཡང་རྒྱ་ནག་གི་ལུགས་འགའ་ཞིག་ལྟར་ན། སློབ་དཔོན་ཀླུ་སྒྲུབ་ནི་སློབ་དཔོན་གྱི་བརྒྱུད་པའི་ནང་གི་སློབ་དཔོན་བཅུ་གཉིས་པ་ཡིན་པ་དང་། དེ་ཡི་དུས་ཚིགས་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་ལོ་བདུན་བརྒྱའི་རྗེས་ཡིན་པར་གསལ།[37] བོད་དང་རྒྱ་ནག་གི་མཁས་དབང་ཁ་ཅིག་གིས་མགོན་པོ་ཀླུ་སྒྲུབ་བྱོན་པའི་དུས་ཚིགས་ནི་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱའམ། དྲུག་བརྒྱའམ། བརྒྱད་བརྒྱའི་རྗེས་ཡིན་པར་འདོད་པར་ཡང་སྣང་། ཝཱ་ཊར་སའི་[38]རྗེས་སུ་བཟུང་བའི་བོད་ཀྱི་ལུགས་གཞན་ལྟར་ན་ཀླུ་སྒྲུབ་བྱོན་པའི་དུས་ནི། ཕྱི་ལོ་ ༤༨༢-༢༡༢ སྔོན་ལ་ཡིན། ཕལ་ཆེར་དེར་གཞིར་བཟུང་སྟེ་རིག་པའི་ཆུ་གཏེར་ (Dr. Keith) ཡིས་སློབ་དཔོན་དེ་ཉིད་སློབ་དཔོན་རྟ་དབྱངས་ཀྱི་སློབ་མ་ཡིན་པར་དགོངས་ནས་ཁོང་བྱོན་པའི་དུས་རབས་བརྒྱ་ཕྲག་དང་པོ་ཡིན་པར་ཁས་ལེན།[39] དེ་ལྟར་འཕགས་བོད་ལུགས་ཀྱི་རྗེས་འབྲང་མཁས་དབང་ཕལ་ཆེ་བས་སློབ་དཔོན་ཀླུ་སྒྲུབ་ནི་སངས་རྒྱས་འདས་པའི་ལོ་བཞི་བརྒྱའི་རྗེས་རྒྱ་གར་ལྷོ་ཕྱོགས་བི་དརྦ་ཞེས་བྱ་བར་འཁྲུངས་པར་བཞེད་དོ།།

ནུབ་ཕྱོགས་པའི་ལུགས་ལྟར་ན། སློབ་དཔོན་བྱོན་པའི་དུས་ཚིགས་ཕྱི་ལོ་བརྒྱ་ཕྲག་གཉིས་པའམ་གསུམ་པར་ཁས་ལེན། རི་ཅར་ཌཛ་ཡ་ཅ་དང་ར་བིན་སན་གྱིས་རྒྱ་ནག་དང་རྒྱ་གར་གྱི་འདོད་པར་ཚད་ལྡན་དུ་བརྩིས་ཏེ་སློབ་དཔོན་བྱོན་པའི་དུས་རབས་སངས་རྒྱས་འདས་ལོ་བརྒྱ་ཕྲག་དགུ་པ་དང་། ཡང་ན་ཕྱི་ལོ་བརྒྱ་ཕྲག་གསུམ་པར་འདོད།[40] བིན་ཊར་ནིས་ལྟར་ན་སློབ་དཔོན་བྱོན་པའི་དུས་རབས་བརྒྱ་ཕྲག་གཉིས་པའི་སྨད་ཆར་འདོད།[41] མེཀས་ཝི་ལར་ཞེས་བྱ་བའི་མཁས་པ་གཞན་ཞིག་གིས་ནི་སློབ་དཔོན་ཀླུ་སྒྲུབ་བྱོན་པའི་དུས་ནི་དུས་རབས་གཉིས་པའམ་གསུམ་པར་འདོད།[42] སློབ་དཔོན་གཞོན་ནུ་སྲོག་གིས་བརྩམས་པའི་ཀླུ་སྒྲུབ་ཀྱི་རྣམ་ཐར་ལྟར་ན། སློབ་དཔོན་ཕྱི་ལོ་བརྒྱ་ཕྲག་གཉིས་པའམ་གསུམ་པར་བྱོན་པར་བཞེད།[43] མཁས་དབང་ཨུ་ཡིས་[44]སློབ་དཔོན་བྱོན་པའི་དུས་རབས་ཕྱི་ལོ་བརྒྱ་ཕྲག་གཉིས་པའི་སྟོད་ཆ་དང་། ལ་མོ་ཊས་[45]བརྒྱ་ཕྲག་གསུམ་པའི་སྟོད་ཆར་འདོད།

དེ་ལྟར་སངས་རྒྱས་ཀྱི་མདོའི་རྗེས་འབྲང་རྒྱ་བོད་ཀྱི་མཁས་པའི་ལུགས་ལྟར་ན། སློབ་དཔོན་བྱོན་པའི་དུས་ཕྱི་ལོའི་སྔོན་གྱི་ (B.C) བརྒྱ་ཕྲག་དང་པོ་ནས་ཕྱི་ལོ་ (A.D) བརྒྱ་ཕྲག་དང་པོའི་དབར་བཞག་ནུས། རྒྱ་ནག་གི་ལུགས་ལྟར་ན་ཕྱི་ལོ་བརྒྱ་ཕྲག་གཉིས་པའམ་གསུམ་པ་ཡིན་པར་གསལ།[46] རིགས་པའི་ཆུ་གཏེར་ས་ཏཱིས་ཤ་ཅནྡྲ་བིདྱཱ་བྷུ་ཥཎ་ལྟར་ན་སློབ་དཔོན་ཕྱི་ལོ་ ༢༥༠ ནས་ ༣༢༠ དབར་ཡིན་པར་བཞེད།[47] རིགས་པའི་ཆུ་གཏེར་ཨེཌ་ཝརྜ་ཀོན་ཛེས་སློབ་དཔོན་ཀླུ་སྒྲུབ་བྱོན་པའི་དུས་རབས་ཕྱི་ལོའི་སྔོན་གྱི་བརྒྱ་ཕྲག་དང་པོར་ཁས་ལེན། སློབ་དཔོན་གྱིས་བརྩམས་པའི་ཞིབ་མོ་རྣམ་པར་འཐག་པའི་འགྲེལ་པ་ནི་ཕྱི་ལོའི་སྔོན་གྱི་བརྒྱ་ཕྲག་དང་པོར་ལངྐའི་ཡུལ་དུ་སླེབས་པར་མ་ཟད། ཕྱི་ལོ་དང་པོར་མདོ་སྡེ་མང་པོ་ཞིག་རྒྱ་ནག་སྐད་དུ་བསྒྱུར་བའི་ཁུངས་ཚད་ལྡན་ཡོད་པའི་གསལ་ཁ་བྱུང་ཞིང་། དེ་དག་གཞིར་བཟུང་ན་ཀླུ་སྒྲུབ་བྱོན་པའི་དུས་ནི་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་ལོ་ ༤༠༠ རྗེས་ཡིན་པར་གོ་ཐུབ།[48]

དེང་དུས་འཛམ་གླིང་ནང་དུ་ཡོད་པའི་ནང་པའི་རྒྱལ་ཁབ་མང་པོས་སངས་རྒྱས་འདས་ལོ་ལངྐའི་ཡུལ་ (Srilanka) གྱི་རྗེས་སུ་འབྲངས་ཏེ་དེས་བརྩིས་པའི་ལོ་གྲངས་ཚད་ལྡན་དུ་ཁས་ལེན་པ་སྟེ། ཡུལ་དེར་ཕྱི་ལོའི་སྔོན་གྱི་ ༥༤༤ ལོར་ཐོག་མར་སངས་རྒྱས་མྱ་ངན་ལས་འདས་པའི་ལོའི་ཚུལ་དུ་བརྩི་སྲུང་བྱས། བརྩི་སྲོལ་དེ་ལྟར་ན་སློབ་དཔོན་ཀླུ་སྒྲུབ་བྱོན་པའི་དུས་ནི་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་ལོ་བཞི་བརྒྱའི་རྗེས་སུའམ་ཕྱི་ལོ་སྔོན་གྱི་བརྒྱ་ཕྲག་གཉིས་པ་ཡིན།[49]

དེང་རབས་ནུབ་ཕྱོགས་ཀྱི་མཁས་པ་མང་པོ་ཞིག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལ་སོགས་པ་ཐེག་ཆེན་གྱི་གཞུང་རྣམས་ཕྱི་ལོའི་སྔོན་གྱི་བརྒྱ་ཕྲག་དང་པོར་དར་འགོ་ཚུགས་ཏེ། བརྒྱ་ཕྲག་གཉིས་པའི་ནང་རྫོགས་པར་འདོད་[50]པའི་རྒྱུ་མཚན་ལ་བརྟེན་ནས། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཤེར་ཕྱིན་གྱི་དགོངས་པ་འགྲེལ་བར་མཛད་པས་ཕྱི་ལོའི་བརྒྱ་ཕྲག་གཉིས་པ་གསུམ་པའི་ནང་མ་གཏོགས་བྱུང་ཐབས་མེད་པར་འདོད།[51] སིང་ག་ལའི་གླིང་ཕྲན་གྱི་ལོ་རྒྱུས་ལྟར་ན། སློབ་དཔོན་འཕགས་པ་ལྷ་ཡུལ་དེའི་རྒྱལ་པོ་ཝོཧརཀཏིསས་དང་དུས་མཉམ་ཡིན་པར་བཤད་ཅིང་། དེ་ནི་བརྒྱ་ཕྲག་གསུམ་པའི་འགོར་བྱུང་བར་བཤད།[52]

ཕྱི་ལོ་བརྒྱ་ཕྲག་ལྔ་པའི་འགོར་སློབ་དཔོན་གྱི་གསུང་རྩ་ཤེས་ལ་སོགས་པ་རྒྱ་ནག་གི་སྐད་དུ་སྒྱུར་བ་པོ་ལོ་ཙཱ་བ་གཞོན་ནུ་སྲོག་གི་དངོས་སློབ་གཉིས་དང་། ཁོང་དང་དུས་མཉམ་པའི་མཁས་པ་ཞིག་བཅས་ཀྱིས་སློབ་དཔོན་ཀླུ་སྒྲུབ་དང་། འཕགས་པ་ལྷ་གཉིས་སྟོན་པ་བདེ་བར་གཤེགས་ནས་བརྒྱ་ཕྲག་དགུ་པའི་ནང་བྱོན་པར་བཤད་པ་སོགས་ལ་བརྟེན་ནས་ཕྱི་ལོའི་བརྒྱ་ཕྲག་གསུམ་པར་བྱུང་བར་འགྲེལ་བརྗོད་བྱེད།[53] འགའ་ཤས་ཀྱིས་རྒྱ་ནག་གི་སྐད་དུ་བཞུགས་པའི་སློབ་དཔོན་གྱི་རྣམ་ཐར་ལ་གཞི་བྱས་ཏེ་ཕྱི་ལོ་བརྒྱ་ཕྲག་གཉིས་པའི་མཇུག་དང་། གསུམ་པའི་འགོར་འདོད་པ་ཡིན།[54] སློབ་དཔོན་གྱིས་དཔལ་གྱི་རི་ལ་མཆོད་བརྟེན་བཞེངས་པ་ལོ་རྒྱུས་རྣམས་སུ་གསལ་ཞིང་། མཆོད་རྟེན་གྱི་ཞིག་རོ་བཞུགས་པར་ཉམས་ཞིབ་བྱས་འབྲས་སུ། ཕྱི་ལོའི་བརྒྱ་ཕྲག་གཉིས་པའི་ཕྱེད་སྔ་མར་མཆོད་རྟེན་རྫོགས་པར་བསྒྲུབས་པ་བཤད་[55]པ་ལས་འགའ་ཤས་ཀྱིས་སློབ་དཔོན་ཡང་དེའི་དུས་སུ་བྱུང་བར་ཚོད་དཔག་བྱེད།

དེ་ལྟར་གོང་དུ་སྨོས་པ་བཞིན་སློབ་དཔོན་དང་དུས་མཉམ་དུ་སྐུ་ཚེ་བཏང་བའི་རྒྱལ་པོ་བདེ་སྤྱོད་དེ་ཉིད་རྒྱལ་རྒྱུད་ཀྱི་རྒྱལ་པོ་ཐོག་མ་ཡིན་པ་དང་། རྒྱལ་རྒྱུད་ལ་རྒྱལ་རབས་སུམ་ཅུ་ཙམ་བྱུང་བ་གཉིས་ཀ་འདོད་ཕྱིན་ཆད་སློབ་དཔོན་གྱི་དུས་སྔ་སྐྱོན་དུ་སྣང་སྟེ། རྒྱལ་རྒྱུད་འདིའི་མཇུག་ཕྱི་ལོ་  ༢༢༠ ཙམ་ལ་རྫོགས་པས། རགས་རྩིས་སུ་བྱས་ན་ཡང་རྒྱལ་རབས་ལྷག་མ་རྣམས་ཀྱིས་ལོ་ ༣༠༠ སྐོར་བསྐྱངས་ན། སློབ་དཔོན་སྐུ་གཤེགས་པའི་དུས་ཕྱི་ལོའི་སྔོན་གྱི་བརྒྱ་ཕྲག་དང་པོའི་འགོར་འཇོག་དགོས་ཤིང་། དེ་ལྟར་ན་སློབ་དཔོན་འཕགས་པ་ལྷའི་དུས་ཀྱང་ཆེས་སྔ་བར་གྱུར། སློབ་དཔོན་དགུང་ལོ་ཉིས་བརྒྱ་ལྷག་ཙམ་བཞུགས་པའི་དབང་དུ་བཏང་ནའང་། ཕྱི་ལོའི་སྔོན་གྱི་བརྒྱ་ཕྲག་བཞི་པའི་ནང་ཙམ་ལ་བྱོན་པར་འདོད་དགོས་ཀྱང་། དེ་ལྟ་ན་ནི་སློབ་དཔོན་བཀའ་བསྡུའི་སྐབས་སུ་ཡོད་དགོས་པ་དང་། ཆོས་རྒྱལ་མྱ་ངན་མེད་དང་ཡང་དུས་མཉམ་དུ་འགྱུར་བ་སོགས་མི་བདེ་བ་མང་དུ་འབྱུང་བས། བདེ་སྤྱོད་རྒྱལ་རྒྱུད་པ་པུརཱཎ་ཡིག་ཆར་གསལ་བ་ཐམས་ཅད་གནས་རྙིང་ཁག་ནས་ར་འཕྲོད་མ་བྱུང་བས། དེ་ཉིད་ཀྱི་རྒྱལ་རབས་ཉུང་ཤས་ལས་མེད་པའམ། ཡང་ན་བདེ་སྤྱོད་རྒྱལ་རྒྱུད་བྱུང་དུས་དང་རྒྱལ་རབས་གྲངས་དེ་ཙམ་ལ་སློབ་དཔོན་དང་འབྲེལ་བའི་རྒྱལ་པོ་དེ་རྒྱལ་རྒྱུད་དེའི་ཕྱིས་ཀྱི་རྒྱལ་པོ་ཞིག་ཡིན་དགོས་པ་ལས་གཞན་དུ་ན་འགྲིག་པའི་སྐབས་མི་སྣང་ངོ་།།

དེ་ལྟར་ན་སློབ་དཔོན་བྱོན་པའི་དུས་ཚིགས་ངེས་ཅན་ཞིག་ནི་བརྗོད་པར་དཀའ་ཡང་། མ་མཐའ་ཕྱི་ལོ་ ༢༢༠ པའི་སྔོན་ལ་འཇོག་དགོས་པ་ནི། དེར་བདེ་སྤྱོད་རྒྱལ་རྒྱུད་མཇུག་དྲིལ་བ་དང་། ཡ་མཐའ་ཕྱི་ལོའི་སྔོན་གྱི་བརྒྱ་ཕྲག་གཉིས་པའི་མཇུག་ཙམ་ལས་སྔ་མི་རིགས་པར་གོང་དུ་སོང་བས། དུས་སྐབས་འདིའི་རིང་ལ་སློབ་དཔོན་བྱོན་དགོས་ཤིང་། སྐུ་ཚེའི་ཚད་ཀྱང་དགུང་ལོ་དྲུག་བརྒྱ་སྐོར་བཞུགས་ཡོད་ན། ཕྱི་ལོའི་སྔོན་གྱི་བརྒྱ་ཕྲག་ལྔ་པ་དང་བཞི་པའི་ནང་སློབ་དཔོན་བྱོན་པར་འགྱུར་བས་དེ་ལྟར་ན་གོང་དུ་སྨོས་པ་ལྟར་མི་འགྲིག་པ་དུ་མ་ཞིག་སྣང་ངོ་། །དེས་ན་ལོ་ཉིས་བརྒྱ་ལྷག་ཙམ་འདོད་པ་ལེགས་པར་སྣང་སྟེ། དྲུག་བརྒྱ་སྐོར་བཞུགས་པ་ཕྱེད་ལོར་བརྩིས་པ་རྗེ་བཙུན་ཏཱ་ར་ནཱ་ཐས་གསུངས། དགུང་ལོ་ཉིས་བརྒྱ་སྐོར་བཞུགས་པ་ལ་ཡིད་བརྟན་མི་རུང་བའི་གནས་སུ་མི་འགྱུར་ཏེ། སློབ་དཔོན་ནི་གསོ་བ་རིག་པ་དང་། གསང་སྔགས་ལ་དབང་ཐོབ་པའི་བདག་ཉིད་ཆེན་པོ་ཞིག་ཡིན་པས། དེ་ལྟར་མི་སྲིད་པ་མེད་པ་དང་། སྔར་སྨོས་པ་ལྟར་གནས་ལུགས་ཐམས་ཅད་ཐ་མལ་རང་འགའ་བའི་མཐོང་ཚུལ་འབའ་ཞིག་གི་སྟེང་ནས་རྣམ་གཞག་བྱས་ན། ཐུན་མོང་མ་ཡིན་པའི་འབྲས་བུ་སྒྲུབ་བྱེད་ཀྱི་རྣམ་གཞག་གཞུང་ནས་བཤད་པ་དག་རྟོག་བཟོའི་གཏམ་ཙམ་དུ་ཟད་པར་འགྱུར་རོ།།[56]

སྤྱིར་སློབ་དཔོན་གྱི་མཛད་འཕྲིན་དང་ལྟ་གྲུབ་སྐོར་དཔྱད་ན་གདོན་མི་ཟ་བར་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་པར་ཐག་གཅོད་ནུས། བྱོན་པའི་དུས་སོགས་མཛད་པ་འགའ་ཞིག་དྲང་དོན་དང་། འགའ་ཞིག་ངེས་དོན་དུ་སྣང་བས་ལམ་སང་ཐག་གཅོད་པར་དཀའ། དཔེར་ན། སློབ་དཔོན་ཀླུ་སྒྲུབ་ལ་འཕགས་པ་ལྷས་རང་གི་སློབ་དཔོན་དུ་བཞེད་པ་དང་། གྲུབ་ཆེན་ཏི་ལོ་པས་ཀྱང་སློབ་དཔོན་ཀླུ་སྒྲུབ་སོགས་སྐྱེས་བུ་དམ་པ་བཞི་རང་ཉིད་ཀྱི་བླ་མ་ཡིན་པར་བཞེད།[57] ཕྱོགས་གཉིས་ཀ་འཐད་ལྡན་དུ་བཟུང་རྒྱུ་ཅུང་འཐད་པར་དཀའ་སྟེ། གྲུབ་ཆེན་ཏི་ལོ་པ་ནི་བརྒྱ་ཕྲག་བཅུ་པར་ (988-1069) བྱོན་ཅིང་། སློབ་དཔོན་འཕགས་པ་ལྷ་ནི་བརྒྱ་ཕྲག་གསུམ་པར་ (170-270) བྱོན་པའི་སློབ་དཔོན་ཡིན། ཡོངས་གྲགས་ལྟར་ན་བཅོམ་ལྡན་འདས་ཀྱི་ལུང་འདྲེན་གཞིར་བཟུང་སློབ་དཔོན་བྱོན་པའི་དུས་དངོས་ནི་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱའི་རྗེས་སུ་ཡིན་པ་ཚད་ལྡན་དུ་སྣང་ལ།[58] དེང་གི་དཔྱད་ཞིབ་པ་འགའ་ཞིག་གིས་ (Nāgārjuna (ca 150–250 AD) བར་བྱོན་པར་འདོད།

དེ་བཞིན་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་བརྩམས་པའི་རྒྱ་གར་ཆོས་འབྱུང་ལས[59]། དབུ་མའི་ཤིང་རྟའི་སྲོལ་འབྱེད་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞལ་བཞུགས་པའི་དུས་ཚིགས་ལ་ནུབ་ཕྱོགས་ཀྱི་མཁས་པ་རྣམས་དུས་རབས་དང་པོའམ་ཡང་ན་གཉིས་པ་ཡིན་ཟེར་མཁན་མང་རུང་། ཉི་ཧོང་གི་མཁས་པ་སློབ་དཔོན་ཨུ་ཨིས་རྒྱ་གར་གྱི་མཚན་ཉིད་རིག་པའི་ལོ་རྒྱུས་ཞེས་པར་སློབ་དཔོན་ཀླུ་སྒྲུབ་ཕྱི་ལོ་ ༡༥༠ ནས་ ༢༥༠ བར་དུ་འཚོ་གཞེས་གནང་བར་གསུངས་པ་འདི་ལ་རྣམ་པར་དག་པའི་རྒྱབ་རྟེན་གྱི་རྒྱུ་མཚན་མང་བས་མཁས་པ་མང་པོ་ཞིག་གིས་འཐད་ཕྱོགས་སུ་ཞལ་བཞེས་བྱེད་པ་ལྟར་འཐད་པ་ཡིན། དེའི་རྒྱུ་མཚན་ནི་ལོ་ཆེན་གཞོན་ནུའི་སྲོག་ (344-413) ཕྱི་ལོ་ ༤༠༡ ལོར་རྒྱ་ནག་ཏུ་ཞབས་སོར་འཁོད་དེ། སློབ་དཔོན་མཐིང་མིག་ཅན་གྱི་འགྲེལ་པ་དང་མཉམ་དུ་རྩ་བ་ཤེས་རབ་རྒྱ་ནག་སྐད་དུ་བསྒྱུར་ཡོད། ལོ་ཆེན་གྱིས་སྐུ་གཞོན་ནུའི་ཚེ་སཱུ་ར་ཡ་སོ་མ་ལ་དབུ་མ་རྩ་ཤེས་གསན་ཡོད་པས་ན། སློབ་དཔོན་མཐིང་མིག་ཅན་གྱི་འགྲེལ་པ་ཡོད་པའི་དབུ་མ་རྩ་ཤེས་ཕྱི་ལོ་ ༣༥༠ གོང་དུ་བརྩམས་ནས་ཡོད།

ཕྱོགས་མཚུངས་ལོ་ཆེན་གྱིས་སཱུ་ར་ཡ་སོ་མ་ལ་འཕགས་པ་ལྷའི་བརྒྱ་པ་དང་། སྒོ་བཅུ་གཉིས་པའི་བསྟན་བཅོས་བཅས་ཀྱང་གསན་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་སློབ་དཔོན་མཐིང་མིག་ཅན་སཱུ་ར་ཡ་སོ་མའི་གོང་རོལ་གྱི་མི་རབས་ཡིན་པས་ན་སློབ་དཔོན་མཐིང་མིག་ཅན་ཕྱི་ལོ་ ༣༠༠ གོང་རོལ་གྱི་མི་ཡིན་པ་བསམ་ཞིབ་ནུས་པ་ཡིན། གཞན་ཡང་ལོ་ཆེན་གཞོན་ནུའི་སྲོག་གིས་བསྒྱུར་བའི་བརྒྱ་པ་ལ་སློབ་དཔོན་དབྱིག་ (Vasu) གི་འགྲེལ་པ་ཡོད་པས་ན་སློབ་དཔོན་དབྱིག་ཀྱང་སཱུ་ར་ཡ་སོ་མའི་གོང་རོལ་གྱི་མི་ཡིན་པ་ཤོད་ཅི་དགོས། དེས་ན་སློབ་དཔོན་ཀླུ་སྒྲུབ། འཕགས་པ་ལྷ། དབྱིག །སཱུ་ར་ཡ་སོ་མ་སློབ་དཔོན་གཞོན་ནུའི་སྲོག་བཅས་ལ་བརྒྱུད་ཡོད་པས་ན་སློབ་དཔོན་དབྱིག་ཀྱང་ཕྱི་ལོ་ ༣༠༠ ཙམ་ལ་ཚོད་དཔག་བྱེད་ནུས། དེ་དག་ནས་ལུགས་ལྡོག་ཞིབ་རྩིས་བརྒྱབ་ན་ཀླུ་སྒྲུབ་ཕྱི་ལོ་ ༢༥༠ ཙམ་ལ་གཤེགས་པར་ཚོད་དཔག་བྱས་ན་མི་བདེ་བ་མེད། ལྷག་པར་སློབ་དཔོན་མཐིང་མིག་ཅན་གྱི་རྩ་ཤེའི་འགྲེལ་པ་བམ་པོ་ཉེར་བདུན་པར་བཞི་བརྒྱ་པའི་ལུང་འདྲེན་ཡོད་པས་ན། སློབ་དཔོན་ཀླུ་སྒྲུབ། འཕགས་པ་ལྷ། མཐིང་མིག་ཅན། སཱུ་ར་ཡ་སོ་མ། གཞོན་ནུའི་སྲོག་བཅས་ལ་བརྒྱུད་ཡོད་པས་ན་ཀླུ་སྒྲུབ་ཕྱི་ལོ་ ༢༥༠ ཙམ་ལ་གཤེགས་པར་ཚོག་དཔག་ནུས་སོ། །ཞེས་གསུངས་སོ།།

སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ནས་ཀླུ་སྒྲུབ་བྱོན་པར་བརྟེན་སྟོན་པའི་འདས་ལོ་གནས་བརྟན་སྡེ་པའི་བརྩི་ལུགས་དེ་གཙོ་ཆེར་བརྩིས་པའི་དབང་དུ་བཏང་ན། ཕྱི་ལོའི་གོང་གི་བརྒྱ་ཕྲག་གཉིས་པ་སྟེ་ཕྱི་ལོ་མ་བྱུང་གོང་གི་ལོ་ ༡༤༠ ཞེ་གྲངས་ལ་འཁེལ་ཡོད། ཡང་སྟོན་པའི་འདས་ལོ་བོད་ཀྱི་ཕུགས་ལུགས་རྩིས་གཞུང་ལྟར་ན་གང་འཚམ་སྔོན་དུ་ཡིན་དགོས། གནས་བརྟན་པའི་བརྩི་ལུགས་ལྟར་ན་ད་ལྟའི་གནས་སྐབས་འདིར་སྟོན་པ་མྱ་ངན་ལས་འདས་ནས་ལོ་ ༢༥༥༩། ༢༥༦༠ ཙམ་འཁོར་བཞིན་ཡོད། ཕུགས་ལུགས་ལྟར་ན་སྟོན་པ་མྱ་ངན་ལས་འདས་ནས་ལོ་ ༢༨༩༠ ཙམ་འགྲོ་བཞིན་ཡོད། དེ་ལྟར་ཕུགས་ལུགས་ལྟར་བྱས་ན་ཕྱི་ལོའི་སྔོན་གྱི་ལོ་ ༤༠༠ ཡས་མས་ལ་འགྲོ་དགོས་པ་ལྟ་བུ་ཆགས་ཡོད། དེ་ནས་དགུང་ལོ་ ༦༠༠ བཞུགས་པའི་དབང་དུ་བྱས་ན། ཕྱི་ལོ་ ༣༠༠ ནས་ ༤༠༠ བར་དུ་བཞུགས་དགོས་ཤིང་། དེ་ལྟར་ན་ནུབ་ཕྱོགས་པའི་མཁས་པ་རྣམས་ཀྱིས་ཀླུ་སྒྲུབ་ཕྱི་ལོ་བརྒྱ་ཕྲག་གསུམ་པའི་ནང་དུ་བྱོན་པ་དང་། བརྒྱ་ཕྲག་བཞི་པའི་ནང་དུ་བྱོན་པར་གསུངས་པ་རྣམས་ལ་མཐའ་གཅིག་ཏུ་མ་དག་པར་བརྗོད་མི་ཐུབ་པ་ཞིག་ཆགས་ཡོད། སྔར་ཀླུ་སྒྲུབ་ཕྱི་ལོའི་སྔོན་ལ་འཁྲུངས་པར་འདོད་མཁན་ཆེས་ཉུང་ཤས་ལས་མེད། དེང་སྐབས་ཀླུ་སྒྲུབ་ཕྱི་ལོའི་སྔོན་ལ་འཁྲུངས་པར་འདོད་པར་དཀའ་ངལ་དེ་ཙམ་མེད། ཅེས་གསུངས་པ་ལྟར་རོ།།

གཞན་ཡང་རབ་གནས་ལྕགས་བྱི་ལོའི་ལོ་ཐོ་རྒྱས་པ་ལས[60]། དྲག་པོ་ལྕགས་སྤྲེལ་བྷཻ་ཏའི་ཡུལ། །འཕགས་མཆོག་ཀླུ་སྒྲུབ་སྐུ་འཁྲུངས་ཤིང་། །༢༤༩༩ ཞེས་གསལ་བ་ལྟར། ཕུག་ལུགས་ལ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་སྐུ་འཁྲུངས་ནས་འདི་ལོར་ ༢༤༩༩ ཕྱིན་ཡོད་པས། དེས་ན་ཕྱི་ལོའི་སྔོན་གྱི་ལོ་ ༤༧༩ ལོར་སྐུ་འཁྲུངས་པ་ཞིག་ཆགས་ཡོད། དེ་བཞིན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་འདས་ལོར་མཚོན་ནའང་། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[61]། ས་རྟ་ཕྱི་ལོ་ ༡༡༨ ལོ་འདིར་མགོན་པོ་ཀླུ་སྒྲུབ་སྐུ་གཤེགས་པར་ཕུག་ལུགས་པ་རྣམས་བཞེད། ལོ་ཧྲིལ་པོའི་རྩིས་སྟངས་ལྟར་ན་དགུང་ལོ་ ༦༠༠ བཞུགས། ཞེས་དང་། ཡང་དེ་ཉིད་ལས[62]། མེ་སྤྲེལ་ཕྱི་ལོ་ ༤༥༦ གནས་བརྟན་སྡེ་པ་ལྟར་ན་ཀླུ་སྒྲུབ་འདས། (དགུང་ལོ་དྲུག་བརྒྱ།) ཞེས་གསལ་ལ། དེ་བཞིན་ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) མཆོག་གིས་མཛད་པའི་བསྟན་རྩིས་ཀུན་ལས་བཏུས་པ་ལས་[63]ཀྱང་། ས་སྟག །རྔ་བོ་ཆེའི་མདོར་ཀླུ་སྒྲུབ་ལོ་བརྒྱ་ལོན་པ་ན་འདས་པར་གསུངས་ཞེས་གསལ་བ་ལྟར་མགོན་པོ་ཀླུ་སྒྲུབ་ཀྱི་འཁྲུངས་གཤེགས་ལ་བཞེད་པ་མང་དུ་སྣང་ངོ་།།

དེ་བཞིན་བསྟན་རྩིས་ཀ་ཕྲེང་ལག་དེབ་ལས་[64]ཀྱང་། ཀླུ་སྒྲུབ་ཀྱི་འདས་ལོ། 1. ས་སྟག་ (ཕྱི་ལོའི་སྔོན་ 703) ལོར་འདས། (རྔ་བོ་ཆེའི་མདོར་ཀླུ་སྒྲུབ་ལོ་བརྒྱ་ལོན་པ་ན་ལོ་འདིར་འདས་པར་གསུངས། ཕུག་ལུགས་ལྟར་ན་ལོ་འདིར་བབས།) 2. ས་ལུག་ (ཕྱི་ལོ་ 119) ལོར་འདས། (ལོ་རིལ་པོའི་རྩིས་ལྟར་ན་དགུང་ལོ་ ༦༠༠ བཞུགས། ཕུག་ལུགས།) 3. དེང་རབས་ཀྱི་རྒྱ་ནག་མཁས་དབང་ལུའི་ཁྲེང་གི་རྒྱ་གར་ཆོས་འབྱུང་ལས། ཀླུ་སྒྲུབ་ཀྱི་ལོ་ཚིགས་ནི་དུས་རབས་གསུམ་པ་སྟེ། ཕྱི་ལོ་ ༢༠༠ ནས་ ༣༠༠ བར་ཡིན་ན་ལུང་རིགས་དང༌མཐུན་པ་ཙམ་ཡིན། 4 མེ་སྤྲེལ་ (ཕྱི་ལོ་ 456) ལོར་འདས། (གནས་བརྟན་སྡེ་པ་ལྟར་ན་དགུང་ལོ་དྲུག་བརྒྱ།) ཞེས་བྱུང་ཞིང་། འབྲི་གུང་རྭ་སེ་དཀོན་མཆོག་རྒྱ་མཚོས་བརྩམས་པའི་འབྲི་གུང་ཆོས་འབྱུང་ལས་[65]ཀྱང་། དེ་ལྟར་དགུང་ལོ་དྲུག་བརྒྱ་ལོན་པ་ན་སྟོན་པ་འདས་ནས་ལོ་ཆིག་སྟོང་ལོན་པ་གདོང་ངན་ཞེས་པ་མེ་སྤྲེལ་ (ཕྱི་ལོ་ 456) ལོར་གཤེགས་པར་སྣང་ངོ་། །ཞེས་སོགས་བཞེད་པ་མི་མཐུན་པ་ཤིན་ཏུ་མང་ལ། རང་རང་ལ་ཁུངས་ལུང་རྒྱུ་མཚན་རེ་ཡོད་པས་མཐའ་གཅིག་ཏུ་འདི་ཡིན་དེ་མིན་གྱི་ཁ་ཚོན་གཅོད་དཀའ་བའི་གནས་སོ།།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  རོང་སྟོན་གསུང་འབུམ། ༼ཀ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༠༦

[2]  Early Madhyamic India and China Page No. 94, History of India Literature, Page No. 342

[3]  དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་བསྟོད་པ་དཔག་བསམ་ལྗོན་ཤིང་། དཔེ་རིང་། ཤོག་ ༡ན༡ ནས་ ༣བ༦ བར།

[4]  བུ་སྟོན་ཆོས་འབྱུང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༡༤༦

[5]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༨༠

[6]  མངོན་པ་ཀུན་བཏུས། གླེང་བརྗོད། ཝཱར་ཎཱ་མཐོ་སློབ། ༢༠༡༢ ལོ། ཤོག་གྲངས་ ༡༨ ནས་ ༢༥ བར།

[7]  བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༣༠༢

[8]  རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ ལོ། ཤོག་གྲངས་ ༦༡

[9]  བསྟན་རྩིས་གསལ་བའི་ཉིན་བྱེད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༣༣

[10]  ལོ་ཚིགས་དྭངས་ཤེལ་མེ་ལོང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༢༡༩

[11]  ལོ་ཚིགས་དྭངས་ཤེལ་མེ་ལོང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༢༡༤

[12]  ལོ་ཚིགས་དྭངས་ཤེལ་མེ་ལོང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༢༣༡

[13]  ལོ་ཚིགས་དྭངས་ཤེལ་མེ་ལོང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༢༢༦

[14]  བསྟན་རྩིས་ཀུན་ལས་བཏུས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ལོ། ཤོག་གྲངས་ ༤༥

[15]  བསྟན་རྩིས་ཀུན་ལས་བཏུས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ལོ། ཤོག་གྲངས་ ༥༤

[16]  རྒྱ་ལུགས་ལྟར་ན། ལུགས་རྙིང་གི་ཟླ་བདུན་པའི་ཚེས་ཉེར་བཞི་ཉིན་རྒྱ་ནག་ཏུ་གྲུབ་མཐའ་བརྒྱད་ཀྱི་སྲོལ་གཏོད་པ་པོ་མགོན་པོ་ཀླུ་སྒྲུབ་མཆོག་མཚན་དཔེའི་གཟུགས་སྐུ་བཞད་པའི་དུས་ཚེས་ཁྱད་པར་བ་ཞིག་ལ་སྲུང་བརྩི་ཞུ་བཞིན་ཡོད།

[17]  བྱང་ཆུབ་ལམ་རིམ་ཆེན་མོའི་བརྗེད་བྱང་། ༼༢༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ ལོ། ཤོག་གྲངས་ ༣༠

[18]  བསྟན་རྩིས་ཀ་ཕྲེང་ལག་དེབ། མི་རིགས་དཔེ་སྐྲུན་ཁང་། ༢   ༠༠༠ ལོ། ཤོག་གྲངས་ ༣༡༢

[19]  རྒྱ་གར་རྒྱལ་རབས། སྨད་ཆ། ལྡི་ལི་བོད་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༡༥

[20]  Nagarjuna Page No. -11

[21]  Ibid Page No. -12

[22]  Ibid Page No. -5

[23]  པུརཱཎ་ཞེས་པ་དྲང་སྲོང་རྒྱས་པས་མ་འོངས་ལུང་བསྟན་གྱི་ཚུལ་དུ་རྒྱ་གར་ནང་འབྱུང་འགྱུར་རྒྱལ་པོ་རྣམས་ཀྱི་ལོ་རྒྱུས་རིམ་པར་གསལ་བ་ཞིག་ཏུ་ཧིན་དུའི་ཆོས་ལུགས་པ་རྣམས་འདོད་ཀྱང་། དེང་རབས་ལོ་རྒྱུས་སྨྲ་བའི་མཁས་པ་རྣམས་ཀྱིས་གནའ་བོའི་ལོ་རྒྱུས་ཡིག་ཐོག་ཏུ་བཀོད་པ་ཞིག་ཏུ་འདོད་པ་ཡིན་ནོ།།

[24]  རླུང་གི་གནའ་བོའི་གཏམ་རྒྱུད། (ཝཱཡུཔུརཱཎ) དང་། ཉ་ཡི་གནའ་བོའི་གཏམ་རྒྱུད་ (མཱཏསྱཔུརཱན) ལས་རིམ་པར་ ༣༠ དང་ ༡༩ བྱུང་བར་བཤད།

[25]  མཽརྱ་རྒྱལ་རྒྱུད་ནི་ཕྱི་ལོའི་སྔོན་གྱི་ལོ་ ༣༡༧ ནས་ ༡༨༧ བར་ཡིན་པར་འདོད་དོ།།

[26]  ནཱགརྫུནཀོནཌ་ཞེས་པའི་ཚིག་མཐའ་མ་ཡུལ་སྐད་ཡིན་གྱི་ལེགས་སྦྱར་ནི་མ་ཡིན་ནོ།།

[27]  Sudhakar Chattopadhyaya, some early dynasties of south india, motilal Banarasidas, 1974, p.29.

[28]  གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྣམ་ཐར། སྣར་ཐང་བསྟན་འགྱུར། ༼ལུ༽ པོད་ ༨༨ པ། ཤོག་གྲངས་ ༡༩བ

[29]  སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པ། སྡེ་དགེ་བསྟན་འགྱུར། དབུ་མ། ༼ཚ༽ ཤོག་གྲངས་ ༢༦ན།

[30]  བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ཅོ༽ དེབ་ཨང་ ༡༡༥ པ། ༢༠༠༤ ལོ། ཤོག་གྲངས་ ༦༡༢

[31]  བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ཅོ༽ དེབ་ཨང་ ༡༡༥ པ། ༢༠༠༤ ལོ། ཤོག་གྲངས་ ༦༡༧

[32]  ཧྭན་ཚང་དང་དུས་མཉམ་པའི་རྒྱ་གར་བ་བཱན་གྱིས་བརྩམས་པའི་ཧརྴཅརིཏ།

[33]  K. Satyanarayana, A study of the history and culture of the Andhra, people’s Publiishing house, N. Delhi, 1975, p.116.

[34]  J. bugess, Notes on the Amravati stupa, 1882, p.57.

[35]  Ramachandran, Amravati and jaggayyapeta stupas, Memoirs of Archeological survey of india, no. 71, 1958, p.28.

[36]  འཕགས་བོད་པོད་ཕྲེང་། ༼༢༡༽ ཝཱ་ཎ་མཐོ་སློབ། ༡༩༩༠ ལོ། ཤོག་གྲངས་  ༢༧ ནས་ ༧༧ བར།

[37]  बौद्ध के विकास का इतिहास, पृ. सं. -368

[38]  India Philosophy, Editon I Page No. -643-644

[39]  Buddhist Philosophy, Page No. -221

[40]  Early Madhyamic in India and China, Page No. -25

[41]  History of Indian Literature, Page No. -342

[42]  Life of Nagarjuna from Tibetan and Chinese, Page No. -5

[43]  The Vibhasika Philosophy, hina, Page No. -423

[44]  See History of Indian Literature, Page No. -342

[45]  द्र0 वाटसཿ आन्-युआंग, जिल्द, दूसरी, पृ. सं-10

[46]  ནང་ཆོས་འཕེལ་རིམ་གྱི་དེ་ལྟ་བུའི་བྱུང་བ།

[47]  द्र0 वाटसཿ आन्-युआंग, जिल्द, 9-10

[48]  दूसरी, पृ. सं-10

[49]  མངོན་པ་ཀུན་བཏུས། གླེང་བརྗོད། ཝཱར་ཎཱ་མཐོ་སློབ། ༢༠༡༢ ལོ། ཤོག་གྲངས་ ༡༨ ནས་ ༢༥ བར།

[50]  Edward conze, The Prajnaparamita literature, Tokyo, 1978.

[51]  May walleser, life of nagarjuna from tib and Chinese sources, n.P. series xxv 1979.

[52]  མཧཱཝས ལེའུ། ༣༦

[53]  R. N. Robinson, early Madyamika in india and china, Madison,1967.

[54]  H. Ryusho, surikranta Vikramipariprichha prajnaparmitasutra, Fu kuoka, 1958.

[55]  Nilkantha shastri, A history of south india, Madras, 1966, p.447.

[56]  འཕགས་བོད་པོད་ཕྲེང་། ༼༢༡༽ ཝཱ་ཎ་མཐོ་སློབ། ༡༩༩༠ ལོ། ཤོག་  ༢༧ ནས་ ༧༧ བར།

[57]  ཙརྱཱ་ཀླུ་སྒྲུབ་ལ་ཝ་པ། །མ་ཏི་སྐལ་བ་བཟང་མོ་སྟེ། །བཀའ་བབས་བཞི་ཡི་བླ་མ་ཡིན། ། Satapitaka Series Kunkhyen Padkar, Indo-Asian Literature Volume 75, Page No. -233

[58]  མངོན་པ་ཀུན་བཏུས། གླེང་བརྗོད། ཝཱར་ཎཱ་མཐོ་སློབ། ༢༠༡༢ ལོ། ཤོག་གྲངས་ ༡༨ ནས་ ༢༥ བར།

[59]  དེབ་ཐེར་སྔོན་པོ་གསར་མ། གངས་ལྗོངས་ནང་རིག་མཐུན་ཚོགས། ༡༩༩༩ ལོ། ཤོག་གྲངས་ ༤༠༡

[60]  རབ་གནས་ལྕགས་བྱི་ལོའི་ལོ་ཐོ་རྒྱས་པ། བོད་ཀྱི་སྨན་རྩིས་ཁང་། ༢༠༢༠ ལོ། ཤོག་གྲངས་ ༡༣

[61]  ལོ་ཚིགས་དྭངས་ཤེལ་མེ་ལོང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༢༢༤

[62]  ལོ་ཚིགས་དྭངས་ཤེལ་མེ་ལོང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༢༣༩

[63]  བསྟན་རྩིས་ཀུན་ལས་བཏུས་པ། མ   ཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡   ༩༨༢ ལོ། ཤོག་གྲངས་ ༤༣

[64]  བསྟན་རྩིས་ཀ་ཕྲེང་ལག་དེབ། མི་རིགས་དཔེ་སྐྲུན་ཁང་། ༢   ༠༠༠ ལོ། ཤོག་གྲངས་ ༣༡༢

[65]  འབྲི་གུང་ཆོས་འབྱུང་། མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༡༢༩

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༣༡ ནས་ ༡༥༦ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *