༨༽ ནཱ་ལེནྡྲ་ཕྱག་བཏབ་པའི་དུས་ཚིགས་ལ་དཔྱད་པ།
བོད་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་ཡོངས་སུ་རྫོགས་པའི་ཆོས་འབྱུང་ལོ་རྒྱུས་ཐམས་ཅད་ལས། མགོན་པོ་ཀླུ་སྒྲུབ་ཀྱི་སྔོན་ནས་དཔལ་ནཱ་ལེནྡྲའི་དགོན་པ་ཡོད་པར་མགྲིན་གཅིག་དབྱངས་གཅིག་གིས་གསུངས་ཡོད་པའི་རྒྱུ་མཚན་གྱིས་བླ་མ་སྤྱན་རས་གཟིགས་ཀྱིས་བོད་བརྒྱུད་ནང་བསྟན་ནི་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་ནས་བརྒྱུད་པའི་མདོ་སྔགས་ཟུང་འབྲེལ་གྱི་ཆོས་རྒྱུན་དྲི་མ་མེད་པ་དེ་ཡིན།
ཞེས་སྤོབས་པ་ཆེན་པོས་གསུང་བཞིན་ཡོད། འོན་ཀྱང་རྒྱ་ནག་གི་བཙུན་པ་སྔ་ཕྱི་གསུམ་གྱི་ལམ་ཡིག་ཕྱོགས་ཙམ་མཐོང་བའི་ནཱ་ལེནྡྲའི་ཞིབ་འཇུག་རྩོམ་པ་པོ་སོགས་གསར་བཤད་ལ་ཧ་ཅང་དགའ་བའི་དེང་དུས་ཀྱི་རྩོམ་པ་པོ་མང་པོ་ཞིག་གིས། ཐོགས་མེད་སྐུ་མཆེད་ཀྱི་རྗེས་སུ་ནཱ་ལེནྡྲའི་དགོན་པ་ཕྱག་བཏབ་པ་ཡིན་པའི་སྒྲུབ་བྱེད་ལྟར་སྣང་མང་པོ་ཞིག་འགོད་བཞིན་ཡོད། དེའི་ནང་ནས་སྒྲུབ་བྱེད་གཙོ་བོ་གཉིས་ནི། བཙུན་པ་སྔ་མ་ཆོས་སྣང་གི་འཕགས་ཡུལ་གྱི་ལམ་ཡིག་ལས། ནཱ་ལེནྡྲའི་མིང་སྨོས་ཀྱང་དགོན་པ་ཆེན་པོ་ཞིག་ཡོད་པའི་ལོ་རྒྱུས་ཟུར་ཙམ་མེད་པ་དང་། བཙུན་པ་བར་མ་ཐང་ཟན་བླ་མའི་ལམ་ཡིག་ལས། ནཱ་ལེནྡྲ་ཐོག་མར་ཕྱག་འདེབས་པའི་སྦྱིན་བདག་གུཔྟ་སྟེ་སྦས་པའི་རྒྱལ་རབས་ཀྱི་རྒྱལ་པོ་ཟླ་བ་སྦས་པ་ཡིན་པར་གསུངས་ལ། སྦས་པའི་རྒྱལ་རབས་ནི། ཕྱི་ལོ་དུས་རབས་བཞི་པའི་ནང་ནས་འགོ་བཙུགས་པ་ཡིན་པར་ལོ་རྒྱུས་ཡོངས་གྲགས་ཡིན་པའི་ཕྱིར་ཞེས་བཀོད་ཡོད་ལ། དེ་ལྟར་བཤད་པ་དེ་གོང་འོག་འབྲེལ་བའི་ལོ་རྒྱུས་ཀྱི་ཁུངས་རྣམ་དག་དང་། རྒྱ་ནག་གི་བཙུན་པ་སྔ་ཕྱིའི་རང་ལུགས་དེ་ལྟར་དུ་གནས་ཡོད་ན་བོད་བརྒྱུད་ནང་བསྟན་གྱི་ཆོས་འབྱུང་ལོ་རྒྱུས་དང་། མདོ་སྔགས་ཀྱི་ཆོས་འཆད་ཚུལ་གྱི་སྲོག་ཤིང་གི་རྩ་བ་ཕྱུང་ངེས་ཡིན་ན་ཡང་། བདེན་པ་ནི་བདེན་པ་རང་ཡིན་པས་བྱེད་ཐབས་བྲལ།
འོན་ཀྱང་བཙུན་པ་སྔ་ཕྱིའི་ལམ་ཡིག་ཀྱང་ཆ་ཚང་མ་མཐོང་། འཇར་པན་དང་རྒྱ་ནག་གི་ལོ་རྒྱུས་སྨྲ་བ་ཆེན་པོ་མང་པོ་ཞིག་གིས་བོད་བརྒྱུད་ནང་བསྟན་ལྟར་དུ་ནཱ་ལེནྡྲའི་ལོ་རྒྱུས་སྨྲ་བཞིན་ཡོད་པ་ཡང་མ་ཤེས་པར་འོལ་ཚོད་ཀྱིས་ཐོགས་མེད་སྐུ་མཆེད་ཀྱི་རྗེས་སུ་ནཱ་ལེནྡྲ་ཕྱག་བཏབ་པར་སྨྲ་བའི་སྙིང་ཁམས་ཅན་དག་གིས་ནི། ཅི་འདྲའི་དོན་མེད་དུ་བོད་བརྒྱུད་ནང་བསྟན་ལ་རྒོལ་བ་དང་། བླ་མ་སྤྱན་རས་གཟིགས་ཀྱི་གསུང་དྲི་མ་མེད་པ་དེ་སྣང་མེད་དང་རྩིས་མེད་བྱས་པ་ཞིག་རེད་ཨང་། ངས་འདིར་ཀླུ་སྒྲུབ་ཡབ་སྲས་ཀྱི་སྔོན་ནས་ནཱ་ལེནྡྲའི་དགོན་པ་ཡོད་པའི་སྒྲུབ་བྱེད་རྒྱ་ནག་གི་བཙུན་པ་སྔ་ཕྱིའི་ལམ་ཡིག་གི་ཁུངས་རྣམ་དག་དང་དྲི་མ་མེད་པའི་རིགས་པས་བསྒྲུབས་ན། གོང་གི་སྒྲུབ་བྱེད་ལྟར་སྣང་གཉིས་པོ་རང་བཞིན་གྱིས་ལྟར་སྣང་དུ་འགྱུར་འགྲོ་ངེས་པས། ཐོག་མར་སྒྲུབ་བྱེད་ཡང་དག་དྲུག་འདི་ལྟར་དགོད་པར་བྱ་སྟེ།
༡ བྱམས་ཆེན་དགོན་གྱི་སློབ་དཔོན་སྡེ་སྣོད་གསུམ་པ་ཐང་ཟན་གྱི་རྣམ་ཐར་(大慈恩寺三藏法师传)ལས་ཐང་ཟན་བླ་མ་རྒྱ་གར་ལ་ཕེབས་པའི་སྐབས་ནཱ་ལེནྡྲ་ཕྱག་བཏབ་ནས་ལོ་བདུན་བརྒྱ་ལྷག་སོང་ཟིན་པར་གསལ་བར་གསུངས་པ་དང་གཅིག
༢ ཐང་ཟན་ལམ་ཡིག་ལས་(大唐西域记)ནཱ་ལེནྡྲ་ཐོག་མར་ཕྱག་འདེབས་པའི་སྦྱིན་བདག་སྦས་པའི་རྒྱལ་པོ་ཡིན་པར་གསུངས་པ་བདེན་མོད། འོན་ཀྱང་སྦས་པའི་རྒྱལ་པོ་སྔ་ཕྱི་གཉིས་ཡོད་པའི་སྔ་མ་སྤྱི་ལོའི་སྔོན་གྱི་དུས་རབས་དང་པོ་ལ་བྱུང་བའི་སྦས་པའི་རྒྱལ་པོ་ཞིག་ཡིན་པར་ལམ་ཡིག་དེ་ཉིད་ཀྱི་བམ་པོ་བཞི་པ་དང་བསྡུར་ན་ཤེས་པར་ལམ་ཡིག་གི་འགྲེལ་པ་ལས་གསལ་པོར་གསུངས་པ་དང་གཉིས།
༣ ཐང་ཟན་གྱི་ལམ་ཡིག་ལས། ནཱ་ལེནྡྲའི་དགོན་པ་སངས་རྒྱས་མྱ་ངན་ལས་འདས་ནས་རིང་པོར་མ་ལོན་པ་ན་ཕྱག་བཏབ་པར་གསུངས་པ་དང་གསུམ།
༤ དེ་ལྟར་གསུངས་ན་ཕྱི་ལོའི་སྔོན་ལ་འབྱུང་དགོས་པར་ལམ་ཡིག་གི་འགྲེལ་པ་ (大唐西域记译注)ལས་གསུངས་པ་དང་བཞི།
༥ ཐང་ཟན་གྱི་ལམ་ཡིག་ལས། ས་དཔྱད་མཁས་པས་ནཱ་ལེནྡྲ་ལུང་བསྟན་ལས། ཕྱག་བཏབ་ནས་ལོ་གཅིག་སྟོང་སོང་བའི་རྗེས་སུ་ད་དུང་དར་ཞིང་རྒྱས་པར་གསུངས་པ་དེ། ལུང་བསྟན་ཙམ་མ་ཡིན་པར་བྱུང་རིམ་དངོས་དང་མཐུན་པར་ཕྱག་བཏབ་ནས་ལོ་བདུན་བརྒྱ་བརྒྱད་བརྒྱ་ལྷག་སོང་ཟིན་པ་དང་། ད་དུང་དར་ཞིང་རྒྱས་པ་ཡོང་ངེས་ཅན་ཡིན་པའི་ལོ་བརྒྱ་ཕྲག་ཁ་ཤས་ཡོད་པའི་དོན་དུ་འགྲེལ་དགོས་པ་དེང་དུས་ཀྱི་ཞིབ་འཇུག་པས་ལུང་བསྟན་གྱི་དོན་འགྲེལ་ཚེ། ལྷ་བླ་མས་མངོན་སུམ་དུ་རྟོགས་པ་ཞིག་ཡིན་པར་ཁས་མི་ལེན་ཡང་བྱུང་རིམ་དངོས་དང་མཐུན་པའི་ཁུངས་ཚད་ལྡན་ཡིན་པར་ཁས་ལེན་པ་དེ། ཞིབ་འཇུག་པ་སྤྱིའི་འགྲོ་སྟངས་ཡིན་པ་དང་ལྔ།
རང་རེའི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཀྱང་སྦས་པའི་རྒྱལ་རབས་སྐབས་སུ་ནཱ་ལེནྡྲ་ཕྱག་བཏབ་ཚུལ་གྱི་གསར་བཤད་སྣ་ཚོགས་མཐོང་ཡང་དེ་དག་གི་རྗེས་སུ་མ་འབྲངས་པར་རང་རེའི་ཆོས་འབྱུང་ལོ་རྒྱུས་གཞིར་བཞག་གིས་ནཱ་ལེནྡྲ་ཕྱག་འདེབས་ཚུལ་གསུངས་པ་དང་། བཙུན་པ་སྔ་མ་ཆོས་ཀྱི་སྣང་བ་ནཱ་ལེནྡྲར་ཡུན་རིང་བཞུགས་པར་གསུངས་པ་དང་དྲུག་གིས་ལེགས་པར་འགྲུབ།
༡ དང་པོ་གྲུབ་སྟེ། ཐང་ཟན་བླ་མའི་རྣམ་ཐར་ལས། ནཱ་ལེནྡྲ་འདི་བཞེངས་ནས་ལོ་བདུན་བརྒྱ་ལྷག་སོང་ཡང་ད་དུང་མི་གཅིག་གིས་ཀྱང་དགོན་པའི་སྒྲིག་ལམ་དང་འགལ་མ་མྱོང་། དེའི་ཕྱིར་ནཱ་ལེནྡྲ་བཞེངས་པ་ནས་བཟུང་སྙན་གྲགས་ཕྱོགས་ཀུན་ལ་ཁྱབ་པ་རེད། ཐ་ན་རྒྱལ་ཁབ་དེའི་རྒྱལ་པོས་ཀྱང་ཧ་ཅང་གིས་གུས་བཀུར་དང་རྩ་ཆེར་བཟུང་། ལོ་རེར་དགོན་པ་ལ་ཕུན་སུམ་ཚོགས་པའི་མཆོད་པ་འབུལ། 建寺以来七百多年间还没有一个人犯过戒。因此那烂陀寺自建寺以来就声名远播,连国王都非常敬重,每年封给寺院非常丰富的赏赐(见《大慈恩寺三藏法师传》,123页)。ཞེས་ནཱ་ལེནྡྲ་ཕྱག་བཏབ་ནས་ལོ་བདུན་བརྒྱ་ལྷག་སོང་ཟིན་པ་གསལ་ཞིང་། ཐང་ཟན་བླ་མའི་རྣམ་ཐར་འདི། རྒྱལ་སྤྱིའི་སྟེང་ན་ཐང་ཟན་ལམ་ཡིག་ལས་ཀྱང་གསལ་བ་དང་ཞིབ་པར་ཁས་ལེན་འཐོབ་བཞིན་ཡོད་པས། གཟུར་གནས་ཀྱི་མཁས་པ་ཞིག་ཡིན་ཕྱིན་ཆད་ལུང་འདི་ལ་བརྟེན་ནས་ཉེས་པ་ལ་ཉེས་པར་ངོས་འཛིན་བྱེད་རིགས་སོ།།
༢ གཉིས་པ་གྲུབ་སྟེ། ཐང་ཟན་གྱི་ལམ་ཡིག་གི་འགྲེལ་པ་མཁས་དབང་རུས་གྲོན་མིང་(芮传明)གིས་མཛད་པ་ལས། རྒྱུན་ལྡན་བསམ་ཚུལ་ལྟར་ན། བརྒྱ་བྱིན་ཉི་མ་ནི་གུཔྟའི་རྒྱལ་རབས་ཀྱི་རྒྱལ་པོ་བཞི་པ་ཀུ་མ་ར་གུཔྟ་སྐུ་ཕྲེང་དང་པོ་ཡིན་ཟེར། ཕྱི་ལོ་ ༤༡༥-༤༥༥ བར་ལ་གོ་ས་བཟུང་ཡོད་པ་དག་འགྲེལ་གྱི་ཤོག་གྲངས་ ༧༥༤-༧༥༥ ལས་མཐོང་ཐུབ། འོན་ཀྱང་དེབ་འདིའི་བམ་པོ་བཞི་པའི་མ་ཡིག་དང་པོ་དང་གཉིས་པ། འགྲེལ་པ་ ༣ དང་ ༥ ལས་བསྟན་ཟིན་པ་ནང་བཞིན། བརྒྱ་བྱིན་ཉི་མ་ནི་དོན་དངོས་ཐོག་ནས་བཤད་ན་གུཔྟ་སྔ་མའི་རྒྱལ་པོ་ཡིན་དགོས། 通常认为,铄迦罗阿迭多乃是笈多王朝的第四代国王拘摩罗笈多一世,公元 415-455 年在位 (见《校注》,754-755 页)。但是,正如本书卷四,§1.2,注②注④业已指出的那样,铄迦罗阿迭多实际上应是前笈多王(见《大唐西域记译注》,397 页)。ཞེས་གསུངས་ལ། ཐང་ཟན་གྱི་ལམ་ཡིག་བམ་པོ་བཞི་པའི་ཐད་ཀྱི་འགྲེལ་པ་ལས་ཀྱང་། འདི་ནས་བཤད་པའི་རྒྱལ་པོ་སྟོབས་ཀྱི་ཉི་མ་ཡང་གུཔྟའི་རྒྱལ་པོ་ནཱ་ལོ་ཧྲིན་ཧི་མ་ཡིན་པར། ཕྱི་ལོའི་སྔོན་གྱི་དུས་རབས་དང་པོའི་རྒྱལ་པོ་བརྒྱ་བྱིན་ཉི་མའི་ཡང་ཚ་རྒྱལ་པོ་སྟོབས་ཀྱི་ཉི་མ་ཡིན་དགོས། ཡུས་ཐའེ་ཧྲན་གྱིས་ཞིབ་འཇུག་གི་གྲུབ་དོན་ལས་བཤད་པ་ལྟར། ཧུས་ལིས་ཀྱི་བྱམས་ཆེན་དགོན་པའི་སྡེ་སྣོད་གསུམ་པའི་སློབ་དཔོན་གྱི་ཐང་ཟན་གྱི་རྣམ་ཐར་གྱི་ནང་ལ་ཟིན་ཐོ་གསལ་པོར་བཀོད་ཡོད་པ། ནཱ་ལེནྡྲའི་དགོན་པ་ནི་བརྒྱ་བྱིན་ཉི་མའི་སྐབས་སུ་ཕྱག་འདེབས་འགོ་བརྩམས་པ་དང་། ཕྱག་བཏབ་ནས་ལོ་ངོ་བདུན་བརྒྱ་ལྷག་འགོར་ཡོད།
དེས་ན་རྒྱལ་པོ་འདིའི་དུས་སྐབས་ནི་ཕྱི་ལོའི་སྔོན་གྱི་དུས་རབས་དང་པོ་ཡིན་པ་ཤེས་ཐུབ། དེས་ན་རྒྱལ་པོ་སྟོབས་ཀྱི་ཉི་མ་ནི། བརྒྱ་བྱིན་ཉི་མའི་ཡང་ཚ་ཡིན་པ་དང་། གོ་ས་བཟུང་བའི་ལོ་རབས་ནི་གུཔྟའི་རྒྱལ་རབས་བཙུགས་པའི་སྔོན་ཡིན་པ་ཤེས་ཐུབ། ཁོང་ནི་གུཔྟ་སྔོན་མའི་རྒྱལ་པོ་དང་ཐང་ཟན་གྱིས་བྲིས་པའི་མོ་ཆི་ལོ་དང་དུས་རབས་གཅིག་ཡིན་པ་ཡན་ཏཱ་ཡི་ཤོག་གྲངས་ 98 ལས་མཐོང་ཐུབ། 这里的“幼日王”也就不可能是那罗僧诃笈多;而应是公元前1世纪铄迦阿迭多之曾孙幼日王。余太山考证道:“慧立《大慈恩寺三藏法师传》明载,那烂陀僧伽蓝之建始于铄迦罗阿迭多,建立以来七百余载’。可知该王的年代当为公元前1世纪。“幼日王’既为铄迦罗阿选多之曾孙,其在位年代无疑远在笈多王朝建立之前。他应为一前笈多王,和玄奘所载摩醯逻 矩罗为同时代人。” (见《呖哒》,98页) (见《大唐西域记译注》,169页)。ཅེས་གསལ་པོར་བཤད་པ་བཞིན་ཐང་ཟན་བླ་མས་གསུངས་པའི་ནཱ་ལེནྡྲའི་དགོན་པ་འདེབས་མཁན་གྱི་རྒྱལ་པོ་དེ། ཕྱི་ལོའི་སྔོན་ལ་བྱུང་བར་ཐང་ཟན་བླ་མས་བཞེད་པ་ཡིན་ཏེ། དེ་ལྟར་མིན་ན་འཛམ་བུའི་གླིང་གི་བདེན་པ་ལ་ཚད་མེད་པར་བཤད་བཞིན་པའི་ཐང་ཟན་བླ་མ་ལ་སྔ་ཕྱི་དེ་མ་ཐག་ནང་འགལ་འབྱུང་སྟེ། ཐང་ཟན་རྣམ་ཐར་ལས། ནཱ་ལེནྡྲ་འདེབས་པ་པོ་རྒྱལ་པོ་བརྒྱ་བྱིན་ཉི་མ་ཡིན་པ་དང་། འོག་དེ་མ་ཐག་ནཱ་ལེནྡྲ་བཏབ་ནས་ལོ་བདུན་བརྒྱ་ལྷག་སོང་ཟིན་པར་གསུངས་པས་སོ།།
༣ གསུམ་པ་གྲུབ་སྟེ། ཐང་ཟན་གྱི་ལམ་ཡིག་ལས། སྟོན་པ་མྱ་ངན་ལས་འདས་ནས་ལོ་མང་པོ་མ་ལོན་པར་རྒྱལ་ཁབ་དེའི་རྒྱལ་པོ་བརྒྱ་བྱིན་ཉི་མ་ནི་ནང་ཆོས་ལ་གུས་བཀུར་ཆེ་ཞིང་རྩ་ཆེན་འཛིན་པར་མ་ཟད། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཁོང་གིས་གཟབ་ནན་གྱི་སྒོ་ནས་དགེ་བཅུ་ཚང་བའི་ས་ཆ་བཟུང་ནས་གནས་འདི་ལ་དགོན་པ་བཞེངས། 佛陀涅槃之后不久,该国国王 迦罗阿迭多 (唐语谓“帝日”),敬重佛法,崇拜三宝,郑重地卜占福德之地,建造了这座佛寺。 (见《大唐西域记》,399页)。ཞེས་གསུངས་པས། ནཱ་ལེནྡྲ་ཕྱི་ལོའི་སྔོན་ལ་ཕྱག་འདེབས་དགོས་ཏེ། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱད་བརྒྱ་ལྷག་གི་རྗེས་སུ་ཕྱག་བཏབ་པ་དང་། ཕྱག་བཏབ་ནས་ལོ་བརྒྱ་ལྷག་ལས་མ་འགོར་བའི་དགོན་པ་ཞིག་ལ་ཐང་ཟན་བླ་མ་མཁས་པ་ཆེན་མོ་དེ་འདྲ་ཞིག་གིས་སྟོན་པ་མྱ་ངན་ལས་འདས་ནས་རིང་པོར་མ་ལོན་པར་ཕྱག་བཏབ་པར་གསུངས་མི་སྲིད་པས་སོ།།
༤ བཞི་པ་གྲུབ་སྟེ། ཐང་ཟན་ལམ་ཡིག་གི་འགྲེལ་པ་ལས། བརྒྱ་བྱིན་ཉི་མ་ནི་དོན་དངོས་ཐོག་ནས་བཤད་ན་གུཔྟ་སྔ་མའི་རྒྱལ་པོ་ཡིན་དགོས། དེ་བས་རྩོམ་ཡིག་འདིའི་ནང་ནས་སངས་རྒྱས་སྐུ་མྱ་ངན་ལས་འདས་ནས་མི་རིང་བར་ནཱ་ལེནྡྲ་ཕྱག་བཏབ་པར་གསུངས་པ་ནི་གནད་ལ་ཁེལ་བའི་བཤད་པ་ཡང་དག་ཡིན་ནོ།། 铄迦罗阿迭多实际上应是前笈多王。所以,本文声称在佛陀涅槃后不久建造那烂寺,是正确的(见《大唐西域记译注》,397页)。ཞེས་རྒྱ་ནག་གི་མཁས་པ་ཆེན་པོ་རུས་གྲོན་མིང་གིས་གསུངས་ནས་ཕྱི་ལོའི་སྔོན་ལ་ཕྱག་བཏབ་པ་རང་ལུགས་འཐད་ལྡན་བྱས་ཡོད་ལ། རུས་གྲོན་མིང་ནི། རྒྱ་ནག་གི་གནའ་བོའི་གཞུང་བརྒྱ་ཕྲག་ལྷག་ལ་འགྲེལ་པ་རྩོམ་མཁན་གྱི་མཁས་པ་ཆེན་པོ་དང་། དེ་བཞིན་དུ་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉིས་བརྒྱ་སུམ་བརྒྱའི་ནང་དུ་ཕྱག་བཏབ་པར་བཤད་མཁན་གྱི་འཇར་པན་དང་རྒྱ་ནག་གི་ལོ་རྒྱུས་སྨྲ་བ་ཧ་ཅང་མང་བས་སོ།།
༥ ལྔ་པ་གྲུབ་སྟེ། ཐང་ཟན་གྱི་ལམ་ཡིག་ལས། སྐབས་དེར་གཅེར་བུ་བའི་རྩིས་པ་མཁས་པ་ཞིག་གིས་དོན་དག་དེ་གོ་ནས་འདི་འདྲའི་ལུང་བསྟན་གནང་བ་རེད། ས་འདི་ནི་གནས་མཆོག་ཏུ་གྱུར་པ་ཡིན་པས་དགོན་པ་འདི་ལ་བཞེངས་ན་དར་རྒྱས་གོང་འཕེལ་ཡོང་བ་ཐག་ཆོད་པར་མ་ཟད། རྒྱ་གར་ཕྱོགས་ལྔའི་མིག་དཔེ་བལྟ་ས་ཞིག་ལ་འགྱུར་ངེས། ལོ་ངོ་སྟོང་གཅིག་འགོར་རྗེས་སུ་ད་དུང་དེ་ལས་ལྷག་པའི་དར་རྒྱས་ཡོང་ངེས་རེད། 当时一位精于占卜的尼乾外道,得知此事后预言道:“这里是块宝地,建造佛寺之后,必定兴旺发达,成为五印度的榜样,经过千年之后,还将更为兴隆,后进研学之人,易于成就功业(见《大唐西域记》,399页)。ཅེས་གསུངས་པའི་དོན་ལ་ཐང་ཟན་ལམ་ཡིག་སྒྱུར་བ་པོ། གུང་མགོན་པོ་སྐྱབས་ཀྱིས་ནཱ་ལེནྡྲ་བཏབ་ནས་ལོ་གཅིག་སྟོང་སོང་ཟིན་པའི་དོན་དུ་བསྒྱུར་བ་ནི་ལམ་ཡིག་དེའི་མ་ཡིག་གི་གོང་འོག་ལ་དགོངས་པ་གཏིང་ཟབ་མོ་ལོན་པའི་རྟགས་ཡིན་པ་ལས་བསྒྱུར་ནོར་མིན་པར་སེམས་སོ།།
དྲུག་པའི་དང་པོ་གྲུབ་སྟེ། གཏམ་རྒྱུད་གསེར་གྱི་ཐང་མ་ལས[1]། སྟོན་པ་འདས་ནས་རྒྱལ་པོ་ཤཀྲཱ་དེཏྱ་བརྒྱ་བྱིན་ཉི་མ་བྱ་བས་གཙུག་ལག་ཁང་བཏབ། ཅེས་པ་ནས། ཕྱིས་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཤཀྲཱ་དེཏྱ་སྟེ་གཞོན་ནུ་སྦས་པ་དང་པོ་དང་གཅིག་པར་བྱེད། དེ་ལྟར་ན་གཙུག་ལག་ཁང་ཆེར་རྒྱ་བསྐྱེད་པའི་འགོ་བཙུགས་པ་ཡིན་གྱི་དགོན་གནས་སྔར་ནས་ཡོད་པར་སེམས། ཞེས་ཕྱིས་ཀྱི་རྒྱལ་པོ་དེ་དག་གི་སྐབས་སུ། ནཱ་ལེནྡྲ་ཐོག་མར་ཕྱག་བཏབ་པ་མ་ཡིན་པར་དར་རྒྱས་ཕུན་སུམ་ཚོགས་པར་བྱེད་པའི་རྒྱལ་པོ་རྣམས་ཀྱི་མིང་ཐང་ཟན་བླ་མས་གསལ་བར་བཀོད་པའི་དོན་དུ་འགྲེལ་བ་ནི། དགེ་ཆོས་རང་ཉིད་ཀྱིས་བཤད་ཚུལ་སྔ་མ་དེ་དག་ལ་ཤི་འཐམ་རོ་འཐམ་བྱས་པ་མ་ཡིན་པར་རྒྱུ་མཚན་གཙོ་བོ། ཀླུ་སྒྲུབ་ཡབ་སྲས་ཀྱི་སྔོན་ནས་ནཱ་ལེནྡྲ་ཡོད་པའི་ལོ་རྒྱུས་ཀྱི་ཁུངས་རྣམ་དག་མང་པོ་བཙུན་པ་སྔ་ཕྱིའི་ལམ་ཡིག་ན་ཡོད་པའི་རྒྱུ་མཚན་གྱིས་ཡིན་པས་སོ།།
དྲུག་པའི་གཉིས་པ་གྲུབ་སྟེ། གཏམ་རྒྱུད་གསེར་ཐང་ལས[2]། ཙནྡྲ་གུཔྟ་གཉིས་པ་འདིའི་སྐབས་སུ་རྒྱ་ནག་གི་བཙུན་པ་ཧྥ་ཤཱན་རྒྱ་གར་དུ་བྱོན། ནཱ་ལེནྡྲར་ཡུན་རིང་པོར་བཞུགས། དེའི་ལམ་ཡིག་ཏུ་དེ་དུས་ཀྱི་ཚུལ་ལུགས་ཤིན་ཏུ་ཞིབ་པར་བཤད། ཅེས་གསུངས་ཡོད་པས། མཁས་དབང་དགེ་འདུན་ཆོས་འཕེལ་ནི་རྒྱ་ནག་གི་ཡི་གེ་ལ་མཁས་པ་མིན་ཡང་དབྱིན་ཡིག་ལ་མཁས་པ་ཆེན་པོ་ཡིན་པ་དང་། བཙུན་པ་སྔ་ཕྱིའི་ལམ་ཡིག་དེ་དུས་དབྱིན་ཡིག་ཏུ་བསྒྱུར་ཟིན་པས་ཁོང་བཙུན་པ་སྔ་ཕྱིའི་ལམ་ཡིག་ལ་ཆ་རྒྱུས་ཧ་ཅང་ཆེ་ཡང་ད་དུང་འདི་ལྟར་གསུངས་དོན། འོལ་ཚོད་ཀྱི་བཤད་པ་དེ་འདྲ་བཤད་པའི་སྲོལ་ཁོང་ལ་མེད་པས་ཁུངས་རྣམ་དག་ཡོད་པར་གདོན་མི་ཟའོ།།
འདིའི་སྐོར་གྱི་རྒྱལ་ཕྱི་ནང་གི་ཞིབ་འཇུག་པས་རིན་ཐང་ལྡན་པའི་ཞིབ་འཇུག་གི་བཤད་པ་ཤིན་ཏུ་མང་། འོན་ཀྱང་རྒྱུ་ཆ་མང་པོ་ཞིག་ལག་སོན་མ་བྱུང་བ་དང་། བྱུང་ཡང་རྣམ་གཡེང་གི་དབང་གིས་ལྟ་ཀློག་མཐར་ཕྱིན་པར་བྱེད་མ་ཐུབ་པས་ད་རེས་དེ་ཙམ་གྱི་ཆོག་པར་བྱ། རྗེས་སུ་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་ཆ་ཚང་འབུལ་ཐུབ་པའི་རེ་བ་བྱེད་བཞིན་ཡོད།[3] ཅེས་གསལ་བ་ལྟར་རོ།། །།
ལུང་ཁུངས་དཔྱད་གཞིའི་ཡིག་ཆ།
[1] གཏམ་རྒྱུད་གསེར་ཐང་། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༣༣༠
[2] གཏམ་རྒྱུད་གསེར་ཐང་། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༣༠༢
[3] ཅེས་ཕྱི་ལོ་ ༢༠༢༠ བོད་ཟླ་ ༣ ཚེས་ ༨ ཉིན་ལི་ཐང་རབ་གསལ་དུ་འབོད་པས་བྲིས་པའོ། །https://mp.weixin.qq.com/s/RK3lgGk5MbfMCTe3vqNF1w
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༡༤་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༢༤༥ ནས་ ༢༥༣ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།