ཆ༽ ཕྱོགས་གླང་གི་གསུང་གི་མ་དཔེ་མ་རྙེད་པའམ་རྩ་བརླག་སོང་བ།

ཆ༽ མ་དཔེ་མ་རྙེད་པའམ་རྩ་བརླག་སོང་བ།

 

དེ་ཡང་ཚད་མའི་རྒྱན་གྱུར་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་བསྟན་བཅོས་ཀྱི་ཁྲོད་ནས་བོད་བསྒྱུར་མ་གནང་བའམ། བོད་བསྒྱུར་གནང་ཟིན་ནའང་བསྟན་འགྱུར་དུ་མ་འཁོད་པའམ། མ་དཔེ་མ་རྙེད་པ། ཡང་ན་མ་དཔེ་གཏན་བརླག་སོང་ཟིན་པ་རྣམས་ནི།

༡༽ གཏན་ཚིགས་ཀྱི་སྒོ། འདིའི་ལུང་ཚད་ཆེན་དཀའ་འགྲེལ་དུ་དྲངས་འདུག ། (༡༠༩༦ ཤོག་ ༤༡༧།) འདི་རྒྱ་ལོ་ཨིཏ་སིང་གི་ལོ་རྒྱུས་དང་། དེར་བསྡུས་པའི་ཕྱོགས་གླང་གི་བསྟན་བཅོས་བརྒྱད་ཀྱི་མིང་ཐོར་ཡང་འཁོད་ཡོད།

༢༽ སྤྱི་མཚན་བརྟག་པ། སློབ་དཔོན་ཀ་ནི་གོ་མིས་མཛད་པའི་རྣམ་འགྲེལ་རང་འགྲེལ་གྱི་འགྲེལ་བཤད་ (རྣམ། རང་། ཤོག་ ༣༣༡ ལེའུ། ༡) དུ་འདི་ནས་ལུང་དྲངས་འདུག །རྒྱའི་བསྟན་འགྱུར་ནང་དུའང་བཞུགས། འདི་ཡོད་པ་རྒྱལ་བ་པའི་གཞུང་དུའང་བཤད།

༣༽ རིགས་པ་བརྟག་པ། འདི་ཡོད་པ། ཚད་ཀུན། རང་། ཤོག་ ༨༥ ཚད་མ། ༼ཅེ༽ སྡེ། ལ་བཤད་ཅིང་། ཞི་འཚོས་མཛད་པ་རྩོད་རིག་གི་འགྲེལ་པ་ཤོག་ ༢༣༥ པར་བཤད། གོང་གསལ་དེ་དག་ལས་གཞན་པའི་སློབ་དཔོན་ཕྱོགས་གླང་གི་གཞུང་ཞིག་རྒྱ་སྐད་དུ་ཡོད་པ་འདི་རྒྱའི་བསྟན་འགྱུར་ནང་བཞུགས་ཀྱང་དེའི་དབུར་ལེགས་སྦྱར་གྱི་མིང་མེད་པས་མ་གོ །འདི་ཡོད་པ། སྡེ་བསྟན། ཚད་མ། ༼ཅེ༽ ཚད་ཀུན། རང་། ཤོག་ ༨༥ གསལ་ཡོད།

༤༽ རྐང་མིག་གི་རིགས་པ་བརྟག་པ། བསྟན་བཅོས་འདི་གཉིས་རིགས་པ་བརྟག་པའི་ཡན་ལག་ཡིན་ནམ་དཔྱད། ༥༽ རྩོད་པའི་རབ་བྱེད། འདི་ཡོད་པ་རྣམ་བཤད་ཐར་ལམ་གསལ་བྱེད་སོགས་ཀུན་ལ་གྲགས་ཆེ། འོན་ཀྱང་གཞུང་དེ་དང་དེར་འདིའི་ལུང་འདྲེན་ཚེ། རླུང་གི་རབ་བྱེད་ལས། ཞེས་མཚན་སྨོས་ཏེ་དྲངས་ཡོད། དེ་ནི་ཝཱད་དང་། ཝཱཏ་ཞེས་པའི་སྒྲ་གཉིས་ནོར་བའི་སྐྱོན་ཏེ། འདིའི་ལེགས་སྦྱར་དུ་ཝཱདཔྲ་ཀར་ཎ་ཞེས་པ་ཡོད་ལ། བོད་སྐད་དུ་བསྒྱུར་ན། རྩོད་པའི་རབ་བྱེད་ཅེས་པ་ཡིན་པས། ལོ་ཙཱ་བ་ཐུགས་མཉམ་པར་མ་བཞག་པའི་གཏམ་གྱི་རྗེས་སུ་འབྲང་བ་ཙམ་མོ།།

༦༽ སྤྱོད་པའི་སྨོན་ལམ་གྱི་ (སྤྱི་) དོན། འདི་སྡེ་དགེ་དང་། ཉི་ཧོང་པར་དུ་བཞུགས།[1] ཞེས་འཁོད་ནའང་། བསྟན་འགྱུར་དཔེ་བསྡུར་མ་དང་། སྡེ་བསྟན་དཀར་ཆག་ཏུ་མི་གསལ་ཞིང་མ་རྙེད་པས་མ་འོངས་པར་རྙེད་སོན་བྱུང་མཚམས་ཞལ་སྐོང་ཞུ་དགོས་སོ།།

༧༽ ཕྱོགས་ཀྱི་གླང་པོས་དབྱིག་གཉེན་གྱི། །བསྟན་བཅོས་བཱ་ད་བི་དྷཱ་ནར། །ཊཱི་ཀཱ་ཞིག་ཀྱང་མཛད་པར་གྲགས། །རྩོད་སྒྲུབ་ལའང་མཛད་པར་སྲིད། །མཛད་པ་འདིས་རྐྱེན་ཕྱོགས་གླང་གིས། །གྲངས་ཅན་རིགས་པ་ཅན་པ་དང་། །བྱེ་བྲག་པ་ཡི་ལྟ་བ་རྣམས། །བརྟག་པའི་བསྟན་བཅོས་མཛད་པར་བཤད། །སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་གྲངས་ཅན་པའི་ལྟ་བ་བརྟག་པའི་བསྟན་བཅོས་ཤིག་ཀྱང་ཡོད་པར་གྲགས་ལ། བསྟན་བཅོས་དེ་ནི་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་དོན་དམ་བདུན་ཅུ་པར་འབིགས་བྱེད་གནས་ཞེས་བྱ་བའི་གྲངས་ཅན་པའི་མཁས་པ་དག་གི་འདོད་པ་དགག་པའི་ཡིག་ཆ་ལ་བརྟེན་ནས་མཛད་པའང་སྲིད་པར་འདོད། བསྟན་བཅོས་འདི་ཉིད་ཀྱི་མ་ཡིག་ཀྱང་མ་རྙེད་དོ།།

གོང་གསལ་འདི་དག་ནི། སློབ་དཔོན་ཕྱོགས་གླང་གི་བསྟན་བཅོས་ད་ལྟ་སྣར་སྡེ་ཉི་དཔར་མ་སྟེ། གསུང་རབ་ཀྱི་དཔར་ཕྱི་མ་རྣམས་སུ་བཞུགས་པ་རྣམས་དང་། གཞུང་གཞན་དང་གཞན་ལས་བྱུང་བའི་མཚན་ཐོ་རགས་རིམ་ཙམ་ཞིག་བཀོད་པ་ཡིན་ལ། དེ་ཡང་སྣར་ཐང་སྡེ་དགེ་ཉི་ཧོང་གསུམ་གྱི་བསྟན་འགྱུར་དུ་ད་ལྟ་དངོས་ཡོད་ལ་བཞུགས་པའི་བསྟན་བཅོས་གྲངས་ ༡༥ དང་། རྒྱ་ནག་གི་སྐད་ཁོ་ནར་བཞུགས་པ་གསུམ་དང་། ལྔ་ནི་ཚད་གཞུང་གཞན་དུ་ལུང་དྲངས་པའི་སྐབས་སུ་མཚན་ཙམ་བྱུང་བ་དེ་རྣམས་བཀོད་པ་ཡིན་ལ། དེ་དག་གི་ལུས་དང་བརྗོད་བྱ་སོགས་ཇི་ལྟར་ཡོད་ཚུལ་མ་ངེས་སོ།།

ད་ལྟ་བོད་དང་། བལ་ཡུལ་སོགས་སུ་བཞུགས་པའི་སྔོན་གྱི་བྲིས་མ་དཔེ་རྙིང་གི་དཔེ་མཛོད་རྣམས་སུ་སློབ་དཔོན་འདིའི་བསྟན་བཅོས་དང་། རྣམ་པར་ཐར་པ་སོགས་ཀྱི་སྐོར་མང་དུ་ཡོད་སྲིད་པས། བློ་ལྡན་ཤེས་བྱའི་གནས་ལ་སྤྲོ་བ་མི་དམན་པ་རྣམས་ལ་རེ་བ་དང་བཅས་ཏེ། ལྟ་བའི་མིག་རྡུལ་གྱིས་མ་ཁེབས་པ་ཞིག་མཛོད་ཅེས་སྨོན་ནོ།།[2]

མདོར་ན། སློབ་དཔོན་ཕྱོགས་གླང་གི་གསུང་བསྟན་འགྱུར་དུ་བཞུགས་པའི་བསྟན་བཅོས་གྲངས་ ༡༩ དང་། རྒྱའི་སྐད་ལས་བོད་བསྒྱུར་ཞུ་བསྡད་བསྟན་བཅོས་གྲངས་ ༣ བསྟན་བཅོས་ཀྱི་མ་ཡིག་མ་རྙེད་པ་གྲངས་ ༧ བཅས་བསྟན་བཅོས་ ༢༩ ལྗགས་རྩོམ་མཛད་ལས། འདིར་བོད་འགྱུར་བསྟན་བཅོས་གྲངས་ ༡༩ བཞུགས་པ་རྣམས་ཕྱོགས་བསྒྲིགས་ཞུས་ཡོད་པ་བཅས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] རིགས་པ་ལ་འཇུག་པའི་མདོ། ཝཱར་ཎ་ཆེས་མཐོའི་སློབ་ཁང་། ༡༩༨༣ ལོ། ཤོག་གྲངས་ ༨༣

[2] རིགས་པ་ལ་འཇུག་པའི་མདོ། ཝཱར་ཎ་ཆེས་མཐོའི་སློབ་ཁང་། ༡༩༨༣ ལོ། ཤོག་གྲངས་ ༨༤

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༨༡ ནས་ ༣༨༤ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *