ག༽ བསྟན་འགྱུར་རིན་པོ་ཆེའི་ལུང་རྒྱུན་བཞུགས་པ་རྣམས་ཕལ་ཆེར་ཞུས་པའི་མཚན་ཐོ་བརྒྱུད་རིམ་བཅས་བཞུགས་སོ།།[1]
༡༽ མགོན་པོ་ཀླུ་སྒྲུབ།
དེ་ཡང་བསྟན་འགྱུར་རིན་པོ་ཆེའི་ལུང་རྒྱུན་བཞུགས་པ་རྣམས་ཕལ་ཆེར་ཞུས་པའི་མཚན་ཐོ་བརྒྱུད་རིམ་ལས[2]། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟོད་ཚོགས་ལ། ༡ ཆོས་དབྱིངས་བསྟོད་པ་དང་། ༢ དཔེ་མེད་པར་བསྟོད་པ། ༣ འཇིག་རྟེན་ལས་འདས་པར་བསྟོད་པ། ༤ སེམས་ཀྱི་རྡོ་རྗེ་ལ་བསྟོད་པ། ༥ དོན་དམ་པར་བསྟོད་པ།
༦ སྐུ་གསུམ་ལ་བསྟོད་པ་རྣམས་པཎྜི་ཏ་ནག་པོ་པ་དང་། ནག་ཚོ་ཚུལ་ཁྲིམས་རྒྱལ་བའི་འགྱུར། (སྐུ་གསུམ་ལ་བསྟོད་པའི་འགྲེལ་པར་ལུང་མེད་ཅེས་ཨ་ཁུ་ཚང་གསུང་།) ༧ སེམས་ཅན་མགུ་བར་བྱ་བའི་བསྟོད་པ་ཇོ་བོ་རྗེ་དང་ནག་ཚོའི་འགྱུར། ༨ ཤེར་ཕྱིན་ལ་བསྟོད་པ། ༩ བསམ་གྱིས་མི་ཁྱབ་པར་བསྟོད་པ། ༡༠ བསྟོད་པ་ལས་འདས་པར་བསྟོད་པ། ༡༡ འཇམ་དཔལ་གྱི་དོན་དམ་པར་བསྟོད་པ། ༡༢ འཇམ་དཔལ་གྱི་སྙིང་རྗེ་ལ་བསྟོད་པ། ༡༣ མཆོད་རྟེན་བརྒྱད་ལ་བསྟོད་པ་བཅས་ཀྱི་ལུང་རྒྱུན་བཞུགས་པར་གསལ་ལོ།།
དེ་ཡང་བསྟན་འགྱུར་རིན་པོ་ཆེའི་ལུང་རྒྱུན་བཞུགས་པ་རྣམས་ཕལ་ཆེར་ཞུས་པའི་མཚན་ཐོ་བརྒྱུད་རིམ་ལས[3]། ཡབ་རྗེ་ཁལ་ཁ་དམ་ཚིག་རྡོ་རྗེ་དང་། ཐེ་བོ་རིན་པོ་ཆེའི་གསན་ཡིག་རྣམས་སུ་གོང་གསལ་བཅུ་གསུམ་ཙམ་ལས་མེད་ཀྱང་། ཨ་ཁུ་ཚང་གི་གསན་ཡིག་ཏུ། ༡༤ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་བསྟོད་པ་དང་། ༡༥ མཛད་བཅུའི་ཚུལ་ལ་བསྟོད་པ། ༡༦ ཕྱག་འཚལ་བའི་བསྟོད་པ། ༡༧ དམྱལ་བ་ལས་འདོན་པའི་བསྟོད་པ་བཅས་ཁྱོན་བཅུ་བདུན་ཡོད་པ་དང་། ཀློང་བརྡོལ་བླ་མ་རིན་པོ་ཆེའི་གསན་ཡིག་ཏུ་མི་གསལ་ཡང་།
བདག་གི་བླ་མས་གནང་གསུངས་ནས་ཁྱབ་བདག་རིན་པོ་ཆེས་གནང་གིན་ཡོད་པ་རྣམས་སྟག་ཕུའི་ཡོངས་འཛིན་ཡེ་ཤེས་རྒྱ་མཚོའི་གསན་ཡིག་ཏུ་གསལ་ཡོད་པ་དེ་དག་གི་རྒྱུན་འཚོལ་དགོས་པར་སེམས་ཀྱང་། དེ་ལྟར་བཞེད་ཚུལ་མང་ཡང་གཉིས་ཀའི་གཏུག་ས་ནི་ཀློང་བརྡོལ་རྗེ་ཡིན་པས་དེའི་གསན་ཡིག་དབང་བཙན་པ་མིན་ནམ་སྙམ་དུ་སེམས་པས་བརྟག་གཞིགས་ཞིབ་མོ་དགོས་ཚོད་འདུག་གོ ། ༡༨ ཡང་ཀླུ་སྒྲུབ་ཀྱིས་མཛད་པའི་བླ་ན་མེད་པའི་བསྟོད་པ་སོགས་ཀྱི་བརྒྱུད་པ་ཆོས་ཆུང་བརྒྱ་རྩའི་ཐོབ་ཡིག་ཏུ་གསལ། ཞེས་ཀྱང་བྱུང་ངོ་།།
བསྟན་འགྱུར་རིན་པོ་ཆེའི་ལུང་རྒྱུན་བཞུགས་པ་རྣམས་ཕལ་ཆེར་ཞུས་པའི་མཚན་ཐོ་བརྒྱུད་རིམ་ལས[4]། སངས་རྒྱས་གཉིས་པ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིགས་ཚོགས་དྲུག་ལ། སྣར་ ༼ཙ༽ ཅོ་ནེ་ ༼ཙ༽ དེ་ཁོ་ན་ཉིད་རིགས་པས་སྒྲུབ་པ་རྩ་བ་ཤེས་རབ་ཅེས་བྱ་བའི་ཚིག་ལེའུར་བྱས་པ་རབ་བྱེད་ཉེར་བདུན་ཤླཽ་ཀ་བཞི་བརྒྱ་ཞེ་དགུ་པ་བམ་པོ་ཕྱེད་དང་གཉིས་སུ་བྱས་པ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་འགྱུར། རིགས་པ་དྲུག་ཅུ་པའི་ཚིག་ལེའུར་བྱས་པ་པ་ཚབ་ཉི་མ་གྲགས་ཀྱི་འགྱུར། ཞིབ་མོ་རྣམ་འཐག་ཤླཽ་ཀ་དྲུག་ཅུ་དྲུག་པ་གྲགས་འབྱོར་ཤེས་རབ་ཀྱི་འགྱུར། སྟོང་ཉིད་ཀྱི་བདུན་ཅུ་པའི་ཚིག་ལེའུར་བྱས་པ་དར་མ་གྲགས་ཀྱི་འགྱུར། རྩོད་བཟློག་གི་ཚིག་ལེའུར་བྱས་པ་ཀ་བ་དཔལ་བརྩེགས་ཀྱི་འགྱུར་ལ་སླར་འགྱུར་བཅོས་མཛད་པ། ཞེས་དང་། སྣར་ཐང་ ༼ངེ༽ ཅོ་ནེ་ ༼གེ༽ རྒྱལ་པོ་ལ་གཏམ་དུ་བྱ་བ་རིན་ཆེན་ཕྲེང་བ་ཀླུའི་རྒྱལ་མཚན་གྱི་འགྱུར་ཏེ་གཞུང་བཅུ་དྲུག་གི་བརྒྱུད་པ་ནི། འཕགས་པ་ཀླུ་སྒྲུབ། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། ཟླ་བ་གྲགས་པ་ཞེས་དེ་དག་ལ་ལུང་རྒྱུན་ཡོད་པར་གསལ་ལོ།།
ཡང་བསྟན་འགྱུར་རིན་པོ་ཆེའི་ལུང་རྒྱུན་བཞུགས་པ་རྣམས་ཕལ་ཆེར་ཞུས་པའི་མཚན་ཐོ་བརྒྱུད་རིམ་ལས[5]། སྣར་ཐང་ ༼ཨ༽ ཅོ་ནེ་ ༼ཀི༽ དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་དེ་ཁོ་ན་ཉིད་ལུང་གིས་སྒྲུབ་པ་མདོ་སྣ་ཚོགས་ཀུན་ལས་བཏུས་པ་ཐེག་པ་ཆེན་པོ་རིན་པོ་ཆེའི་གཏམ་མདོ་ཀུན་ལས་བཏུས་སུ་གྲགས་པ་བམ་པོ་ལྔ་པ་པཎྜི་ཏ་ཛི་ན་མི་ཏྲ་དང་། ཤྲཱི་ལེནྡྲ་བོདྷི་དང་། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར་གྱི་སྟེང་ནས་ལུང་ཐོབ་པའི་བརྒྱུད་པ་ནི། ཞེས་འདི་ཡང་ལུང་རྒྱུན་ཡོད་པར་གསུངས་སོ།།
དེ་བཞིན་བསྟན་འགྱུར་རིན་པོ་ཆེའི་ལུང་རྒྱུན་བཞུགས་པ་རྣམས་ཕལ་ཆེར་ཞུས་པའི་མཚན་ཐོ་བརྒྱུད་རིམ་ལས[6]། སྣར་ཐང་ ༼ཨུ༽ ཅོ་ནེ་ ༼སུ༽ སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དགེ་ཚུལ་གྱི་བསླབ་བྱ་ཀཱ་རི་ཀ་ལྔ་བཅུ་པའི་ལུང་བརྒྱུད་ནི། ཞེས་ལུང་རྒྱུན་ཡོད་པར་གསལ་ལོ།།
བསྟན་འགྱུར་རིན་པོ་ཆེའི་ལུང་རྒྱུན་བཞུགས་པ་རྣམས་ཕལ་ཆེར་ཞུས་པའི་མཚན་ཐོ་བརྒྱུད་རིམ་ལས[7]། སྣར་ཐང་ ༼གི༽ ཅོ་ནེ་ ༼ངི༽ བདག་ཉིད་ཆེན་པོ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དཔལ་གསང་བ་འདུས་པའི་སྒྲུབ་ཐབས་མདོར་བྱས་ལ་རྒྱ་གར་གྱི་མཁན་པོ་ཤྲངྔྷ་ཀ་ར་ཝརྨ་དང་། ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བ། ཡང་དེས་མཛད་པའི་རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་གསང་བ་འདུས་པའི་བསྐྱེད་པའི་རིམ་པ་བསྒོམ་པའི་ཐབས་མདོ་དང་བསྲེ་བ་ཞེས་བྱ་བ་དྷརྨ་ཤྲཱི་བྷ་དྲ་དང་། ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བ། སློབ་དཔོན་ཀླུའི་བློས་མཛད་པའི་འདུས་པའི་སྒྲུབ་ཐབས་རྣམ་པར་བཞག་པའི་རིམ་པར་ཕྱེ་བ་བཞི་པ་འགྱུར་བྱང་མི་གསལ་བ་རྣམས་ཀྱི་བརྒྱུད་པ་ནི། ཞེས་མདོར་བྱས་དང་མདོ་བསྲེ་གཉིས་ཀའི་ལུང་བརྒྱུད་ཡོད་པར་གསུངས་སོ།།
བསྟན་འགྱུར་རིན་པོ་ཆེའི་ལུང་རྒྱུན་བཞུགས་པ་རྣམས་ཕལ་ཆེར་ཞུས་པའི་མཚན་ཐོ་བརྒྱུད་རིམ་ལས[8]། སྣར་ཐང་ ༼གི༽ ཅོ་ནེ་ ༼ངི༽ རིམ་ལྔ་ལོ་ཆེན་གྱི་འགྱུར་ལ། ཀ་མ་ལ་བུདྡྷ་དང་ལོ་ཆེན་རང་གིས་སླར་ཡང་བཅོས་པའི་བརྒྱུད་པ་ནི། ཞེས་རིམ་ལྔ་ཡང་ལུང་རྒྱུན་ཡོད་པར་གསལ་ལོ།།
བསྟན་འགྱུར་རིན་པོ་ཆེའི་ལུང་རྒྱུན་བཞུགས་པ་རྣམས་ཕལ་ཆེར་ཞུས་པའི་མཚན་ཐོ་བརྒྱུད་རིམ་ལས[9]། སྣར་ཐང་ ༼གི༽ ཅོ་ནེ་ ༼ངི༽ བྱང་ཆུབ་སེམས་འགྲེལ་པཎྜི་ཏ་ཛ་ཡ་ཨཱ་ནནྟ་དང་། ཁུ་མདོ་སྡེ་འབར་གྱིས་བསྒྱུར་བ་ཡོད་ཀྱང་ལུང་ཟུར་དུ་མི་དགོས་གསུངས། ཞེས་ལུང་རྒྱུན་ཡོད་པར་གསལ་ལོ།།
བསྟན་འགྱུར་རིན་པོ་ཆེའི་ལུང་རྒྱུན་བཞུགས་པ་རྣམས་ཕལ་ཆེར་ཞུས་པའི་མཚན་ཐོ་བརྒྱུད་རིམ་ལས[10]། སྣར་ཐང་ ༼མི༽ ཅོ་ནེ་ ༼ཝི༽ སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཕྱག་རྒྱ་བཞི་གཏན་ལ་དབབ་པ། བླ་མ་དྷི་རི་ཤྲཱི་ཛྙཱ་ན་དང་ལོ་ཙཱ་བ་རྨ་བན་ཆོས་འབར་གྱིས་བསྒྱུར། (འདི་སློབ་མ་འཕགས་པ་ལྷར་བཤད་ཅིང་དེས་སེམས་ཀྱི་སྒྲིབ་སྦྱོང་མཛད།) ཞེས་སོགས་ཆོས་སྣ་ཉི་ཤུ་རྩ་དྲུག་ལའང་ལུང་བརྒྱུད་ཡོད་པར་གསུངས་སོ།།
བསྟན་འགྱུར་རིན་པོ་ཆེའི་ལུང་རྒྱུན་བཞུགས་པ་རྣམས་ཕལ་ཆེར་ཞུས་པའི་མཚན་ཐོ་བརྒྱུད་རིམ་ལས[11]། སྣར་ཐང་ ༼ཙི༽ ཅོ་ནེ་ ༼ཞི༽ གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྟོག་པའི་སྙིང་པོ་ཞེས་བྱ་བ་འོད་གསལ་གྱི་ཕྱོགས་གཅིག་ཏུ་བསྡུས་པ་དེ་ལ་ཀཱི་ནི་ཙ་ནའི་ཞལ་སྔ་ནས་དང་། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་འགྱུར་དང་། གྲུབ་མཐའ་བདུན་པ་བཅས་ལ་ལུང་བརྒྱུད་ཡོད་པར་གསལ་ལོ།།
ཡང་བསྟན་འགྱུར་རིན་པོ་ཆེའི་ལུང་རྒྱུན་བཞུགས་པ་རྣམས་ཕལ་ཆེར་ཞུས་པའི་མཚན་ཐོ་བརྒྱུད་རིམ་ལས[12]། སྣང་ཐང་ ༼སེ༽ ཅོ་ནེ་ ༼ཧེ༽ མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་སྨན་གྱི་བསྟན་བཅོས་སྦྱོར་བ་བརྒྱ་པའི་ལུང་ཐོབ་པའི་བརྒྱུད་པ་ནི། ཞེས་ལུང་རྒྱུན་ཡོད་པར་གསུངས་སོ།།
གཞན་ཡང་བསྟན་འགྱུར་ཐོར་བུའི་དཀར་ཆག་[13]བརྒྱུད་རིམ་ལས[14]། སྣར་ཐང་ ༼ཚི༽ ཅོ་ནེ་ ༼ཞི༽ ཀླུ་སྒྲུབ་ཀྱིས་མཛད་པའི་སྦོམ་པོ་བརྒྱད་པ་དང་རྩ་ལྟུང་བསྡུས་པ། འདི་ཉིད་ཀྱི་ལུང་བརྒྱུད་བཞུགས་པར་གསལ་ལ། བསྟན་འགྱུར་ཐོར་བུའི་དཀར་ཆག་བརྒྱུད་རིམ་ལས[15]། ཀླུ་སྒྲུབ་ཀྱིས་མཛད་པའི་སྦོམ་པོའི་ལུང་བ་ཡན་ལག་བརྒྱད་པ། པཎྜི་ཏ་པདྨ་ཀཱ་ར་ཝརྨ་དང་། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། འདིའི་ལུང་རྒྱུན་བཞུགས་པར་གསལ་ལོ།།
བསྟན་འགྱུར་ཐོར་བུའི་དཀར་ཆག་བརྒྱུད་རིམ་ལས[16]། སྣར་ཐང་ ༼ཙི༽ ཅོ་ནེ་ ༼ཞི༽ འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་སྒྲུབ་ཐབས་ཀླུ་སྒྲུབ་ཀྱིས་མཛད་པ། འདིའི་ལུང་རྒྱུན་བཞུགས་པར་གསལ་ལོ།།
བསྟན་འགྱུར་ཐོར་བུའི་དཀར་ཆག་བརྒྱུད་རིམ་ལས[17]། སྣར་ཐང་ ༼ཞི༽ ཅོ་ནེ་ ༼ཟུ༽ ནག་པོ་ཆེན་པོའི་སྒྲུབ་ཐབས་ཀླུ་སྒྲུབ་ཀྱིས་མཛད་པ། འདིའི་ལུང་རྒྱུན་བཞུགས་པར་གསལ་ལོ།།
བསྟན་འགྱུར་ཐོར་བུའི་དཀར་ཆག་བརྒྱུད་རིམ་ལས[18]། སྣར་ཐང་ ༼སེ༽ ཅོ་ནེ་ ༼ཧེ༽ སྨན་གྱི་བསྟན་བཅོས་སྦྱོར་བ་བརྒྱ་པ་ཀླུ་སྒྲུབ་ཀྱིས་མཛད་པ། འདིའི་ལུང་རྒྱུན་བཞུགས་པར་གསལ་ལོ།།
བསྟན་འགྱུར་ཐོར་བུའི་དཀར་ཆག་བརྒྱུད་རིམ་ལས[19]། ཀླུ་སྒྲུབ་ཀྱི་གནོད་སྦྱིན་མོ་ཀུན་ནས་འཁྱིལ་བ་མཆེད་གསུམ་གྱི་སྒྲུབ་ཐབས་དང་། དེའི་འགྲེལ་པ་རྡོ་རྗེ་གདན་པས་མཛད་པ་བཅས་ཀྱི་ལུང་རྒྱུན་བཞུགས་པར་གསལ་ལོ།།
བསྟན་འགྱུར་ཐོར་བུའི་དཀར་ཆག་བརྒྱུད་རིམ་ལས[20]། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་ལྷག་པའི་སྨོན་ལམ་ཐེམ་སྐས་མའི་ལུང་བརྒྱུད་ནི། ཞེས་འདིའི་ལུང་རྒྱུན་བཞུགས་པར་གསལ་བ་བཅས་སོ།། །།
༢༽ སློབ་དཔོན་འཕགས་པ་ལྷ།
དེ་ཡང་བསྟན་འགྱུར་རིན་པོ་ཆེའི་ལུང་རྒྱུན་བཞུགས་པ་རྣམས་ཕལ་ཆེར་ཞུས་པའི་མཚན་ཐོ་བརྒྱུད་རིམ་ལས[21]། སྣར་ཐང་ ༼ཚ༽ ཅོ་ནེ་ ༼ཚ༽ སློབ་དཔོན་ཆེན་པོ་འཕགས་པ་ལྷས་མཛད་པའི་དབུ་མའི་བསྟན་བཅོས་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་ཚིག་ལེའུར་བྱས་པ་རབ་བྱེད་བཅུ་དྲུག་པ་པཎྜི་ཏ་སུཀྵྨ་མ་ཛྙཱ་ན་དང་། ཐིག་ལེ་བུམ་པ་དང་། པ་ཚབ་ཉི་མ་གྲགས་ཀྱིས་ཁ་ཆེའི་དཔེ་དང་མཐུན་པར་བསྒྱུར་བ་ལས། ཕྱིས་པཎྜི་ཏ་ཀ་ན་ཀ་ཝརྨ་དང་། ལོ་ཙ་བ་དེ་ཉིད་ཀྱིས་ཉི་འོག་ཤར་ཕྱོགས་དཔེ་དང་མཐུན་པར་བཅོས་ཏེ་གཏན་ལ་ཕབ་པའི་ལུང་ཐོབ་པའི་བརྒྱུད་པ་ནི། ཞེས་བཞི་བརྒྱ་པའི་ལུང་རྒྱུན་ཡོད་པར་གསུངས་སོ།། །།
༣༽ སློབ་དཔོན་སངས་རྒྱས་བསྐྱངས།
བསྟན་འགྱུར་རིན་པོ་ཆེའི་ལུང་རྒྱུན་བཞུགས་པ་རྣམས་ཕལ་ཆེར་ཞུས་པའི་མཚན་ཐོ་བརྒྱུད་རིམ་ལས[22]། སྣར་ཐང་ ༼ཙ༽ ཅོ་ནེ་ ༼ཙ༽ དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་བུདྡྷ་པཱ་ལི་ཏ་ཞེས་བྱ་བ་བམ་པོ་བཅུ་པ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པ། པཎྜི་ཏ་ཛྙཱ་ན་གརྦྷ་དང་། ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བའི་ལུང་ཐོབ་པའི་བརྒྱུད་པ་ནི། སློབ་དཔོན་ཆེན་པོ་སངས་རྒྱས་བསྐྱངས་ནས་རིམ་པར་བརྒྱུད་དེ། ཞེས་བུདྡྷ་པཱ་ལི་ཏའི་ལུང་རྒྱུན་ཡོད་པར་གསལ་ལོ།། །།
༤༽ དཔལ་ལྡན་ཟླ་བ་གྲགས་པ།
བསྟན་འགྱུར་རིན་པོ་ཆེའི་ལུང་རྒྱུན་བཞུགས་པ་རྣམས་ཕལ་ཆེར་ཞུས་པའི་མཚན་ཐོ་བརྒྱུད་རིམ་ལས[23]། སྣར་ཐང་ ༼ས༽ ཅོ་ནེ་ ༼ཧ༽ དཔལ་ལྡན་ཟླ་བ་གྲགས་པའི་འདུས་པའི་རྒྱུད་འགྲེལ་སྒྲོན་གསལ་ཤྲངྔྷ་ཀ་ར་ཝརྨ་དང་། ལོ་ཆེན་གྱི་འགྱུར་ལ་འགོས་ཀྱིས་བཅོས་པའི་ལུང་བརྒྱུད་ནི་འགྲེལ་པ་བཞི་སྦྲགས་ཀྱི་བཤད་ལུང་ལྟར་རམ། རྗེའི་གསུང་འབུམ་གྲས་སུ་མཆན་བཅས་ཀྱི་ལུང་ནོས་པའི་བརྒྱུད་རིམ་གང་རུང་ཞིག་འདེམས་པས་ཆོག་གོ །ཀློང་བརྡོལ་རྗེས་གཞུང་རྐྱང་པའི་ལུང་བརྒྱུད་ནི། ཞེས་ལུང་བརྒྱུད་བཞུགས་པར་གསལ་ལོ།།
དེ་བཞིན་བསྟན་འགྱུར་ཐོར་བུའི་དཀར་ཆག་བརྒྱུད་རིམ་ལས[24]། སྣར་ཐང་ ༼ཙི༽ ཅོ་ནེ་ ༼ཞི༽ ཐུགས་རྗེ་ཆེན་པོའི་སྨྲེ་སྔགས་བསྟོད་པ་ཟླ་བ་གྲགས་པས་མཛད་པ། འདིའི་ལུང་བརྒྱུད་བཞུགས་པར་གསལ་ལོ།། །།
༥༽ རྒྱལ་སྲས་ཞི་བ་ལྷ།
དེ་ཡང་བསྟན་འགྱུར་རིན་པོ་ཆེའི་ལུང་རྒྱུན་བཞུགས་པ་རྣམས་ཕལ་ཆེར་ཞུས་པའི་མཚན་ཐོ་བརྒྱུད་རིམ་ལས[25]། ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པའི་ལྟ་སྤྱོད་རྫོགས་པར་སྟོན་པ་ཞི་བ་ལྷའི་བསླབ་སྤྱོད་གཉིས་ལས། སྣར་ཐང་ ༼ཀི༽ ཅོ་ནེ་ ༼ཁི༽ བསླབ་པ་ཀུན་ལས་བཏུས་པ་བམ་པོ་བཅུ་བཞི་པ་ཡེ་ཤེས་སྡེའི་འགྱུར། རྔོག་བློ་ལྡན་ཤེས་རབ་ཀྱིས་བཅོས་པའི་ལུང་ནོས་པའི་བརྒྱུད་པ་ནི། ཞེས་བསླབ་བཏུས་ལ་ལུང་རྒྱུན་ཡོད་པར་གསལ་ལོ།།
དེ་བཞིན་བསྟན་འགྱུར་རིན་པོ་ཆེའི་ལུང་རྒྱུན་བཞུགས་པ་རྣམས་ཕལ་ཆེར་ཞུས་པའི་མཚན་ཐོ་བརྒྱུད་རིམ་ལས[26]། སྣར་ཐང་ ༼ལ༽ ཅོ་ནེ་ ༼ལ༽ རྒྱལ་སྲས་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཤླཽ་ཀ་སྟོང་དུ་གྲགས་པ་བམ་པོ་གཉིས་ལེའུ་བཅུའི་བདག་ཉིད་ཅན་དཔལ་བརྩེགས་ཀྱིས་བསྒྱུར་བ། ལོ་ཆེན་རིན་ཆེན་བཟང་པོ་དང་། ཤཱཀྱ་བློ་གྲོས། རྔོག་བློ་ལྡན་ཤེས་རབ་རྣམས་ཀྱིས་བཅོས་པའི་ལུང་བརྒྱུད་ནི། ཞེས་ལུང་རྒྱུན་ཡོད་པ་གསལ་ལོ།། །།
༦༽ མཁན་ཆེན་ཞི་བ་འཚོ།
དེ་ཡང་བསྟན་འགྱུར་ཐོར་བུའི་དཀར་ཆག་བརྒྱུད་རིམ་ལས[27]། སྣར་ཐང་ ༼ཞ༽ ཅོ་ནེ་ ༼ཉ༽ ཀུ་རུ་ཀུ་ལླེའི་མན་ངག་ཆེན་པོ་ལྔ་པ་ཞི་བ་འཚོས་མཛད་པ་འདི་ཉིད་ལ་ལུང་བརྒྱུད་ཡོད་པར་གསལ་ལོ།།
དེ་བཞིན་བསྟན་འགྱུར་ཐོར་བུའི་དཀར་ཆག་བརྒྱུད་རིམ་ལས[28]། ཞི་འཚོའི་གཙུག་ཏོར་དྲི་མེད་ཀྱི་གཟུངས་བཀླག་ཅིང་མཆོད་རྟེན་བརྒྱ་རྩ་བརྒྱད་གསལ་བའི་ཆོ་ག །འདིའི་ལུང་བརྒྱུད་བཞུགས་ཡོད་པར་གསལ་ལོ།། །།
༧༽ སློབ་དཔོན་ཀ་མ་ལ་ཤཱི་ལ།
དེ་ཡང་བསྟན་འགྱུར་རིན་པོ་ཆེའི་ལུང་རྒྱུན་བཞུགས་པ་རྣམས་ཕལ་ཆེར་ཞུས་པའི་མཚན་ཐོ་བརྒྱུད་རིམ་ལས[29]། སྣར་ཐང་ ༼ཨ༽ ཅོ་ནེ་ ༼ཀི༽ སློབ་དཔོན་ཆེན་པོ་པཎྜི་ཏ་ཀ་མ་ལ་ཤཱི་ལས་མཛད་པའི་དབུ་མའི་བསྟན་བཅོས་སྒོམ་རིམ་དང་པོ། སྒོམ་རིམ་བར་མ། སྒོམ་རིམ་མཐའ་མ་སྟེ་གསུམ། པཎྜི་ཏ་པྲ་ཛྙཱ་ཝརྨ་དང་། ལོ་ཙཱ་བ་ཡེ་ཤེས་སྡེས་བསྒྱུར་བའི་ལུང་བརྒྱུད་ནི། ཞེས་ལུང་རྒྱུན་ཡོད་པར་གསལ་ལོ།། །།
༨༽ འཕགས་པ་ཐོགས་མེད།
དེ་ཡང་བསྟན་འགྱུར་རིན་པོ་ཆེའི་ལུང་རྒྱུན་བཞུགས་པ་རྣམས་ཕལ་ཆེར་ཞུས་པའི་མཚན་ཐོ་བརྒྱུད་རིམ་ལས[30]། སྣང་ཐང་ ༼ཞི༽ ཅོ་ནེ་ ༼ཝི༽ སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་བྱང་ཆུབ་སེམས་དཔའི་ས་དང་སའི་གོ་རིམ་ཤླཽ་ཀ་དྲུག་སྟོང་བདུན་བརྒྱ་ལྔ་བཅུ་པ། པཎྜི་ཏ་པྲ་ཛྙཱ་ཝརྨ་དང་ཡེ་ཤེས་སྡེས་བསྒྱུར་བའི་ལུང་བརྒྱུད་ནི། ཞེས་ལུང་རྒྱུན་ཡོད་པར་གསུངས་སོ།། །།
༩༽ སློབ་དཔོན་ཕྱོགས་གླང་།
དེ་ཡང་བསྟན་འགྱུར་རིན་པོ་ཆེའི་ལུང་རྒྱུན་བཞུགས་པ་རྣམས་ཕལ་ཆེར་ཞུས་པའི་མཚན་ཐོ་བརྒྱུད་རིམ་ལས[31]། སྣང་ཐང་ ༼ཅེ༽ ཅོ་ནེ་ ༼ཅེ༽ སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མའི་མདོའམ་ཚད་མ་ཀུན་ལས་བཏུས་པ་པཎྜི་ཏ་དྷ་ན་རཀྵི་ཏ་དང་། ཞ་མ་སེངྒེ་རྒྱལ་མཚན་གྱིས་བསྒྱུར་བའི་ལུང་བརྒྱུད་ནི། ཞེས་ལུང་རྒྱུན་ཡོད་པར་གསལ་ལོ།།
དེ་བཞིན་བསྟན་འགྱུར་རིན་པོ་ཆེའི་ལུང་རྒྱུན་བཞུགས་པ་རྣམས་ཕལ་ཆེར་ཞུས་པའི་མཚན་ཐོ་བརྒྱུད་རིམ་ལས[32]། སློབ་དཔོན་དེས་མཛད་པའི་ཕྱོགས་ཆོས་དགུའི་འཁོར་ལོ་རེའུ་མིག་བཅས་ཀྱི་བརྒྱུད་པ་ནི། ཞེས་ལུང་རྒྱུན་ཡོད་པར་གསུངས་སོ།། །།
༡༠༽ དཔལ་ལྡན་ཆོས་གྲགས།
དེ་ཡང་བསྟན་འགྱུར་རིན་པོ་ཆེའི་ལུང་རྒྱུན་བཞུགས་པ་རྣམས་ཕལ་ཆེར་ཞུས་པའི་མཚན་ཐོ་བརྒྱུད་རིམ་ལས[33]། སྣང་ཐང་ ༼ཅེ༽ ཅོ་ནེ་ ༼ཅེ༽ རིགས་པའི་དབང་ཕྱུག་ཆོས་ཀྱི་གྲགས་པས་མཛད་པའི་རྟོག་གེ་རབ་ཏུ་འབྱེད་པ་སྡེ་བདུན་ནམ། ཚད་མ་སྡེ་བདུན་དུ་གྲགས་པ་ལ་ཐོག་མར། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་པཎྜི་ཏ་སུ་བྷུ་རི་ཤྲཱི་ཤཱནྟི་དང་། ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་འགྱུར་ལ། པཎྜི་ཏ་སྐལ་ལྡན་རྒྱལ་པོ་དང་རྔོག་ལོ་བློ་ལྡན་ཤེས་རབ་ཀྱིས་བཅོས་ཤིང་། སླད་ཀྱིས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་དང་ས་པཎ་གྱིས་ཀྱང་བཅོས་པའི་ལུང་གི་བརྒྱུད་པ་ནི། ཞེས་ལུང་རྒྱུན་ཡོད་པར་གསུངས་སོ།།
དེ་བཞིན་བསྟན་འགྱུར་རིན་པོ་ཆེའི་ལུང་རྒྱུན་བཞུགས་པ་རྣམས་ཕལ་ཆེར་ཞུས་པའི་མཚན་ཐོ་བརྒྱུད་རིམ་ལས[34]། སྣང་ཐང་ ༼ཅེ༽ ཅོ་ནེ་ ༼ཅེ༽ ལྷག་མ་དྲུག་ལ། འབྲིང་དུ་བསྟན་པ་ཚད་མ་རྣམ་པར་ངེས་པ་དང་། ཤིན་ཏུ་བསྡུས་པ་རིགས་པའི་ཐིགས་པ་རབ་ཏུ་བྱེད་པ་གཉིས་པཎྜི་ཏ་གཞན་ཕན་བཟང་པོ་དང་། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་ལ། གཏན་ཚིགས་ཐིགས་པའི་རབ་ཏུ་བྱེད་པ་པཎྜི་ཏ་ཛྙཱ་ན་ཝརྨ་དང་། ལོ་ཙཱ་བ་དཔལ་བརྩེགས་ཀྱི་འགྱུར། འབྲེལ་པ་བརྟག་པའི་རབ་ཏུ་བྱེད་པ། པཎྜི་ཏ་ཛྙཱ་ན་གརྦྷ་དང་། ལོ་ཙཱ་བ་བནྡེ་ནམ་མཁའི་འགྱུར། པཎྜི་ཏ་རབ་འབྱོར་ཞི་བ་དང་། ལོ་ཙཱ་བ་ཏིང་ངེ་འཛིན་བཟང་པོས་བཅོས་པ། རྩོད་པའི་རིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། རྒྱུད་གཞན་སྒྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་གཉིས་པཎྜི་ཏ་བི་ཤུདྡྷ་སིངྷ་དང་། ལོ་ཙཱ་བ་དཔལ་བརྩེགས་ཀྱི་འགྱུར་རྣམས་ཏེ་དྲུག་ལས་རྟགས་མེད་གསུམ་གྱི་བརྒྱུད་པ་ནི། ཞེས་ལུང་རྒྱུན་ཡོད་པར་གསལ་ལོ།། །།
༡༡༽ སློབ་དཔོན་སེངྒེ་བཟང་པོ།
དེ་ཡང་བསྟན་འགྱུར་རིན་པོ་ཆེའི་ལུང་རྒྱུན་བཞུགས་པ་རྣམས་ཕལ་ཆེར་ཞུས་པའི་མཚན་ཐོ་བརྒྱུད་རིམ་ལས[35]། སྦས་དོན་མངོན་པར་རྟོགས་པའི་དོན་ཕྱིན་ཅི་མ་ལོག་པར་གསལ་བར་སྟོན་པའི་བསྟན་བཅོས་མངོན་རྟོགས་རྒྱན་གྱི་འགྲེལ་པ་དོན་གསལ་ཞེས་བྱ་བ། སློབ་དཔོན་སེངྒེ་བཟང་པོས་མཛད་པའི་ལུང་གི་བརྒྱུད་པ་ནི། སློབ་དཔོན་སྔ་མའི་མན་ངག་གི་རྒྱུན་རྣམ་སྣང་མཛད་ཡན་ཆད་མངོན་རྟོགས་རྒྱན་དང་འདྲ། དེ་ནས་སློབ་དཔོན་སེངྒེ་བཟང་པོ། ཀུ་སཱ་ལི་ཆེ་ཆུང་གཉིས་སོགས་བྱུང་བ་ལྟར་ལུང་རྒྱུན་ཡོད་པར་གསལ་ལོ།། །།
༡༢༽ སློབ་དཔོན་ཡོན་ཏན་འོད།
དེ་ཡང་བསྟན་འགྱུར་རིན་པོ་ཆེའི་ལུང་རྒྱུན་བཞུགས་པ་རྣམས་ཕལ་ཆེར་ཞུས་པའི་མཚན་ཐོ་བརྒྱུད་རིམ་ལས[36]། སྣར་ཐང་ ༼ཟུ༽ ཅོ་ནེ་ ༼ཝུ༽ སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་རྩ་བའི་ལུང་དང་བཤད་པའི་ལུང་ཐམས་ཅད་ཀྱི་དགོངས་འགྲེལ་མཚན་ཉིད་གཏན་ལ་འབེབས་པར་བྱེད་པ་འདུལ་བ་མདོ་རྩ་བ། ཤླཽ་ཀ་ཉིས་སྟོང་བདུན་བརྒྱ་བམ་པོ་དགུ་པ། པཎྜི་ཏ་ཛི་ན་མི་ཏྲ་དང་། ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱི་བརྒྱུད་པ་ནི། ཞེས་ལུང་རྒྱུན་ཡོད་པར་གསུངས་སོ།། །།
༡༣༽ སློབ་དཔོན་ཤཱཀྱ་འོད།
བསྟན་འགྱུར་རིན་པོ་ཆེའི་ལུང་རྒྱུན་བཞུགས་པ་རྣམས་ཕལ་ཆེར་ཞུས་པའི་མཚན་ཐོ་བརྒྱུད་རིམ་ལས[37]། སྣར་ཐང་ ༼ཟུ༽ ཅོ་ནེ་ ༼ཝུ༽ སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པའི་དགེ་ཚུལ་གྱི་འདུལ་བའི་ཚིག་ལེའུར་བྱས་པ་སུམ་བརྒྱ་པ་ཞེས་བྱ་བ་དང་། དེའི་རང་འགྲེལ་འོད་ལྡན་ཞེས་བྱ་བ་བམ་པོ་བརྒྱད་པ་གཉིས། པཎྜི་ཏ་སརྦ་ཛྙཱ་དེ་ཝ་དང་། ལོ་ཙཱ་བ་རྩངས་དེ་ཝེནྡྲ་རཀྵི་ཏས་བསྒྱུར་བ་ལས་སུམ་བརྒྱ་པའི་ལུང་གི་བརྒྱུད་པ་ནི། ཞེས་ལུང་རྒྱུན་ཡོད་པར་གསུངས་སོ།། །།
༡༤༽ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ
བསྟན་འགྱུར་རིན་པོ་ཆེའི་ལུང་རྒྱུན་བཞུགས་པ་རྣམས་ཕལ་ཆེར་ཞུས་པའི་མཚན་ཐོ་བརྒྱུད་རིམ་ལས[38]། སྣར་ཐང་ ༼གི༽ ཅོ་ནེ་ ༼ངི༽ ཇོ་བོའི་ཆོས་ཆུང་བརྒྱ་རྩའི་ནང་འགྱུར་འདི་ལ་གཞི་བྱས། འགྱུར་བདུན་ཙམ་ལས་གང་བཟང་བ་བསྡུས་པ་ཡོད་པ་ལུང་བརྒྱུད་ཀྱང་བརྒྱ་རྩ་དེ་དང་འདྲའོ། །རྗེ་ཐམས་ཅད་མཁྱེན་པས་ཇོ་བོའི་ཆོས་ཆུང་གསན་པའི་བརྒྱུད་པ་ལྟར་ན། ཇོ་བོ་རྗེ། འབྲོམ་སྟོན་པ། པོ་ཏ་བ། ཤ་ར་བ། སྟབས་ཀ་པ། ཞང་སྟོན་པ། དགོན་ཆེན་པོ་བ། ཀུན་སྟོན། རྨ་སྟོན། ཤེས་རབ་རྡོ་རྗེ། དཀོན་མཆོག་རྒྱལ་མཚན། བདེ་བ་ཅན་པའི་བླ་མ་འཇམ་དཔལ་རིན་ཆེན། དེ་ལ་རྗེ་རིན་པོ་ཆེས་གསན་ནོ། །ཞེས་ལུང་རྒྱུན་ཡོད་པར་གསུངས་སོ།།
དེ་བཞིན་བསྟན་འགྱུར་རིན་པོ་ཆེའི་ལུང་རྒྱུན་བཞུགས་པ་རྣམས་ཕལ་ཆེར་ཞུས་པའི་མཚན་ཐོ་བརྒྱུད་རིམ་ལས[39]། སྣར་ཐང་ ༼འུ༽ ཅོ་ནེ་ ༼གུ༽ དཔལ་མཉམ་མེད་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའི་ཐུགས་དམ་མཛད་པའི་ཆོས་ཆུང་བརྒྱ་རྩར་གྲགས་པ་ལ། ༡ བྱང་ཆུབ་ལམ་གྱི་སྒྲོན་མ་རྒྱ་གར་གྱི་པཎྜི་ཏ་དཱི་པཾ་ཀ་དང་བོད་ཀྱི་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་འགྱུར། ༢ སྤྱོད་པ་བསྡུས་པའི་སྒྲོན་མ་ཇོ་བོས་ནེ་པཱ་ལའི་ཡུལ་དུ་གྲོགས་པོའི་དོན་དུ་མཛད་པ། པཎྜི་ཏ་དེ་ཉིད་དང་ནག་ཚོ་ལོ་ཙཱ་བའི་འགྱུར། བདེན་པ་གཉིས་ལ་འཇུག་པ་གསེར་གླིང་རྒྱལ་པོས་དགེ་སློང་དེ་ཝ་མ་ཏི་བཏང་བའི་ངོར་ཇོ་བོས་མཛད་པ་པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་རྒྱ་བརྩོན་སེངྒེའི་འགྱུར། ༣ དབུ་མའི་མན་ངག་ཇོ་བོ་དང་ནག་འཚོའི་འགྱུར། ༤ སྙིང་པོ་བསྡུ་བ་ཇོ་བོ་དང་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས་དེ་ཝ་རྩེའི་འགྱུར། ༥ སྙིང་པོ་ངེས་པར་བསྡུ་བ་ཇོ་བོས་སྙེ་ཐང་དུ་མཛད་པ་པཎྜི་ཏ་དེ་ཉིད་དང་ནག་འཚོའི་འགྱུར། ༦ བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ། (ཆོས་རྗེ་དཔའ་བོའི་གསན་ཡིག་ན་འདི་བཀའ་གདམས་ཀྱི་རྩ་བ་ཡིན་པས་འབྲོམ་གྱིས་གསུངས་པའི་ཕྱོགས་མཛད་པ་ནི་ཅུང་ཟད་མ་དགོངས་པར་མངོན་ཏེ་ཕ་འབྲོམ་སྟོན་གྱིས་ཞུས་ནས་ཇོ་བོས་གསུངས་པ་ལ་ཕ་ཆོས་དང་། ཁུ་རྔོག་གིས་ཞུས་ནས་གསུངས་པར་བུ་ཆོས་ཞེས་གྲགས་པས་སོ།།) ཇོ་བོ་ཉིད་ཀྱིས་སྒྲ་རང་བསྒྱུར་དུ་མཛད་པ། ༧ བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་གདམས་ངག་ཏུ་བྱས་པ་འགྱུར་བྱང་མི་གསལ་བ། ༨ འཁོར་བ་ལས་ཡིད་ངེས་པར་འབྱུང་བར་བྱེད་པ་ཞེས་བྱ་བའི་གླུ་ཇོ་བོ་དང་ལོ་ཙཱ་བ་རྒྱ་བརྩོན་སེང་གིས་བསྒྱུར་བ་ལ་སླར་ཡང་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་འགྱུར་བཅོས་མཛད་པ། ཞེས་པ་ནས་ ༡༠༢ པ། ཇོ་བོ་ཆེན་པོ་ཨ་ཏི་ཤས་རྒྱལ་པོ་ནིར་ཡ་ཕ་ལ་ལ་བརྫངས་པའི་དྲི་མ་མེད་པའི་འཕྲིན་ཡིག་སྟེ་ (འདི་དང་བྱང་ཆུབ་སེམས་དཔའ་ནོར་བུའི་ཕྲེང་བ་གཉིས་ཕལ་ཆེར་གཅིག་པས་དཔེ་སྣ་ཟུར་དུ་མི་འདྲེན་ཞེས་ཆོས་རྗེ་དཔའ་བོ་གསུངས་ཀྱང་། ཤླཽ་ཀ་གསུམ་བཞི་ཙམ་གྱི་བར་ཞུས་དག་ཕེར་བ་ལ་བར་བར་དུ་མི་ཕེར་བ། རང་སྐྱོན་རྟོག་ལ་མིག་བཞིན་བྱ། །གཞན་སྐྱོན་རྟོག་ལ་ལོང་བ་བཞིན། །ཞེས་དང་། ཚེ་འདི་འབའ་ཞིག་དྲན་པ་དང་། །གཞན་ལ་དད་པ་ཆུང་བ་དང་། །ཞག་གསུམ་འདས་པར་གནས་མི་བྱ། །ཞེས་དང་། མཆོད་པ་བདུན་དུ་རབ་གྲགས་པའི། །ཕུང་པོ་གསུམ་པ་གདོན་པར་མཛོད། །ཅེས་པས་མཚོན་པའི་ནོར་བུའི་ཕྲེང་བར་མེད་པའི་ཚིག་ཤིན་ཏུ་མང་བས་དཔེ་ལུང་གཉིས་ཀ་ཟུར་དུ་ངེས་པར་དགོས། ཕྱོགས་འདྲ་ཙམ་གྱིས་ཆོག་ན་ཤེར་ཕྱོགས་ཀྱི་མདོ་སྡེ་ཡང་ལ་ལ་དོར་རུང་བར་སེམས་སོ།།) ཉིད་དང་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར་ ༡༠༣ རྣམས་སོ། །དེ་ལྟར་ཆོས་ཚན་བརྒྱ་དང་གསུམ་གྱི་ལུང་ལེགས་པར་ནོས་པའི་བརྒྱུད་པ་ནི། ཞེས་ཇོ་བོའི་ཆོས་ཆུང་བརྒྱ་རྩར་ལུང་བརྒྱུད་ཡོད་པར་གསུངས་སོ།།
གཞན་ཡང་བསྟན་འགྱུར་ཐོར་བུའི་དཀར་ཆག་བརྒྱུད་རིམ་ལས[40]། སྣར་ཐང་ ༼འུ༽ ཅོ་ནེ་ ༼འུ༽ ཤིན་ཏུ་མྱུར་བའི་བགེགས་ཀྱི་རྒྱལ་པོའི་སྒྲུབ་ཐབས་དཱི་པཾ་རས་མཛད་པ། འདིའི་ལུང་རྒྱུན་བཞུགས་པར་གསལ་ལ། དེ་བཞིན་བསྟན་འགྱུར་ཐོར་བུའི་དཀར་ཆག་བརྒྱུད་རིམ་ལས[41]། དཱི་པཾ་ཀ་རའི་ཤིན་ཏུ་མྱུར་བའི་བགེགས་ཀྱི་རྒྱལ་པོའི་སྒྲུབ་ཐབས། ཇོ་བོ་རྗེའི་ཚོགས་བདག་གསང་སྒྲུབ་བཅས་ཀྱི་ལུང་རྒྱུན་བཞུགས་པར་གསལ་ལ། དེ་བཞིན་བསྟན་འགྱུར་ཐོར་བུའི་དཀར་ཆག་བརྒྱུད་རིམ་ལས[42]། ཇོ་བོ་རྗེས་མཛད་པའི་རིགས་(ཀྱི་)པའི་སྨོན་ལམ་གྱི་ལུང་བརྒྱུད་ནི། ཞེས་འདིའི་ལུང་རྒྱུན་ཡང་བཞུགས་པར་གསལ་ལོ།།
གོང་གསལ་བསྟན་འགྱུར་རིན་པོ་ཆེའི་ལུང་རྒྱུན་བཞུགས་པ་རྣམས་ཕལ་ཆེར་ཞུས་པའི་མཚན་ཐོ་བརྒྱུད་རིམ་དང་། བསྟན་འགྱུར་ཐོར་བུའི་དཀར་ཆག་བརྒྱུད་རིམ་གཉིས་[43]སུ་པཎ་གྲུབ་བཅུ་བདུན་ལས་སློབ་དཔོན་ལེགས་ལྡན་འབྱེད་དང་། མཁས་མཆོག་དབྱིག་གཉེན། འཕགས་པ་གྲོལ་སྡེ་གསུམ་གྱི་བསྟན་བཅོས་ཀྱི་ལུང་བརྒྱུད་བཞུགས་པ་མི་གསལ་བ་བཅས་སོ།། །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བློ་བཟང་བཟོད་པ་རྒྱ་མཚོས་རྡོ་རྗེ་འཛིན་པ་རྡོ་རྗེ་སློབ་དཔོན་རིན་པོ་ཆེ་ཚེ་རིང་དཀོན་མཆོག་རྡོ་རྗེ་དཔལ་བཟང་པོའི་དྲུང་ནས་གསན་བཞེས་མཛད་པའི་གསན་ཡིག་སྟེ། བསྟན་འགྱུར་རིན་པོ་ཆེའི་ལུང་རྒྱུན་བཞུགས་པ་རྣམས་ཕལ་ཆེར་ཞུས་པའི་མཚན་ཐོ་བརྒྱུད་རིམ་ཞེས་པ་ལས་པཎ་གྲུབ་བཅུ་བདུན་གྱི་ལུང་བརྒྱུད་ཇི་བཞུགས་ཟུར་འདོན་ཞུས་པའོ།།
[2] བསྟན་འགྱུར་གྱི་ལུང་རྒྱུན་མཚན་ཐོ་བརྒྱུད་རིམ། ༼དུ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༡བ༤
[3] བསྟན་འགྱུར་གྱི་ལུང་རྒྱུན་མཚན་ཐོ་བརྒྱུད་རིམ། ༼དུ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༣ན༤
[4] བསྟན་འགྱུར་གྱི་ལུང་རྒྱུན་མཚན་ཐོ་བརྒྱུད་རིམ། ༼དུ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༨ན༥
[5] བསྟན་འགྱུར་གྱི་ལུང་རྒྱུན་མཚན་ཐོ་བརྒྱུད་རིམ། ༼དུ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༡༢བ༦
[6] བསྟན་འགྱུར་གྱི་ལུང་རྒྱུན་མཚན་ཐོ་བརྒྱུད་རིམ། ༼དུ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༢༣བ༦
[7] བསྟན་འགྱུར་གྱི་ལུང་རྒྱུན་མཚན་ཐོ་བརྒྱུད་རིམ། ༼དུ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༣༦ན༤
[8] བསྟན་འགྱུར་གྱི་ལུང་རྒྱུན་མཚན་ཐོ་བརྒྱུད་རིམ། ༼དུ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༣༨ན༥
[9] བསྟན་འགྱུར་གྱི་ལུང་རྒྱུན་མཚན་ཐོ་བརྒྱུད་རིམ། ༼དུ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༣༩ན༥
[10] བསྟན་འགྱུར་གྱི་ལུང་རྒྱུན་མཚན་ཐོ་བརྒྱུད་རིམ། ༼དུ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༥༠བ༤
[11] བསྟན་འགྱུར་གྱི་ལུང་རྒྱུན་མཚན་ཐོ་བརྒྱུད་རིམ། ༼དུ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༥༣ན༤
[12] བསྟན་འགྱུར་གྱི་ལུང་རྒྱུན་མཚན་ཐོ་བརྒྱུད་རིམ། ༼དུ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༢༨ན༡
[13] དེ་ཉིད་ལས། ལྷ་བཙུན་རིན་པོ་ཆེ་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ (1792-1855) ཞེས་སྙན་པའི་བ་དན་ཕྱོགས་བརྒྱར་གཡོ་བ་དེ་ཉིད་ཐུགས་འགྲུས་ཆེན་པོས་དབུས་གཙང་མདོ་ཁམས་ཆེན་པོ་ཧོར་གྱི་ཡུལ་གྲུ་སོགས་སུ་ཞབས་ཀྱིས་བཅགས་ཤིང་། རིས་མེད་ཀྱི་མཁས་གྲུབ་དམ་པའི་སྐྱེས་མཆོག་དུ་མའི་ཞབས་ལ་གཏུགས་ཏེ། ལུང་ཁྲིད་དབང་རྗེས་གནང་བརྒྱུད་པ་ཁུངས་བཙུན་ཡིད་རྟོན་ཐུབ་པ་ཇི་སྙེད་ཅིག་བཞུགས་པ་ལས། ཐུབ་གསུང་དགོངས་འགྲེལ་གྱི་བསྟན་བཅོས་འགྱུར་རོ་ཅོག་གི་ནང་ཚན་གྱི་གཞུང་ཕྲན་ལུང་རྒྱུན་ཆེས་ཉག་ཕྲ་བར་སོང་བ་དུ་མ་ཆེད་གཉེར་གྱིས་གསན་ཏེ། ཕྱོགས་གཅིག་ཏུ་བསྒྲིགས་པ་བསྟན་འགྱུར་ཐོར་བུར་གྲགས་པ་འདི་ཉིད་ཀྱི་དཀར་ཆག་བརྒྱུད་རིམ་འགོད་པ་ལ། ཞེས་བྱུང་བ་ལྟར་རོ།།
[14] བསྟན་འགྱུར་ཐོར་བུའི་དཀར་ཆག་བརྒྱུད་རིམ། ཤིང་དཔར་དཔེ་རིང་། ཤོག་གྲངས་ ༣བ༦
[15] བསྟན་འགྱུར་ཐོར་བུའི་དཀར་ཆག་བརྒྱུད་རིམ། ཤིང་དཔར་དཔེ་རིང་། ཤོག་གྲངས་ ༡༨ན༦
[16] བསྟན་འགྱུར་ཐོར་བུའི་དཀར་ཆག་བརྒྱུད་རིམ། ཤིང་དཔར་དཔེ་རིང་། ཤོག་གྲངས་ ༤བ༥
[17] བསྟན་འགྱུར་ཐོར་བུའི་དཀར་ཆག་བརྒྱུད་རིམ། ཤིང་དཔར་དཔེ་རིང་། ཤོག་གྲངས་ ༤བ༥
[18] བསྟན་འགྱུར་ཐོར་བུའི་དཀར་ཆག་བརྒྱུད་རིམ། ཤིང་དཔར་དཔེ་རིང་། ཤོག་གྲངས་ ༦ན༥
[19] བསྟན་འགྱུར་ཐོར་བུའི་དཀར་ཆག་བརྒྱུད་རིམ། ཤིང་དཔར་དཔེ་རིང་། ཤོག་གྲངས་ ༢༥བ༢
[20] བསྟན་འགྱུར་ཐོར་བུའི་དཀར་ཆག་བརྒྱུད་རིམ། ཤིང་དཔར་དཔེ་རིང་། ཤོག་གྲངས་ ༣༡ན༣
[21] བསྟན་འགྱུར་གྱི་ལུང་རྒྱུན་མཚན་ཐོ་བརྒྱུད་རིམ། ༼དུ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༡༠ན༦
[22] བསྟན་འགྱུར་གྱི་ལུང་རྒྱུན་མཚན་ཐོ་བརྒྱུད་རིམ། ༼དུ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༩བ༥
[23] བསྟན་འགྱུར་གྱི་ལུང་རྒྱུན་མཚན་ཐོ་བརྒྱུད་རིམ། ༼དུ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༣༦ན༡
[24] བསྟན་འགྱུར་ཐོར་བུའི་དཀར་ཆག་བརྒྱུད་རིམ། ཤིང་དཔར་དཔེ་རིང་། ཤོག་གྲངས་ ༤བ༢
[25] བསྟན་འགྱུར་གྱི་ལུང་རྒྱུན་མཚན་ཐོ་བརྒྱུད་རིམ། ༼དུ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༡༥ན༣
[26] བསྟན་འགྱུར་གྱི་ལུང་རྒྱུན་མཚན་ཐོ་བརྒྱུད་རིམ། ༼དུ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༡༦ན༣
[27] བསྟན་འགྱུར་གྱི་ལུང་རྒྱུན་མཚན་ཐོ་བརྒྱུད་རིམ། ༼དུ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༡༧ན༦
[28] བསྟན་འགྱུར་ཐོར་བུའི་དཀར་ཆག་བརྒྱུད་རིམ། ཤིང་དཔར་དཔེ་རིང་། ཤོག་གྲངས་ ༢༡ན༤
[29] བསྟན་འགྱུར་གྱི་ལུང་རྒྱུན་མཚན་ཐོ་བརྒྱུད་རིམ། ༼དུ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༡༣བ༡
[30] བསྟན་འགྱུར་གྱི་ལུང་རྒྱུན་མཚན་ཐོ་བརྒྱུད་རིམ། ༼དུ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༡༤ན༦
[31] བསྟན་འགྱུར་གྱི་ལུང་རྒྱུན་མཚན་ཐོ་བརྒྱུད་རིམ། ༼དུ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༢༥ན༦
[32] བསྟན་འགྱུར་གྱི་ལུང་རྒྱུན་མཚན་ཐོ་བརྒྱུད་རིམ། ༼དུ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༢༦ན༤
[33] བསྟན་འགྱུར་གྱི་ལུང་རྒྱུན་མཚན་ཐོ་བརྒྱུད་རིམ། ༼དུ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༢༦བ༡
[34] བསྟན་འགྱུར་གྱི་ལུང་རྒྱུན་མཚན་ཐོ་བརྒྱུད་རིམ། ༼དུ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༢༧ན༤
[35] བསྟན་འགྱུར་གྱི་ལུང་རྒྱུན་མཚན་ཐོ་བརྒྱུད་རིམ། ༼དུ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༧ན༥
[36] བསྟན་འགྱུར་གྱི་ལུང་རྒྱུན་མཚན་ཐོ་བརྒྱུད་རིམ། ༼དུ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༢༠ན༥
[37] བསྟན་འགྱུར་གྱི་ལུང་རྒྱུན་མཚན་ཐོ་བརྒྱུད་རིམ། ༼དུ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༢༣ན༢
[38] བསྟན་འགྱུར་གྱི་ལུང་རྒྱུན་མཚན་ཐོ་བརྒྱུད་རིམ། ༼དུ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༣༩ན༣
[39] བསྟན་འགྱུར་གྱི་ལུང་རྒྱུན་མཚན་ཐོ་བརྒྱུད་རིམ། ༼དུ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༤༢ན༡
[40] བསྟན་འགྱུར་ཐོར་བུའི་དཀར་ཆག་བརྒྱུད་རིམ། ཤིང་དཔར་དཔེ་རིང་། ཤོག་གྲངས་ ༦ན༢
[41] བསྟན་འགྱུར་ཐོར་བུའི་དཀར་ཆག་བརྒྱུད་རིམ། ཤིང་དཔར་དཔེ་རིང་། ཤོག་གྲངས་ ༢༨ན༦
[42] བསྟན་འགྱུར་ཐོར་བུའི་དཀར་ཆག་བརྒྱུད་རིམ། ཤིང་དཔར་དཔེ་རིང་། ཤོག་གྲངས་ ༣༡ན༦
[43] གོང་གསལ་དཔྱད་གཞི་གཉིས་པོ་སླེ་ལུང་རིན་པོ་ཆེར་སོག་ཡུལ་དཔེ་མཛོད་ནས་ཐོབ་པ་ལྟར་མཁོ་འདོན་གནང་།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༩༥ ནས་ ༣༡༢ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།