༢༽ དབུ་མ་རིན་ཆེན་སྒྲོན་མ་ལེགས་ལྡན་གྱི་གསུང་མིན་པར་འདོད་པའི་ལུགས།

༢༽ ལེགས་ལྡན་གྱི་གསུང་མིན་པར་འདོད་པའི་ལུགས།

 

དེ་ཡང་དབུ་མ་རིན་ཆེན་སྒྲོན་མ་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་གསུང་ཡིན་མིན་གྱི་དོགས་པ་སྐྱེ་གཞིའི་གནད་གཅིག་ནི། སློབ་དཔོན་མཁས་པ་ཆེན་པོ་བྷ་བྱས་མཛད་པའི་དབུ་མ་རིན་པོ་ཆེའི་སྒྲོན་མ་ལས[1]། འདིའི་དོན་རྒྱས་པར་སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་མཛད་པའི་དབུ་མ་ཕུང་པོ་ལྔ་པ་དང་། བདག་གིས་བཀོད་པ་རྟོག་གེ་འབར་བ་ལ་སོགས་པར་བལྟ་བར་བྱའོ། །

ཞེས་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ཕུང་པོ་ལྔ་པར་ཞལ་འཕངས་མཛད་པ་དེ་ཡིན། དེ་ཡང་ཇི་ལྟར་ཡིན་ཞེ་ན། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེས་ (1648-1722) མཛད་པའི་གྲུབ་མཐའི་རྩ་བ་ལས[2]།

མཐའ་བྲལ་དབུས་སྨྲ་ངོ་བོ་ཉིད་མེད་པས། །དབུ་མ་པ་དང་ངོ་བོ་ཉིད་མེད་པ། །

དབྱེ་བ་ཐལ་རང་གཉིས་དང་གཞན་མིང་ཙམ། །ཐ་སྙད་དུ་ཡང་ཡོད་མིན་མེད་མཐའ་དང་། །

བདེན་དངོས་རྟག་མཐའ་བཀག་ནས་རྟེན་འབྱུང་ཆོས། །དབུ་མར་འདོད་མཚུངས་གཉིས་ཀ་དབུ་མ་པ། །

ཕྲ་མོའི་མཐའ་ཀུན་བྲལ་དེ་ཐལ་འགྱུར་ལུགས། །བྱུང་རིམ་ཐུབ་རྗེས་བཞི་བརྒྱའི་དུས་ན་ཀླུས། །

ཐེག་ཆེན་སྤྱན་དྲངས་དབུ་མར་བཀྲལ་སྲོལ་ཕྱེ། །དགུ་བརྒྱར་སེམས་ཙམ་སྲོལ་ཕྱེ་ཐོགས་མེད་ཀྱིས། །

རྩ་བ་སངས་རྒྱས་བསྐྱངས་ཀྱིས་ཐལ་འགྱུར་བཀྲལ། །བྷ་བྱས་སྐྱོན་བཟུང་དབུ་མ་རང་རྒྱུད་ཕྱེ། །

ཟླ་བས་ལེགས་བཀག་ཐུན་མོང་མིན་པར་བསྒྲུབས། །དེ་རྗེས་ཞི་འཚོས་རང་རྒྱུད་གཉིས་པ་བྱས། །

ཞེས་གསུངས་པ་ལྟར་ནང་དོན་རིག་པའི་གཞུང་ལུགས་ཁག་གི་བཞེད་སྲོལ་ལྟར་ན་སློབ་དཔོན་ལེགས་ལྡན་འབྱེད་དང་། དཔལ་ལྡན་ཟླ་བ་གྲགས་པ་རྣམ་གཉིས་བྱོན་སྔ་ཕྱིའི་ཆ་ནས་འགྲིག་མིན་དང་གཅིག །གཉིས་ནས་ཡོངས་གྲགས་རྒྱལ་རབས་ཆོས་འབྱུང་ཁག་ཏུ་གསལ་བ་ལྟར་ན། དཔལ་ལྡན་ཟླ་བ་གྲགས་པ་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་རྗེས་སུ་བྱོན་པར་མ་ཟད། སློབ་དཔོན་ལེགས་ལྡན་འབྱེད་ཞི་བར་གཤེགས་རྗེས་དཔལ་ལྡན་ཟླ་གྲགས་བྱོན་པར་གསུངས་པས་བྱོན་རིམ་གྱི་དབང་དུ་བྱས་ཚེ་སྔ་ཕྱི་གོ་ལྡོག་ཏུ་གྱུར་ཡོད་པས་ལེགས་ལྡན་གྱི་གསུང་མིན་པར་གསུངས།

རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོ་ལས་[3]ཀྱང་། ལེགས་ལྡན་ལ་ཡང་སངས་རྒྱས་བསྐྱངས་དང་རང་ཉིད་རང་རྒྱུད་ཁས་ལེན་མི་ལེན་མི་མཐུན་སྙམ་པ་མི་འདུག་གི །རང་རྒྱུད་ཁས་ལེན་པ་འོས་མེད་དུ་བྱས་པའི་ལུགས་སུ་སྣང་ངོ་། །དེའི་གནས་ཀྱིས་ཀྱང་རང་ཉིད་དང་སངས་རྒྱས་བསྐྱངས་གཉིས་ལ་ཆོས་དང་གང་ཟག་ལ་རང་བཞིན་འགོག་པའི་དགག་བྱ་ལ་ཡང་ཁྱད་པར་ཡོད་པར་མི་བཞེད་དོ། །ལེགས་ལྡན་གྱི་རྗེས་འབྲང་སྤྱན་རས་གཟིགས་བརྟུལ་ཞུགས་ལ་འགྲེལ་པ་ཚིག་གསལ་གྱི་རྒྱུས་འདུག་པས། ཤེས་རབ་སྒྲོན་མར་སངས་རྒྱས་བསྐྱངས་བཀག་པའི་འགྲེལ་བཤད་ཀྱི་སྐབས་སུ་ཟླ་བས་ལེགས་ལྡན་ལ་སྐྱོན་བརྗོད་པ་རྣམས་འཇུག་མི་འཇུག་གི་བཤད་པ་འོང་རྒྱུར་སྣང་ཞིང༌། ཞི་བ་འཚོ་དཔོན་སློབ་ལ་སོགས་པས་ཀྱང་ཟླ་བས་རང་རྒྱུད་བཀག་པའི་སྐྱོན་སྤོང་མཛད་རྒྱུར་སྣང་ཡང་མ་མཛད་དོ། །ཞེས་གསུངས་པ་ལྟར་རྗེ་ཡབ་སྲས་ཀྱི་གཞུང་ལུགས་རྣམས་སུ་སློབ་དཔོན་ལེགས་ལྡན་འབྱེད་དང་། དཔལ་ལྡན་ཟླ་བ་གྲགས་པ། མཁན་ཆེན་ཞི་བ་འཚོ་གསུམ་རིམ་གྱིས་ཕེབས་པར་ཆེས་གསལ་བར་གསུངས་པས་སོ།།

གལ་ཏེ་སློབ་དཔོན་ལེགས་ལྡན་འབྱེད་སྐུ་འཚོ་ཞིང་གཞེས་སྐབས་དཔལ་ལྡན་ཟླ་བ་གྲགས་པ་ཕེབས་སྲིད་པའི་དབང་དུ་བཏང་ནའང་། སློབ་དཔོན་ལེགས་ལྡན་འབྱེད་རང་ཉིད་ཀྱི་ལྟ་གྲུབ་ལ་དཔལ་ལྡན་ཟླ་བ་གྲགས་པས་དགག་པ་ནན་ཆེར་མཛད་དེ་བཀག་པར་མ་ཟད། ལེགས་པར་བཀག་པ་དང་། ལྷག་པར་དཔལ་ལྡན་ཟླ་གྲགས་ཀྱིས་མཛད་པའི་ཚིག་གསལ་ལས[4]། གཞན་ཡང་རྟོག་གེ་པ་འདིས་བདག་ཉིད་རྟོག་གེའི་བསྟན་བཅོས་ལ་ཤིན་ཏུ་མཁས་པ་ཙམ་ཞིག་བསྟན་པར་འདོད་པས། དབུ་མའི་ལྟ་བ་ཁས་ལེན་བཞིན་དུ་ཡང་རང་རྒྱུད་ཀྱི་སྦྱོར་བའི་ངག་བརྗོད་པ་གང་ཡིན་དེ་ནི་ཆེས་ཤིན་ཏུ་ཉེས་པ་དུ་མའི་གནས་སུ་རྟོགས་ཏེ། ཞེས་སོགས་རྩོད་ཚིག་རྩུབ་མོས་གཞན་ལུགས་སུན་དབྱུང་བར་མཛད་མཁན་དཔལ་ལྡན་ཟླ་གྲགས་ཀྱི་གཞུང་ལ་ཞལ་འཕངས་མཛད་པ་ལྟ་བུ་ཡོང་དཀའ་བས། དབུ་མ་རིན་པོ་ཆེའི་སྒྲོན་མ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པ་མིན་པར་འདོད། དེས་ན་དབུ་མ་རིན་ཆེན་སྒྲོན་མ་མཛད་པ་པོའི་ལེགས་ལྡན་ནི་ཟླ་གྲགས་ཀྱི་རྗེས་སུ་བྱུང་བའི་ལེགས་ལྡན་ཆུང་བ་ཞེས་བོད་ཀྱི་མཁས་པ་ལ་ལས་བཞེད་པ་དེ་ཉིད་ཡིན་པར་འདོད་ཅིང་། འདིའི་ཐད་དོགས་དཔྱོད་རྒྱས་པར་བཀོད་པ་ཞིག་སྔར་མ་མཐོང་བས་དཔྱད་པར་འཚལ་ལོ།།

སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས[5]། བདག་གིས་བཀོད་པའི་རྟོག་གེ་འབར་བར་ལྟ་བར་བྱའོ། །ཞེས་པ་ལྟར་ན། རྟོག་གེ་འབར་བ་མཛད་པ་པོ་ལེགས་ལྡན་ཆུང་བ་ཡིན་དགོས་པ་དང་། ཡང་ན་བདག་གིས་བཀོད་པ་ཞེས་པ་ཡི་གེ་མ་དག་རྒྱུན་འབྱམས་སུ་སོང་བ་གང་རུང་ལས་མ་འདས་ཤིང་། ལྷག་པར་དབུ་མ་རིན་ཆེན་སྒྲོན་མ་མཛད་པ་པོ་ཆོས་གྲགས་ཀྱི་རྗེས་སུ་བྱོན་དགོས་པ་ཞིག་ཡིན་པ་གཞུང་རང་དུ་ཆོས་གྲགས་ཀྱི་ལུང་དྲངས་པ་ལས་རྟོགས་ཐུབ་ལ། དབུ་མ་རིན་ཆེན་སྒྲོལ་མ་ལེགས་ལྡན་གྱི་གསུང་མ་ཡིན་པ་ཐག་བཅད་ནས་བརྗོད་ཐུབ་པ་ཞིག་ཡིན། ཡང་ཡིག་འབྲི་བས་ནོར་བའམ་ཡང་ན་ལེགས་ལྡན་ཆུང་བས་ཀྱང་རྟོག་གེ་འབར་བ་ཞེས་པའི་མཚན་མཐུན་པའི་བསྟན་བཅོས་ཤིག་ལྗགས་རྩོམ་གནང་སྲིད་པ་དང་། བདག་གིས་བཀོད་པའི་རྟོག་གེ་འབར་བ་ལ་སོགས་པར་ལྟ་བར་བྱའོ་ཞེས་པའི་ཚིག་ཡོད་མེད་ཇི་ལྟར་ཡང་། དབུ་མ་རིན་ཆེན་སྒྲོན་མའི་གཞུང་དེ་ཉིད་རང་བརྒྱུད་པའི་ཤིང་རྟའི་སྲོལ་འབྱེད་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་བརྩམས་པ་ཞིག་མིན་པ་དང་། ད་ལྟ་མཇལ་རྒྱུ་ཡོད་པའི་རྟོག་གེ་འབར་བ་མཛད་པ་པོས་མཛད་པ་ཞིག་མིན་པ་བརྒྱ་ཆ་བརྒྱ་ཐག་བཅད་ནས་བརྗོད་ཐུབ། དབུ་མ་རིན་ཆེན་སྒྲོན་མའི་མཛད་བྱང་དུ་ལེགས་ལྡན་གྱིས་མཛད་པར་གསལ་ཡང་ལེགས་ལྡན་གྱི་མཚན་ཅན་དུ་མ་ཡོད་ཆོག་པར་གསུངས་སོ།།

དོགས་གནད་ཆེ་བ་གཅིག་ནི། དབུ་མ་རིན་པོ་ཆེའི་སྒྲོན་མ་ལས[6]། ༡༽  སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས། ཐོག་མཐའ་མེད་པའི་སྲིད་པ་རུ། །མ་རིག་གཉིད་ཀྱིས་ལོག་པ་ཡི། །འགྲོ་ལ་གང་གང་སྣང་དེ་ཉིད། །བརྫུན་དེ་རྨི་ལམ་ལྟ་བུར་འདོད། །ཅེས་གསུངས་སོ། །ཞེས་དང་། ༢༽ ཡང་དེ་ཉིད་ལས[7]། སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས། ཐབས་སུ་གྱུར་པ་ཀུན་རྫོབ་བདེན་པ་དང༌། །ཐབས་ལས་བྱུང་བ་དོན་དམ་བདེན་པ་གཉིས། །གཉིས་པོའི་དབྱེ་བ་གང་གིས་མ་རྟོགས་ན། །དེ་ནི་ལོག་པར་རྟོགས་ནས་ངན་འགྲོར་འགྲོ། །ཞེས་གསུངས་སོ། །ཞེས་དང་། ༣༽ ཡང་དེ་ཉིད་ལས[8]། སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་ཀྱང༌། ཟད་དང་ཆགས་བྲལ་མྱ་ངན་འདས། །འགོག་དང་སྟོང་པ་ཉིད་ཞི་བ། །དེ་བཞིན་ཉིད་ཀྱི་ཆོས་རྣམས་ཀྱི། །རང་གི་ངོ་བོ་ཡིན་ཞེས་བཤད། །ཅེས་པའི་ཚིགས་སུ་བཅད་པ་འདི་ཉིད་ལུང་འདྲེན་ཐེངས་གསུམ་[9]མཛད་ཡོད་པ་དང་།

༤༽ ཡང་དེ་ཉིད་ལས[10]། སློབ་དཔོན་རྗེ་བཙུན་ཟླ་བ་གྲགས་པའི་ཞལ་སྔ་ནས་ཀྱང༌། སོ་སོ་སྐྱེ་བོའི་དུས་ན་སྟོང་ཉིད་ཐོས། །ནང་གི་དགའ་བ་ཡང་དང་ཡང་ནི་འབྱུང༌། །དགའ་བ་ལས་བྱུང་མིག་ནི་མཆི་མས་གང༌། །ལུས་ཀྱི་བ་སྤུ་ལྡང་བའང་སྐྱེ་བར་འགྱུར། །ཞེས་སོགས་དང་། ༥༽ ཡང་དེ་ཉིད་ལས[11]། སློབ་དཔོན་ཟླ་བ་གྲགས་པའི་ཞལ་ནས། དངོས་པོ་ནི་གཉིས་ཏེ། གཟུགས་ཅན་དང༌། གཟུགས་ཅན་མ་ཡིན་ནོ། །གཟུགས་ཅན་ནི་གཉིས་ཏེ། འབྱུང་བ་དང༌། འབྱུང་བ་ལས་གྱུར་པའོ། །ཞེས་སོགས་དང་། ༦༽ ཡང་དེ་ཉིད་ལས[12]། སློབ་དཔོན་རྗེ་བཙུན་ཟླ་བ་གྲགས་པ་ནི་འདི་སྐད་དུ་གསུངས་པ་ཡིན་ཏེ། འདི་ལྟར་ཀུན་རྫོབ་ཀྱི་བདེན་པ་ཉན་ཐོས་ཀྱི་ཚུལ་དུ་སྨྲས་པ་ནི་ཕྱི་རོལ་གྱི་དབུ་མ་རགས་པ་ཡིན་ལ། དེ་ཉིད་རང་གི་སེམས་ཙམ་དུ་གནས་པ་ནང་གི་དབུ་མ་ཞེས་བྱ་བ་ཕྲ་བ་ཡིན་ནོ་ཞེས་གསུངས་པའི་དོན་རྒྱས་པར་ནི་ཇི་སྐད་དུ། སློབ་དཔོན་གྱི་ཞལ་སྔ་ནས། འདིར་ནི་གང་ཡང་སྐྱེ་བ་མེད། །གང་ཡང་འགག་པ་ཡོད་མ་ཡིན། །སེམས་ཀྱི་རང་བཞིན་རྣམ་གནས་པ། །ཆོས་རྣམས་ཉིད་ནི་ཤེས་པར་བྱ། །མིག་ལ་སོགས་དང་ཡུལ་རྣམས་ཉིད། །ཡེ་ཤེས་ལྔ་པོ་ཉིད་དག་སྟེ། །ཕྱི་དང་ནང་དུ་རྣམ་ཕྱེ་བ། །ཐམས་ཅད་སེམས་ལས་གཞན་མ་ཡིན། །ཞེས་བྱ་བ་ལ་སོགས་པ་མང་དུ་གསུངས་སོ།།

༧༽ ཡང་དེ་ཉིད་ལས[13]། སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་ཀྱང༌། ཇི་སྐད་དུ། དེ་བས་ན་ཕྱི་རོལ་གྱི་དངོས་པོ་ལྟ་བུ་དམིགས་སུ་མེད་ཅིང་ཡོད་པ་མ་ཡིན་ཏེ། སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ་ཞེས་པ་དང༌། ཡང་ཆོས་ཐམས་ཅད་སེམས་ལས་ཕྱི་རོལ་ན་མི་གནས་ཏེ། མིག་ཡོར་ཙམ་དུ་སྣང་བ་གང་ཡིན་པ་དེ་ཐམས་ཅད་ནི་རང་གི་སེམས་ཏེ། རང་གི་སེམས་ཉིད་ལས་གཞན་ནི་ཅི་ཡང་མེད་དོ་ཞེས་པ་དང༌། ཡང་གསུངས་པ། སེམས་ལས་དངོས་པོ་ཐ་དད་པ་ཡོད་དོ་ཞེ་ན། ཆོས་མེད་ཅེས་བྱའོ་ཞེས་རྒྱས་པར་གསུངས་སོ། །ཞེས་དང་། ༨༽ ཡང་དེ་ཉིད་ལས[14]། སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་ཀྱང༌། མ་རིག་གཉིད་ལས་སངས་ཕྱིར་དང༌། །བློ་རྒྱས་ཕྱིར་ན་སངས་རྒྱས་ཡིན། །ཞེས་དབུ་མ་རིན་ཆེན་སྒྲོན་མའི་ནང་དུ་དཔལ་ལྡན་ཟླ་བ་གྲགས་པའི་ལུང་ཁག་བརྒྱད་དྲངས་པར་མཛད་ཡོད།

དྲང་བའི་དོན་གྱི་ཡང་དག་པའི་ཀུན་རྫོབ་ཀྱི་ཤེས་རབ་ཀྱི་སྐབས་ཀྱི་དབུར་དེ་ཉིད་ལས[15]། ༡༽ ཆོས་ཀྱི་དབྱིངས་ལ་མངའ་བརྙེས་པའི། །ཀླུ་སྒྲུབ་དང་ནི་འཕགས་པའི་ལྷ། །སྟོང་ཉིད་སྨྲ་བའི་སེང་གེའི་སྒྲ། །ཟླ་བ་གྲགས་པའི་ཞབས་ལ་འདུད། །རྗེས་སུ་དཔག་པ་གཙོར་བྱེད་པའི། །དམུས་ལོང་ལྟ་བུའི་རྟོག་གེ་བ། །རང་དང་གཞན་གྱི་སྡེ་པ་ཡི། །ལོག་པར་རྟོགས་པ་བསལ་བར་བྱ། །ཞེས་དང་། ཡང་དོན་དམ་པའི་ཤེས་རབ་ཀྱི་སྐབས་ཀྱི་དབུར་དེ་ཉིད་ལས[16]། ༢༽ འཕགས་པ་ཀླུ་སྒྲུབ་འཕགས་པའི་ལྷ། །ཟླ་བ་གྲགས་པར་ཕྱག་བྱས་ནས། །རྗེ་བཙུན་དག་གི་གསུང་བཞིན་དུ། །བདེན་པ་གཉིས་ལ་འཇུག་པར་བྱ། །ཞེས་བསྟོད་ཕྱག་ལན་གཉིས་མཛད་པ་འདིས་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ཚིག་གསལ་སོགས་ཀྱི་ཕྱོགས་སྔར་བཀོད་པའི་སློབ་དཔོན་ལེགས་ལྡན་འབྱེད་མིན་པ་ཆེས་གསལ་ལོ།།

འོན་ཀྱང་བླ་མ་རྡོ་རྗེ་གདན་པའི་གསུང་བསྟོད་པ་ངོ་མཚར་ཚིགས་བཅད་མ་ལས།

དཔལ་ལྡན་ཟླ་བ་གྲགས་པ་ཡིས། །དངོས་པོའི་སྟོབས་ཤུགས་རིགས་པའི་ལམ། །

མཐོང་ནས་མཁས་མཆོག་ལེགས་ལྡན་འབྱེད། །རྗེས་སུ་འབྲངས་པ་ངོ་མཚར་ཆེ། །

ཞེས་གསུངས་པ་ལྟར་ན། དབུ་མ་རིན་ཆེན་སྒྲོན་མ་མཛད་པ་པོའི་སློབ་དཔོན་ལེགས་ལྡན་འབྱེད་ནི། དཔལ་ལྡན་ཟླ་བའི་རྗེས་འབྲང་ཡིན་པར་མ་ཟད། གཞུང་འདི་ཉིད་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པ་ལྟ་བུར་མངོན་ཡོད་པས། དེ་ལྟར་ན་དབུ་མ་རིན་ཆེན་སྒྲོན་མ་མཛད་པ་པོའི་ལེགས་ལྡན་འབྱེད་ནི། པཎ་གྲུབ་བཅུ་བདུན་གྱི་ཡ་གྱལ་སློབ་དཔོན་ལེགས་ལྡན་འབྱེད་ལས་ཐ་དད་པའི་ལེགས་ལྡན་འབྱེད་ཅིག་འཇོག་དགོས་པར་འགྱུར་བ་དང་། དེ་ཡང་ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི་གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་དུ་གསུངས་པ་ལྟར་འཐད་ཕྱོགས་སུ་འཛིན་དགོས་ལ། དེ་ལྟར་མིན་ན་བླ་མ་རྡོ་རྗེ་གདན་པའི་བསྟོད་པ་ངོ་མཚར་ཚིགས་སུ་བཅད་པ་ལས་གསུངས་པ་ནི། ཡོངས་གྲགས་ཀྱི་བྱུང་རབས་ལོ་རྒྱུས་དང་། བྱོན་པའི་དུས་རིམ་སོགས་དང་བསྟུན་ན་དོན་ལ་གནས་མིན་ཞིབ་ཏུ་དཔྱད་དགོས་པར་སྣང་ངོ་།།

གཞན་ཡང་དབུ་མ་རིན་ཆེན་སྒྲོན་མའི་ནང་དུ་སློབ་དཔོན་ཕྱོགས་གླང་དང་། དཔལ་ལྡན་ཆོས་གྲགས་རྣམ་གཉིས་ཀྱི་མཚན་དངོས་སུ་སྨོས་ནས་ལུང་ཡང་ཤེས་བྱེད་དུ་དྲངས་པར་མཛད་ཡོད་པས། དབུ་མ་རིན་ཆེན་སྒྲོན་མ་མཛད་པ་པོ་ནི། དཔལ་ལྡན་ཟླ་བ་གྲགས་པ་དང་། སློབ་དཔོན་ཕྱོགས་གླང་ཆོས་གྲགས་བཅས་ཀྱི་རྗེས་སུ་བྱོན་པར་མངོན་པ་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། སློབ་དཔོན་འཕགས་པ་ལྷ། དཔལ་ལྡན་ཟླ་བ་གྲགས་པ་གསུམ་པོ་དམིགས་བསལ་གྱིས་ཚད་མར་འཛིན་པས། ཤེས་རབ་སྒྲོན་མ་རྩོམ་པ་པོ་ལེགས་ལྡན་འབྱེད་ཀྱིས་ཟླ་བ་གྲགས་པ་དེ་ལྟར་ཁས་ལེན་དཀའ་བ་དང་། བྱོན་པའི་དུས་རིམ་ཡང་འགལ་བར་འགྱུར་བ་ལྟ་བུའི་དོགས་གནད་འདི་དག་ལའང་བསམ་པ་དགོས་པ་ཞིག་གོ།

ལྷག་པར་རྟོག་གེ་འབར་བ་དང་། དབུ་མ་རིན་ཆེན་སྒྲོན་མ་གཉིས་མཛད་པ་པོའི་སློབ་དཔོན་ཐ་དད་ཡིན་ན། དབུ་མ་རིན་ཆེན་སྒྲོན་མར་མགོན་པོ་ཀླུ་སྒྲུབ་དང་། སློབ་དཔོན་འཕགས་པ་ལྷ། དཔལ་ལྡན་ཟླ་བ་གྲགས་པ་གསུམ་ལ་བསྟོད་ཕྱག་ལན་དུ་མར་མཛད་ཡོད་ཀྱང་། དབུ་མ་རིན་ཆེན་སྒྲོན་མ་མཛད་པ་པོའི་ལེགས་ལྡན་གྱིས་དབུ་མ་ཤེས་རབ་སྒྲོན་མ་དང་། དབུ་མ་སྙིང་པོ་མཛད་པ་པོ་སློབ་དཔོན་ལེགས་ལྡན་འབྱེད་ལ་བསྟོད་ཕྱག་མ་མཛད་པའི་རྒྱུ་མཚན་གང་ཡིན་དང་། པཎ་གྲུབ་བཅུ་བདུན་གྱི་ཡ་གྱལ་སློབ་ལེགས་ལྡན་འབྱེད་མ་བྱུང་བ་ལྟར་མཚན་ཙམ་མི་གསལ་བ་ནི་དཔྱད་དགོས་པའི་གནད་ཅིག་ཡིན་ནོ།།

དེ་ལྟར་དབུ་མ་རིན་ཆེན་སྒྲོན་མ་སྐབས་བརྒྱད་ལ་ཟླ་བ་གྲགས་ཀྱི་ལུང་གྲངས་བརྒྱད་དང་། བསྟོད་ཕྱག་ལན་གཉིས་མཛད་ཀྱང་། དབུ་མ་རིན་ཆེན་སྒྲོན་མ་ལས[17]། འདིའི་དོན་རྒྱས་པར་སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་མཛད་པའི་དབུ་མ་ཕུང་པོ་ལྔ་པ་དང༌། བདག་གིས་བཀོད་པ་རྟོག་གེ་འབར་བ་ལ་སོགས་པར་བལྟ་བར་བྱའོ། །ཞེས་བྱུང་བ་ལྟར། རྟོག་གེ་འབར་བའི་ལེའུ་བཅུ་གཅིག་ནང་ཟླ་བ་གྲགས་པའི་མཚན་གྱི་ཟུར་ཙམ་ཡང་མི་གསལ་བ་འདི་ལའང་དགོངས་པ་བཞེས་དགོས་པའི་གནད་ཅིག་ཡོད་འདུག་གོ།

དེ་བཞིན་དབུ་མ་རིན་ཆེན་སྒྲོན་མ་མཛད་པ་པོས་དཔལ་ལྡན་ཟླ་གྲགས་ཀྱིས་མཛད་པའི་དབུ་མ་ཕུང་པོ་ལྔའི་རབ་བྱེད་ལ་ཞལ་འཕངས་མཛད་ཀྱང་། ཕུང་པོ་ལྔ་པ་དེ་ཡང་ཟླ་གྲགས་ཀྱི་གསུང་ཡིན་མིན་དོགས་གཞི་ཅན་ཡིན་པས། དེའི་དབང་གིས་ཀྱང་བསམ་བློ་གཏོང་ས་ཞིག་ཡོད་ངེས་སྙམ།

དབུ་མ་རིན་ཆེན་སྒྲོན་མ་ལེགས་ལྡན་ཆུང་བས་མཛད་པའི་དབང་དུ་བཏང་ཚེ། དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་ཚིག་གསལ་ལས[18]། སངས་རྒྱས་བསྐྱངས་ཀྱིས་མཛད་པའི་འགྲེལ་པ་མཐོང་ནས་ལེགས་ལྡན་འབྱེད་ཀྱིས་ལེགས་བཤད་གང་། །གཅིག་ནས་གཅིག་ཏུ་བརྒྱུད་ལས་འོངས་དང་བདག་གིས་རྣམ་པར་ཕྱེ་ལས་རྙེད་པ་གང་། །དེ་དག་བསྡོམས་ཏེ་བློ་ཆེན་ལྡན་རྣམས་མགུ་བར་བྱ་ཕྱིར་ཡང་དག་བསྟན་པ་ཡིན། །ཞེས་དཔལ་ལྡན་ཟླ་བ་གྲགས་པས་སློབ་དཔོན་ཀླུ་སྒྲུབ་དང་། འཕགས་པ་ལྷ། སློབ་དཔོན་སངས་རྒྱས་བསྐྱངས། སློབ་དཔོན་ལེགས་ལྡན་འབྱེད་རྣམ་པ་བཞིས་མཛད་པའི་བསྟན་བཅོས་དག་ལ་ཐོས་བསམ་གནང་ལུགས་གསལ་ནའང་། ཟླ་གྲགས་ཀྱིས་རྗེས་སུ་བྱོན་པའི་ལེགས་ལྡན་ཆུང་བས་རང་ཉིད་ཀྱི་སྔ་རོལ་དུ་བྱོན་པའི་དཔལ་ལྡན་ཟླ་བ་གྲགས་པ་དང་། མགོན་པོ་ཀླུ་སྒྲུབ་གཉིས་ལས་སློབ་དཔོན་ལེགས་ལྡན་འབྱེད་ཆེ་བའི་རྣམ་ཐར་དང་། དེས་མཛད་པའི་བསྟན་བཅོས་སྐོར་གང་ཡང་མ་གསུངས་ལ། ཐ་ན་མཚན་ཙམ་ཡང་མ་བཀོད་པ་ནི་ཡ་མཚན་གྱི་གནས་ཤིག་ཡིན།

དེ་ལྟར་ལེགས་ལྡན་ཆེ་ཆུང་གི་རྣམ་གཞག་ནི་དབུ་མ་རིན་ཆེན་སྒྲོན་མ་མཛད་པ་པོ་སུ་ཡིན་གྱི་རྩོད་པའི་ཐོག་ནས་བྱུང་བ་སྟེ། དེའི་མཛད་བྱང་དུ་བྷ་བྱས་མཛད་པར་གསལ་ནའང་། དབུ་མ་རིན་ཆེན་སྒྲོན་མར་དཔལ་ལྡན་ཟླ་བ་གྲགས་ཀྱི་ཕུང་པོ་ལྔའི་རབ་བྱེད་ལ་ཞལ་འཕངས་མཛད་པར་མ་ཟད། དཔལ་ལྡན་ཟླ་བ་གྲགས་པའི་ལུང་འདྲེན་ལན་བརྒྱད་མཛད་པ་དང་། ལྷག་པར་དཔལ་ལྡན་ཟླ་བ་གྲགས་པར་བསྟོད་ཕྱག་ལན་གཉིས་མཛད་པ་སོགས་ལ་བརྟེན་ནས་ཟླ་གྲགས་ཀྱི་སློབ་མ་ཡིན་པ་ལྟ་བུ་དང་། དབུ་མ་རིན་ཆེན་སྒྲོན་མ་མཛད་པ་པོ་དེ་ཉིད་དཔལ་ལྡན་ཟླ་གྲགས་ཀྱི་རྗེས་སུ་བྱོན་པ་ཞིག་ཆགས་ཡོད།

ཡང་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་ཤེས་རབ་སྒྲོན་མའི་ནང་རྟོག་གེ་འབར་བའི་སྐོར་དང་། དཔལ་ལྡན་ཟླ་གྲགས་ཀྱི་མཚན་ཙམ་ཡང་མི་གསལ་ཞིང་། ཡང་རྟོག་གེ་འབར་བའི་ནང་དུའང་ཤེས་རབ་སྒྲོན་མེའི་སྐོར་དང་། སློབ་དཔོན་ལེགས་ལྡན་དང་ཟླ་གྲགས་ཀྱི་སྐོར་གཏན་ནས་མི་གསལ། གལ་ཏེ་ལེགས་ལྡན་ཆུང་བ་ཞིག་བྱོན་ཡོད་ན་དེའི་འཁྲུངས་ཡུལ་དང་། རིགས་གང་ཡིན། དུས་ནམ་འཁྲུངས་པ། བླ་སློབ་སོགས་ཀྱི་སྐོར་པཎ་གྲུབ་བཅུ་བདུན་གྱི་ཡ་གྱལ་སློབ་དཔོན་ལེགས་ལྡན་གྱི་རྣམ་ཐར་ལས་ལོགས་སུ་དགོས་ཚོད་ཀྱང་དེ་ལྟར་བཀོད་པ་གཏན་ནས་མི་སྣང་ལ། ཐ་དད་དུ་འཇོག་རྒྱུ་ཤིན་ཏུ་དཀའ་བ་སོགས་བསམ་དགོས་པ་ཡང་མང་དུ་མཆིས་ལ། སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་ཤེས་རབ་སྒྲོན་མའི་འགྲེལ་བཤད་དུ་རྟོག་འབར་ཤེར་སྒྲོན་མཛད་པ་པོས་བརྩམས་པར་བཞེད་ཚུལ་འོག་ཏུ་འཆད་དོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་། ༥༧ པ། ཤོག་གྲངས་ ༡༥༠༥

[2]  ཀུན་མཁྱེན་གྲུབ་མཐའི་རྩ་བ། སྒོ་མང་དཔེ་མཛོད། ཐེ་ཝན་པར་མ། ༢༠༡༢ ལོ། ཤོག་གྲངས་ ༩

[3]  རྗེ་ཙོང་ཁ་པའི་གསུང་འབུམ། ༼ཕ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༤༡༨

[4]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་། ༦༠ པ། ཤོག་གྲངས་ ༡༩

[5]  ཕྱི་ལོ་ ༢༠༡༢ ཟླ་བ་ ༩ ཚེས་ ༡༣ ཉིན་ཝཱར་ཎ་ཨ་ཏི་ཤ་ཚོགས་ཁང་དུ་དབུ་མའི་ལྟ་གྲུབ་སྐོར་གསུང་བཤད་ལས་བཏུས་པའོ།།

[6]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་། ༥༧ པ། ཤོག་གྲངས་ ༡༤༨༩

[7]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་། ༥༧ པ། ཤོག་གྲངས་ ༡༤༩༡

[8]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་། ༥༧ པ། ཤོག་གྲངས་ ༡༥༡༩

[9]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་། ༥༧ པ། ཤོག་གྲངས་ ༡༥༢༨

[10]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་། ༥༧ པ། ཤོག་གྲངས་ ༡༥༣༣

[11]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་། ༥༧ པ། ཤོག་གྲངས་ ༡༥༣༧

[12]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་། ༥༧ པ། ཤོག་གྲངས་ ༡༥༣༩

[13]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་། ༥༧ པ། ཤོག་གྲངས་ ༡༥༤༠

[14]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་། ༥༧ པ། ཤོག་གྲངས་ ༡༥༥༠

[15]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་། ༥༧ པ། ཤོག་གྲངས་ ༡༤༩༥

[16]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་། ༥༧ པ། ཤོག་གྲངས་ ༡༥༡༧

[17]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༡༥༠༥

[18]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཡ༽ དེབ་ཨང་ ༦༠ པ། ཤོག་གྲངས་ ༤༨༡

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༢༠ ནས་ ༣༣༠ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *